༸གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༥ ཉིན་གུང་ཆུ་ཚོད་ ༡༢ མ་ཟིན་ཙལ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་ཀང་ར་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་རེད། 

དེ་ཡང་ཚེས་ ༢༧ ཉིན་མཁས་དབང་ཨེམ་ཨལ་སེན་ལྡེའི་རྗེས་དྲན་ཐེབས་རྩ་(The Professor M.L sondhi Memorial Trust) དང་། ཨེམ་ཨལ་སེན་ལྡེའི་ཨེ་ཤི་ཡ་ཞི་བདེའི་རྩ་དོན་ལྟེ་གནས་ཁང་ (The M.L sondhi Institute for Asia-pacific Affairs,) གཉིས་ཀྱིས་གདན་ཞུས་ལྟར་རྒྱ་གར་རྒྱལ་སྤྱིའི་ཚོགས་ཁང་ (India International Center) དུ་བྱམས་བརྩེ་དང་གོ་ལ་ཧྲིལ་པོའི་འགན་འཁུར་(Compassion & Global Responsibility) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་རྒྱུ་དང་།  བཀའ་སློབ་མ་སྩལ་སྔོན་དུ་མཁས་དབང་ཨེམ་ཨལ་སེན་ལྡེའི་ལྕམ་མཱ་རྡོ་རི་སཱན་ཏྲ་ནམ་སེན་ལྡེའི་( Mrs. Madhuri Santaman Sondhi) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༡༦ ལོའི་མཁས་དབང་ཨེམ་ཨལ་སེན་ལྡེའི་རྗེས་དྲན་གཟེངས་རྟགས་ (The  Professor M.L Sondhi Prize) འབུལ་རྒྱུ་ཡིན་པ་བཅས།།