རྡོར་གདན་སོག་པོའི་དགོན་དགའ་ལྡན་ཐེག་ཆེན་གླིང་ལ་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / རྡོར་གདན་སོག་པོའི་དགོན་དགའ་ལྡན་ཐེག་ཆེན་གླིང་ལ་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་གསར་བཞེངས་བྱས་པའི་སོག་པོའི་དགོན་པ་དགའ་ལྡན་ཐེག་མཆོག་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་གར་ཆིབས་བསྒྱུར་བསྐྱངས་ཏེ་དགོན་པ་དབུ་འབྱེད་རབ་གནས་དང་བཀའ་སློབ་སྩལ་བ་དང་། ཉིིན་གུང་ལྗགས་སྨིན་རྗེས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་དུས་དབང་མཆོད་གར་ལ་དབུ་བཞུགས་མཛད་ཡོད་པ་རེད། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་སོག་པོའི་དགོན་པ་དགའ་ལྡན་ཐེག་མཆོག་གླིང་ལ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་སོག་པོའི་དགེ་འདུན་པ་རྣམས་དང་རྡོར་གདན་དུ་དུས་འཁོར་དབང་ཆེན་ཞུ་བར་ཕེབས་པའི་སོག་ཡུལ་གྱི་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་མང་པོས་གཙོས་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཕེབས་ལམ་གཡས་གཡོན་དུ་ཕེབས་བསུ་དང་བཅས་༸དགའ་ལྡན་ཐེག་ཆེན་གླིང་དུ་༸ཞབས་སོར་འཁོད་དེ་དགོན་པར་རབ་གནས་དབུ་འབྱེད་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་དང་ལོ་སྟོང་ཕྲག་རིང་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་ཆེན་པོ་ཧོར་གྱི་ཆོས་གྲོགས་རྣམ་པ་དང་། མཁན་པོ་རྣམ་པ་ཁྱོད་ཚོའི་དགོན་པ་འདིར་སླེབས་པར་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ། ངོས་རང་སོག་ཡུལ་དུ་ཐེངས་ཁ་ཤས་སླེབས་པ་རེད། ཉམས་ཞིབ་བྱས་ཡོང་བའི་སྐབས་སུ་ནང་པའི་ཆོས་བོད་དང་སོག་ཡུལ་དུ་མ་དར་གོང་ནས་ཕལ་ཆེར་བོད་ཀྱི་བྱང་ཐང་ས་མཚམས་རེད། སྔར་ས་མཚམས་ཆེན་པོ་བརྩི་ཡི་མ་རེད། ང་ཚོ་ཚང་མར་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་རེད། ཕལ་ཆེར་ཁྱོད་རང་ཚོ་སོག་པོའི་གོམས་གཤིས་སམ་རིག་གཞུང་གི་ནང་དུ་བོད་ཀྱི་ཤུགས་རྐྱེན་ཡོད་པ་དང་། བོད་ལ་ཆ་བཞག་ནའང་སོག་པོའི་ཤུགས་རྐྱེན་ཡོད་པ། དཔེར་ན་ལྷོ་ཁར་ཐུག་ཅེས་འཛུགས་རྒྱུ་ཡོད་པ་དེ་སྐད་རང་གི་ཐོག་ནས་ཀྱང་སོག་སྐད་རེད། ང་ཚོས་གུར་ཟེར་བ་ལ་ཁྱོད་རང་ཚོས་འགུར་ལྟ་བུ་ཞིག་ཟེར་གྱི་འདུག ཕལ་ཆེར་འགུར་ཟེར་བ་ནས་གུར་སླེབས་པ་ཡིན་ནམ་བོད་སྐད་ནང་གུར་ཟེར་བར་གོ་རྒྱུ་དམིགས་བསལ་ཡོད་པ་མ་རེད། ཕལ་ཆེར་དེ་སོག་སྐད་རེད་འདུག ཅེས་བཀའ་སྩལ་རྗེས་བཞད་མོ་དང་སྦྲགས་དེ་བཞིན་བོད་ཀྱི་གྲྭ་བའང་སོག་པོ་ནང་བཞིན་ཕལ་ཆེར་ཤ་ལ་དགའ་བོ་ཡོད་པ་རེད་ཅེས་བཀའ་སྩལ་བ་དང་།  

