དུས་འཁོར་དབང་ཆེན་ཐེངས་༣༤ པའི་སྟ་གོན་བཀའ་དྲིན་སྩལ་བ།

མདུན་ངོས། / དུས་འཁོར་དབང་ཆེན་ཐེངས་༣༤ པའི་སྟ་གོན་བཀའ་དྲིན་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༠ ཉིན་གྱི་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་National Geographic Television ཞེས་པའི་གསར་ཁང་གིས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་བ་དང་། དེ་རྗེས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་དུས་འཁོར་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་སྒྲུབ་བཞག་གནང་བ་དང་། ཉིན་གུང་ལྗགས་སྨིན་གྲུབ་རྗེས་ཀྱི་ཆུ་ཚོད་ ༡༡།༣༠ ཙམ་ལ་གསུང་ཆོས་ར་བར་སླར་ཡང་ཆིབས་བསྒྱུར་གྱིས་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་བཀའ་དབང་གི་སྟ་གོན་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་བལ་པོའི་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་དང་། དེ་རྗེས་ར་ཤི་ཡའི་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་རྗེས་སྨྲ་བསམ་བརྗོད་མེད་དང་། ཉན་ཐོས་ཞི་འཚོ་མ། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད། གང་གི་ཐུགས་བརྩེ་མ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། དེ་རིང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྟ་གོན་གྱི་ཆོ་ག་བྱ་རྒྱུ་དང་། སང་ཉིན་དཀྱིལ་འཁོར་དུ་ཞུགས་པའི་སྐོར་དང་། གནངས་ཉིན་དབང་གོང་མ་གསུམ་དང་། གོང་ཆེན་གསུམ། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་གྲུབ་འཆར་བཀའ་གནང་རྗེས་སྔོན་འགྲོའི་ཆོས་བཤད་ཀྱི་བཀའ་སློབ་སྩལ་དོན། 

གསང་སྔགས་ཞེས་པ་ནི་གསང་ཞིང་སྦས་པའི་སྒྲུབ་པ་ཞིག་ཡིན་པ་དང་། དེ་ཡང་གསང་སྔགས་ནི་སྟོན་པ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས་ནས་གསུངས་པ་དང་། དེ་ནི་ཁ་སྔོན་ཞུས་པ་ལྟར་གང་ཟག་སྒོས་མཚན་ཆགས་ཡོད། དུས་འཁོར་ནི་ཡུལ་འཁོར་ཞིག་གིས་གསོལ་བ་བཏབ་ནས་གསུངས་པར་བརྟེན་དམིགས་བསལ་གྱི་དགོས་ཁྱད་ཅིག་ཡོད་པ་འདྲ། དུས་འཁོར་ནི་རྒྱ་ཆེན་པོ་བྱས་ནས་གསུང་སྲོལ་སྔར་ནས་ཕྱག་སྲོལ་ཡོད་པ་ཞིག་ཡིན། ངོས་ཀྱི་ཞུ་ཡུལ་མཁན་ཆེན་རྡོ་རྗེ་འཆང་གླིང་རིན་པོ་ཆེའི་དྲུང་ནས་ཞུས་པ་དང་། གླིང་རིན་པོ་ཆེས་ཁང་གསར་རྡོ་རྗེ་འཆང་གི་དྲུང་ནས་ཞུས་པ་གནང་ཞིང་། སྔར་དགའ་ལྡན་དུ་དུས་འཁོར་བཀའ་དབང་ཞུ་སྐབས། དགའ་ལྡན་གླིང་ཡོངས་ལ་ཡོད་པ་རྣམས་དུས་འཁོར་དབང་ཆེན་ཐོབ་པར་གསུངས་ཡོད་འདུག