འབུམ་སྡེ་ལར་༸ཞབས་སོར་བདེ་བར་འཁོད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྷོ་ཧ་ཊི་ནས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་ཕེབས་ལམ་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་ Bhairabkunda ཞེས་པའི་ས་གནས་སུ་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཞུང་གི་གསོལ་མགྲོན་ཁང་དུ་གདན་ཞུ་དང་སྦྲགས། ཡུན་ཙམ་རིང་སྐུའི་ངལ་གསོ་གནང་བ་དང་། དེ་ནས་བསྟན་འཛིན་སྒང་དུ་༸ཞབས་སོར་བདེ་བར་འཁོད་དེ་ཁུལ་དེར་ཡོད་པའི་རྒྱུད་སྟོད་གྲྭ་ཚང་དུ་ཉིན་གུང་ལྗགས་སྨིན་དང་། དེ་རྗེས་ས་གནས་བོད་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་བཙན་བྱོལ་བ་རྣམས་གཞན་ཡུལ་དུ་གྱར་ནས་ད་ཆ་མི་ལོ་ ༥༨ འགྲོ་བཞིན་ཡོད་ཀྱང་བོད་དབུས་ཕྱོགས་སུ་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད།  ཁམས་དང་ཨ་མདོའི་ཕྱོགས་སུ་ཕྲན་བུ་ལྷོད་པ་ཡོད།  འོན་ཀྱང་གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་ཧ་ལས་དགོས་པ་ཞིག་ཐོག་ནས་བོད་མིའི་ཐུན་མིན་རིག་གཞུང་དང་གོམས་གཤིས།  སྐད་ཡིག་སོགས་ལ་དང་དོད་ཆེ་བ་དང་།   སྤོབས་པ་དང་བཅས་རང་མི་རིགས་ཀྱི་ངོ་བོ་དེ་དག་མུ་མཐུད་ནས་སྲུང་སྐྱོབ་བྱེད་བཞིན་ཡོད།  དངོས་གནས་རང་རྗེས་སུ་ཡི་རང་བསྔགས་བརྗོད་ཞུ་དགོས་པ་རེད།  དེ་ལྟ་བུའི་བོད་མི་ཚོས་སྤོབས་སེམས་ལྡན་པའི་ཐོག་ནས་རང་གི་ཐུན་མིན་རིག་གཞུང་སྤྱི་དང་ལྷག་པར་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པའི་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་སྲོལ་བཟང་དེ་བཙན་བྱོལ་བོད་མིའི་དགོན་སྡེ་གྲྭ་ཚང་ཁག་ཏུ་མུ་མཐུད་ནས་བདག་པོ་བརྒྱབ་ནས་ཡོད།

སྤྱིར་བཙན་བྱོལ་བའི་གནས་སྟངས་དེ་སེམས་སྐྱོ་པོ་ཞིག་རེད།  འོན་ཀྱང་གནས་སྟངས་དེའི་འོག་ནས་ཉམས་མྱོང་དང་མཐོང་རྒྱ་ཆེ་རུ་འགྲོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཆགས་ཡོད་སྟབས།  བྱེས་འབྱོར་བོད་མི་རྣམས་འབྱུང་འགྱུར་རང་དབང་ཉིན་མ་འཆར་ནས་བོད་དུ་ཕྱིར་ལོག་རྗེས་ཕྱིའི་གནས་སྟངས་མང་པོ་ཞིག་རྟོགས་ནས་ཕྲན་བུ་མཐོང་རྒྱ་ཐོས་རྒྱ་ཆེ་བ་ཞིག་ཏན་ཏན་ཡོང་ཐུབ་རྒྱུ་རེད། 