གཞན་ཡང་། དེ་ལྟར་རིམ་པས་མཁན་པོས་གསུངས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་བསྟན་པ་བྱང་ནས་བྱང་དུ་དར་ཞེས་གསུངས་རྒྱུན་ཡོད་པ་རེད། རྒྱ་གར་གྱི་བྱང་བོད་དང་བོད་ནས་མུ་མཐུད་བྱང་ནི་ཧོར་གྱི་ཡུལ་རེད། སངས་རྒྱས་ཀྱི་ཆོས་དར་བའི་རྗེས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་སླེབས་པ་དང་། འབྲེལ་བ་དེ་ཡང་ཚོང་གི་འབྲེལ་བ་མ་རེད། ཆོས་ཕྱོགས་ཀྱི་ཐོག་ནས་དད་པ་དང་དམ་ཚིག་གི་འབྲེལ་བ་དེ་དམིགས་བསལ་བ་ཞིག་ཆགས་ཡོད་པ་རེད། ༸རྒྱལ་དབང་གི་ཐོག་ནས་བཤད་པ་ཡིན་ན་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་ཏཱ་ལའི་བླ་མ་ཞེས་པའི་མིང་ཡང་དེ་དུས་ཐོགས་ཏེ་གང་ལྟར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། དེ་བཞིན་སྐུ་མདུན་སྐུ་གོང་མ་ཡང་བོད་ལ་རྐྱེན་ངན་བྱུང་སྟེ་མར་རྒྱ་སོག་ཡུལ་གྲུ་བརྒྱུད་སོག་ཡུལ་ལ་དུས་ཡུན་གང་འཚམ་བཞུགས་འདུག དེར་བརྟེན་ང་ཚོ་བོད་སོག་ལ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད། དེ་སྔ་ཡིན་ན་ཧོར་གྱི་ཡུལ་ཁག་ནས་བོད་ནང་ལ་སློབ་གཉེར་བྱེད་པར་ཕེབས་པ་དང་སློབ་གཉེར་གནང་ནས་མཁས་པའི་དབང་པོ་དེ་འདྲ་བྱུང་ཡོད་པ་རེད། ངོས་རང་ཆུང་ཆུང་སྐབས་ལ་འབྲས་སྤུངས་སྒོ་མང་དང་སེ་ར་བྱེས་གཉིས་ལ་སོག་པོའི་གྲྭ་རྒྱུན་དགེ་བཤེས་ཨང་ཀི་དང་པོ་དེ་འདྲ་ཡོད་པ་རེད། ཧ་ཅང་དཔེ་ཆ་ཡག་པོ་ཡོད། སོག་པོའི་མཁས་པས་ལེགས་བཤད་བརྩམས་ཏེ་ང་ཚོ་ཚང་མར་སློབ་སྦྱོང་བྱེད་པའི་སློབ་དེབ་ཆགས་པ་ཡོད།  བར་སྐབས་བསྟན་པ་ཉམས་ཆག་ཆེན་པོ་ཕྱིན་པ་རེད། ད་ལྟ་སོག་པོར་རང་དབང་ཐོབ་ནས་བསྟན་པ་སླར་གསོ་བྱེད་པའི་གོ་སྐབས་ཐོབ་པ་རེད་ལ་ཁྱོད་རང་ཚོ་དད་པའང་རྩེ་གཅིག་པ་རེད། 

རྡོ་རྗེ་གདན་འདི་ནི་ང་རང་ཚོའི་སྟོན་པ་མཉམ་མེད་ཤཀྱཱ་སེང་གེ་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་དང་། གནས་འདི་ལ་རྒྱ་གར་གྱི་མཁས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ངོས་རང་གིས་པན་གྲུབ་བཅུ་བདུན་ཟེར་བ་ཚང་མ་རྡོ་རྗེ་གདན་ལ་ཞབས་ཀྱི་བཅག་ནས་བྱིན་གྱིས་རླབས་ཡོད་པ་རེད། དེ་བཞིན་གྲུབ་ཆེན་ས་ར་ཧ་སོགས་གྲུབ་ཆེན་ཁག་གཅིག་གིས་ཀྱང་གནས་འདི་བྱིན་གྱིས་རླབས་ཏེ་འཛམ་གླིང་འདིར་ནང་པའི་གནས་རྩ་ཆེ་ཤོས་ཤིག་ཆགས་ཡོད། འདིར་ཐའེ་ལན་གྱི་དགོན་པ་དང་ཝེ་ཏུ་ནམ་གྱི་དགོན་པ།  དེ་བཞིན་རྒྱ་མིའི་དགོན་པ་སོགས་ནང་པའི་ཡུལ་གྲུ་ཁག་གི་དགོན་པ་འདིར་ཡོད་པ་རེད། དེར་བརྟེན་སོག་པོའི་དགོན་པ་ཞིག་འདིར་ཡོད་དགོས་པའང་རྒྱུ་མཚན་ལྡན་པ་རེད། འདིར་ཁྱོད་རང་ཚོས་ལྷ་ཁང་བཞེངས་ནས་དེ་རིང་སྒོ་འབྱེད་བྱུང་བ་རེད། དངོས་གནས་རྒྱུ་མཚན་ལྡན་པ་དང་ཧ་ཅང་ཡག་པོ་བྱུང་འདུག 