དེ་བཞིན་དུས་འཁོར་ལ་ཉན་བསམ་སྒོམ་གསུམ་བྱས་ན་མ་འོངས་པར་ཤམ་བྷ་ལར་སྐྱེ་བར་གསུངས་ཡོད། འོན་ཀྱང་ཤམ་བྷ་ལ་ད་ལྟའི་དུས་སུ་ངོས་འཛིན་བྱེད་དཀའ་བའི་གནས་ཤིག་ཡིན། དུས་འཁོར་ལས་གླིང་དྲུག་གསུངས་པ་ལྟར་ན་འཛམ་གླིང་འདིའི་ཐོག་ཡོད་པ་ལྟ་བུ་ཞིག་ཡིན་ནའང་། གང་ཟག་ལས་དག་ལ་ལར་མཇལ་ན་མ་གཏོགས་ཚང་མས་མཇལ་རྒྱུ་དཀའ་བ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཤམ་བྷ་ལའི་ལམ་ཡིག་ཀྱང་མཛད་ཡོད། ཅེས་དང་། 

དུས་འཁོར་ནི་ཕྱི་ནང་གཞན་གསུམ་ཞེས་གསུངས་པ་ལྟར། ཕྱི་སྣོད་ཀྱི་གཟའ་སྐར་ཚུན་ཆད་དང་། ནང་བཅུད་ཀྱི་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་དང་། སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་དུས་འཁོར་ནས་གསུངས་པ་ལྟ་བུ་གཞན་ལ་མེད་པ་དང་། བདེ་གསང་ལ་སོགས་པ་སྦས་རྒྱུད་ཡིན་པ་དང་། དུས་འཁོར་ནི་གསལ་རྒྱུད་ཡིན་པར་གསུངས་ལ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་བཞི་པ་དེ་སྦས་པའི་ཚུལ་དུ་གསུངས་པ་ལས་གསལ་པོར་མ་གསུངས་ཤིང་། དུས་འཁོར་ནས་ཐུགས་མི་འགྱུར་བའི་བདེ་ཆེན་དང་། རྡུལ་ཕྲ་རབ་ལས་འདས་པའི་སྟོང་གཟུགས་ཀྱི་སྐུ་བཅས་ཟུང་འཇུག་གསུངས་པ་དང་། གཉིས་ནས་དུས་འཁོར་ནས་སྦྱོར་བ་ཡན་ལག་དྲུག་སྟེ། སོ་སོར་སྡུད་དང་བསམ་གཏན་སྲོལ་རྩོལ་དང་། །འཛིན་པ་རྗེས་དྲན་ཏིང་ངེ་འཛིན་ཡན་ལག་དྲུག །ཅེས་གསུངས་པ་ལྟར་རླུང་དབུ་མར་སྡུད་བྱེད་སྐོར་རྒྱས་པར་གསལ་པོར་གསུངས་པ་ལྟ་བུ་ཞིག་ཡོད། 

ཡང་སློབ་དཔོན་ཨ་བྷྱ་ཀ་ར་དང་། རྗེ་བཙུན་རེད་མདའ་བ་བཅས་ཀྱིས་དུས་འཁོར་ལ་ཐུགས་དོགས་གནང་གི་ཡོད་པ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཞྭ་ལུ་བཅས་ནི་དུས་འཁོར་གྱི་ཁུངས་གཏུགས་ས་ཆགས་ཡོད་ལ། དུས་འཁོར་སྦྱོར་དྲུག་གི་ཁུངས་གཏུགས་ན་ཇོ་ནང་གི་ཉམས་བཞེས་པ་དག་ལས་དེ་མིན་དཀོན་པོ་རེད་འདུག ཇོ་ཞྭལ་གཉིས་ཞེས་དུས་འཁོར་གྱི་བཀའ་བབ་ཀྱི་བརྒྱུད་རིམ་ཆགས་ཡོད། དེ་ལྟར་ལེགས་པར་བརྩད་གཅོད་དང་། རྒྱུད་སྡེ་གཞན་དང་གུང་བསྒྲིགས། རྫོགས་ཆེན་གྱི་མཁྲེགས་ཆོད་དང་ཐོད་རྒལ་སོགས་དང་གུང་བསྒྲིགས་ནས་ལྟ་ཐུབ་པ་བྱུང་ན། དུས་འཁོར་གྱི་རྒྱུད་འདི་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད། སྦྱང་གཞི་དང་། སྦྱོང་བྱེད། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན། གཞན་ཡང་སྨིན་བྱེད་དབང་དང་། རྫོགས་རིམ་གྱི་སྔོན་འགྲོའི་བསྐྱེད་རིམ། དེ་རྗེས་རྫོགས་རིམ་བཅས་གྱི་འགྲོ་ལུགས་སྐོར་ལ་བཀའ་སློབ་སྩལ།