སྤྱིར་བཙན་བྱོལ་བའི་གནས་སྟངས་དེ་སེམས་སྐྱོ་པོ་ཞིག་ཡིན་ནའང་གནས་སྟངས་དེའི་འོག་ནས་ཉམས་མྱོང་དང་མཐོང་རྒྱ་ཆེ་རུ་འགྲོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཆགས་ཡོད་སྟབས།  བྱེས་འབྱོར་བ་རྣམས་འབྱུར་རང་དབང་ཉིན་མ་འཆར་ནས་བོད་དུ་ཕྱིར་ལོག་རྗེས་ཕྱིའི་གནས་སྟངས་མང་པོ་ཞིག་རྟོགས་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ།

དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་རིན་པོ་ཆེའི་དགོན་པ་ཐུབ་མཆོག་དགའ་ཚལ་གླིང་དུ་༸ཞབས་སོར་བདེ་བར་འཁོད།

སྐབས་དེར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Pema Khandu པདྨ་མཁའ་འགྲོ་མཆོག་དང་།  ནུབ་ཀ་མེངྒ་West Kamengརྫོང་དཔོན་ལྕམ་སྐུ་སོ་ནལ་སྭ་རུབ་ Sonal Swaroop མཆོག  ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལའི་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇབ་པུ་དེ་རུ་མཆོག Japu Deru  མཆོག  ཨ་རུ་ནཱ་ཅལ་མངའ་སྡེའི་སྡི་རང་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕུར་པ་ཚེ་རིང་ Phurpa Tsering མཆོག དེ་བཞིན་གྲོས་ཚོགས་འཐུས་མི་གཞན་གཅིག་བཅས་ཁྱོན་མངའ་སྡེའི་གྲོས་ཚོགས་འཐུས་མི་གསུམ་དང་།

ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་འགན་འཛིན་འཇམ་དཔལ་དབང་འདུས་མཆོག   ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ Chief Secretary མཆོག    བསྟན་སྒང་གཞིས་ཆགས་དང་།  ཁ་ཐོར་བོད་མི་གནས་སྡོད་འབུམ་ལ་དང་རྟ་དབང་བཅས་གཅིག་ལྕོགས་ཀྱི་ས་གནས་འགོ་འཛིན་གཡང་སྒྲུབ་ལགས།  རྟ་དབང་དགོན་པའི་མཁན་པོ་གངས་དཀར་སྤྲུལ་སྐུ་རིན་པོ་ཆེ་མཆོག  ཁིར་མེ་རིན་པོ་ཆེ་མཆོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག R K Khrimey དེ་བཞིན་དགོན་སྡེ་ཁག་གཅིག་གི་བླ་སྤྲུལ་དང་ཕྱག་མཛོད་རྣམ་པ། གཞན་ཡང་བསྟན་སྒང་དང་འབུམ་སྡེ་ལ་ས་གནས་བོད་མི་དང་མོན་པ། དེ་བཞིན་ཉེ་འཁོར་གྱི་ས་གནས་རུ་པ་དང་ཏེང་ག  རྟ་དབང་།  སྦིར་པུར། ཀརྨ་གླང་ཆེན། མོར་ཤིང་།  སྡུམ་ཀོ། ཀཀ་ལིངྒ་སོགས་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་མཛད་འཆར་ལྟར་ན་སང་ཉིན་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པའི་སྐྱེད་མོས་ཚལ་དུ་སྒྲོལ་དཀར་གྱི་ཚེ་དབང་དང་། ཕྱེད་ཡོལ་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག   དེ་ཡང་གོ་སྒྲིག་ཚོགས་ཆུང་གིས་གསུང་པ་ལྟར་ན་ཆོས་ཞུ་བའི་ལག་འཁྱེར་ ༥༠༠༠༠ བགོས་འགྲེམས་ཟིན་འདུག་པ་དང་།  སྐྱེད་མོས་ཚལ་དུ་ཆོས་ཞུས་བ་གྲངས་ ༢༥༠༠༠ ཤོང་ཚད་འདུག ཐེངས་འདིར་༸གོང་ས་མཆོག་འབུམ་སྡེ་ལར་་ཆིབས་སྒྱུར་བསྐྱངས་ཐེངས་བདུན་པ་ཆགས་ཡོད་འདུག །