གཞན་ཡང་། གསང་ཞིང་སྦས་པས་སྒྲུབ་པས་ན་གསང་དང་། སྔགས་ཞེས་པ་ནི་ལེགས་སྦྱར་གྱི་མ་ཎ་ཡིད་དང་། ཏྲ་ཡ་སྐྱོབ་པ་སྟེ་ཡིད་སྐྱོབ་ཅེས་པ་ལྟར་ཐ་མལ་པའི་སྣང་བ་དང་ཞེན་པ་ལས་ཡིད་སྐྱོབ་པར་བྱེད་པས་ན་གསང་སྔགགས་ཞེས་བརྗོད་པ་ཡིན། རྡོ་རྗེ་ཞེས་པ་ནི། རང་ལྷ་སྐུ་དང་། ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ཉིད་ལྷ་སྐུར་བསྒོམས་པ་ཞིག་མིན་པར་བཛྲ་ཞེས་པས་ཐབས་ཤེས་དབྱེར་མི་ཕྱེད་པ་དང་། སྐབས་འདིར་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བ་ལ་གོ་དགོས་པ་ཡིན།  གཞན་ཡང་སྔགས་ཀྱི་ཟབ་ཁྱད་གཙོ་བོ་མདོ་ཕྱོགས་ཀྱི་ཐོག་ནས་འདོན་དགོས་ཤིང་། འཁོར་ལོ་དང་པོས་སྨིན་བྱེད་དང་། གཉིས་པས་ཡུལ་གྱི་འོད་གསལ། འཁོར་ལོ་མཐའ་མས་ཡུལ་ཅན་གྱི་འོད་གསལ་བསྟན་པར་གསུངས། དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ཡོང་བ་ལ་རྒྱུ་ཆ་ཡག་པོ་ཞིག་ཡོང་དགོས་པ་དང་། བསྐྱེད་རིམ་སྨིན་བྱེད་ཡིན་པ་ལས་གཙོ་བོ་མིན་པར། གཙོ་བོ་རྫོགས་རིམ་དང་། གསང་སྔགས་ཀྱི་ཟབ་ཁྱད་མདོ་ལམ་ལ་བརྟེན་དགོས་པ་སོགས་རྒྱས་པར་གསུངས་པ་དང་། དེ་བཞིན་བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པར་བྱེད། །མཐའ་མར་ལྟ་ཞིག་ཀུན་བཟློག་པ། །ཞེས་པ་ལས་བརྩམས་ཏེ་འགྲེལ་པ་རྒྱས་པར་སྩལ་རྗེས་བཀའ་དབང་གི་སྔོན་འགྲོར་ནམ་རྒྱུན་གྱི་ཕྱག་སྲོལ་ལྟར་བསླབ་གཞི་ལྔ་འཛིན་པའི་ཡོངས་རྫོགས་དགེ་བསྙེན་སྒྲུབ་པ་ལ། ཆེ་ས་མི་ནས་ཆུང་ས་སྲོག་ཆགས་གྲོག་འབུ་ཚུན་ཆད་ལ་སྤོང་བ་དང་། མ་བྱིན་པར་ལེན་པ་སྟེ་རྐུན་ཇག་མི་བྱེད་པ། ལོག་གཡེམ་གྱི་རིགས་སྤོང་བ། མི་ཆོས་བླ་མའི་རྫུན་ཏེ་རང་ཉིད་ལ་གོང་མའམ་ཁྱད་དུ་འཕགས་པའི་ཡོན་ཏན་མེད་བཞིན་དུ་ཡོད་པར་སྨྲ་བ་སྤོང་བ། འདི་བླ་མ་དག་ལས་དེ་མིན་སྐྱ་བོ་དག་ལ་ཡོང་དཀའ་བར་གསུངས་ཤིང་། གཞན་ཡང་ཆང་རག་སྤོང་བ་སྟེ་བསླབ་གཞི་ལྔ་སྲུང་དགོས་པར་བཀའ་སྩལ་ལ། སྦི་ཧར་མངའ་སྡེའི་ནང་ཆང་རག་བཀག་སྡོམ་གནང་བར་ལེགས་གསོལ་བསྔགས་བརྗོད་དང་། སྔར་གྷན་དྷི་མཆོག་གིས་ཀྱང་ཆང་རག་བཀག་སྡོམ་མཛད་པའི་ལོ་རྒྱུས་ཡོད་པར་གསུངས་ལ། ཆང་རག་འཐུང་ན་སྐྱོན་ལས་དགེ་མཚན་མེད་པར་གསུངས་པ་དང་།  ལྷག་པར་རབ་ཏུ་བྱུང་བ་དག་གིས་ཆང་ནི་རྩྭ་རྩེའི་ཟིལ་པ་ཙམ་ཡང་འཐུང་མི་ཆོག་པར་གསུངས། སྐྱ་བོ་དག་གིས་ཆང་རག་འཐུང་ནའང་སྐོམ་ཆང་ལྟ་བུ་ཅུང་ཟད་འཐུང་ན་ལས་ར་མ་བཟི་བར་མ་འཐུང་ན་ལེགས་པར་བཀའ་སྩལ། དེ་རྗེས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་མཛད།

ཁ་སང་དང་ཁ་ཉིན་ཆོས་བཤད་ཡིན་སྟབས། བླ་སློབ་ཀྱི་འབྲེལ་བ་དམིགས་བསལ་དགོས་པ་མེད་ཀྱང་། དེ་རིང་འདིར་དགེ་བསྙེན་གྱི་སྡོམ་པ་དང་། དུས་འཁོར་གྱི་དབང་ཆེན་བྱེད་བཞིན་པར་བརྟེན་བླ་སློབ་ཀྱི་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། དེ་ཡང་བླ་སློབ་དམ་ཚིག་གཙང་མ་དགོས་པར་བརྟེན། སྔར་ནས་འགྲེལ་བཤད་བྱེད་མུས་ལྟར་དོལ་རྒྱལ་གྱི་དམ་སྲེལ་ཡོད་ན་མི་འགྲིགས་པས། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡོད་ན་ངོས་ཀྱི་མདུན་ན་སྡོམ་པ་ལེན་པ་དང་། དབང་ཞུ་བ་སོགས་མ་བྱེད་རོགས་ཞུ་རྒྱུ་ཡིན། ཞེས་དོལ་རྒྱལ་གྱི་བྱུང་རབས་དང་། སྤང་བླང་སྐོར་གྱི་ལམ་སྟོན་མདོར་བསྡུས་མཛད། དེ་རྗེས་ཡན་ལག་བདུན་པ་སྔོན་སོང་གིས་སངས་རྒྱས་ཆོས་ཚོགས་མའི་ཐོག་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་ཀྱང་མཛད། བྱང་ཆུབ་སེམས་དཔའི་བསླབ་བྱ་གཙོ་བོ་ནི་རང་དོན་ཡིད་བྱེད་དོར་རྒྱུ་དེ་ཡིན་པ་བཀའ་གནང་རྗེས་དབང་གི་སྟ་གོན་གྱི་རིམ་པ་དབུ་འཛུགས་ཀྱིས་བསྟེན་བྱ་སློབ་མའི་མཚན་ཉིད་དང་། བསྟེན་བྱེད་བླ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ་སོགས་ཀྱི་བཀའ་སློབ་སྩལ་ཅིང་། བླ་མའི་ངོས་ནས་དབང་ཐོབ་པ་དང་། དམ་ཚིག་དང་སྡོམ་པ་ལ་ནོད་པ། སྔགས་ཀྱི་རྣལ་འབྱོར་དེ་དང་དེའི་བསྙེན་པ་སྔོན་དུ་སོང་བ། དུས་ཚོད་རབ་ལ་ནག་པ་ཟླ་བའི་ཉ་དང་། དེ་མིན་ཟླ་བ་བཅུ་གཉིས་གང་རུང་གི་ཟླ་བ་ཉ་གང་བ་དགོས་པ་སོགས་གསུངས་ཏེ་དུས་འཁོར་དབང་མོ་ཆེའི་སྟ་གོན་གྱི་ཆོ་ག་རིམ་པར་སྩལ་རྗེས་བར་ཆད་ཞི་ཕྱིར་སྲུང་སྐུད་གདགས་པ་དབུ་འཛུགས་མཛད། སྲུང་སྐུད་འདི་ཉིད་ལུས་སུ་འཆིང་ཏེ་གཅེས་ཉར་བྱེད་དགོས་པར་བཀའ་སྩལ་བ་དང་། དེ་བཞིན་རྨི་ལམ་བརྟག་པ་བྱ་ཆེད་ཀུ་ཤ་གདན་དུ་བྱས་ཏེ་ཉལ་ཁར་དུས་འཁོར་གྱི་རྩ་སྔགས་བགྲངས་པ་དང་། དགེ་སེམས་ཁྱད་པར་ཅན་བསྐྱེད་པའི་ཐོག་ནས་ཉལ་ཏེ་རྨི་ལམ་བརྟག་དགོས་པར་གསུངས་ཏེ་སྟ་གོན་གྱི་རིམ་པ་ལེགས་པར་གྲུབ་རྗེས་གཏང་རག་གི་མཎྜལ་གསུངས་ཏེ་མཇུག་གི་རིམ་པ་མཛད་པ་བཅས།།