ངོས་རང་སོག་ཡུལ་དུ་ཚར་ཁ་ཤས་སླེབས་ཡོད་པ་རེད། བཤད་མ་ཐག་པ་ལྟར་མཁས་པ་མང་པོ་བྱུང་བའི་ཡུལ་གྲུ་ཞིག་ཆགས་ཡོད་པ་རེད། ཁྱོད་རང་ཚོར་རང་དབང་ཐོབ་ནས་ནང་ཆོས་བསྐྱར་གསོ་བྱེད་དུས་ལྷ་ཁང་ཡོད་པ་དང་། སྐུ་གསུང་ཐུགས་རྟེན་ཡོད་པ་གཅིག་པུས་ནང་ཆོས་བསྐྱར་གསོ་བྱས་པར་གོ་ཐུབ་ཀྱི་མ་རེད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་ཀྱི་བསྟན་པ་གཉིས་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཐོས་བསམ་སློབ་གཉེར་བྱས་ཏེ་སངས་རྒྱས་པའི་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་སློབ་གཉེར་བྱས་ཏེ་རིགས་པའི་ལམ་ནས་གཏན་ལ་ཕབ་པ་དང་། གཏན་ལ་ཕབ་པའི་དོན་དེ་ཉིད་སོ་སོས་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་ལག་ལེན་བསྟར་ནས་སངས་རྒྱས་ཀྱི་རྟོགས་པའི་བསྟན་པ་འཛིན་རྒྱུ་གཅིག་དང་། གང་ལྟར་ལུང་གི་བསྟན་པ་དེ་འཆད་ཉན་བྱས་ཏེ་འཛིན་རྒྱུ་གཅིག་དང་། རྟོགས་པའི་བསྟན་པ་དེ་སྒྲུབ་པ་ཉམས་ལེན་བྱས་ཏེ་འཛིན་རྒྱུ་གཅིག་མ་གཏོགས་མེད་ཅེས་ཀུན་མཁྱེན་དབྱིག་གཉེན་གྱིས་ཐག་བཅད་འདུག  དེར་བརྟེན་བོད་པ་ཚོ་དང་དེ་བཞིན་རྒྱ་རིགས་སོགས་ནང་པ་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི་ནང་ལ་ཡོད་པ་རེད། སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་དུས་རབས་ ༢༡ པའི་ནང་སླེབས་ཡོད་པས་སངས་རྒྱས་ཀྱི་ཆོས་པ་ཚོའང་དུས་རབས་ ༢༡ པའི་ཆོས་པ་ཞིག་བྱེད་དགོས་པ་རེད་ཅེས་ངོས་ཀྱིས་འབོད་སྐུལ་བྱེད་བཞིན་ཡོད། 

སློབ་གཉེར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་རང་སོག་ཡུལ་དུ་ཁྱོད་རང་ཚོ་མཇལ་བའི་སྐབས་སུའང་སློབ་གཉེར་བྱེད་དགོས་པ་རེད་ཅེས་འབོད་སྐུལ་བྱེད་པ་ནི་སངས་རྒྱས་པའི་ཆོས་ཞེས་པ་ནི་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་རེད་མ་གཏོགས་ལམ་དང་ལུགས་སྲོལ་ལྟ་བུར་ཕྱིན་པ་ཡིན་ན་བརྟན་པོ་ཡོང་གི་མ་རེད། དེ་རིང་འདིར་ཁྱོད་རང་ཚོ་གྲྭ་གཞོན་མང་པོ་འདུག ཁྱོད་རང་ཚོས་དཔེ་ཆར་བལྟས་ཏེ་སློབ་གཉེར་གནང་ཤོག གྲྭ་སར་ཆ་བཞག་ནའང་སྒོ་མང་གྲྭ་ཚང་གི་མཁན་པོ་འདིར་ཡོད་པ་རེད། སྒོ་མང་ལ་སོག་པོ་མང་པོ་ཡོད་པས་སོག་པོ་དེ་དག་གིས་ཡུལ་གྲུ་གཅིག་གི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་སྔོན་མ་ནས་ཞུ་བཞིན་ཡོད། སྒོ་མང་གྲྭ་ཚང་དང་དེ་བཞིན་བྱེས་པ་གྲྭ་ཚང་ཡིན་ནའང་མཐུན་རྐྱེན་སྦྱོར་བ་སོགས་ང་ཚོ་བཙན་བྱོལ་བ་རེད། ཧ་ཅང་ཆེན་པོ་ཆེན་པོ་ཡོད་པ་མ་རེད། གང་ལྟར་ང་ཚོས་མཉམ་ཟ་མཉམ་འཐུང་བྱེད་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ཁྱོད་རང་ཚོ་གྲྭ་ས་ལ་དཔེ་ཆར་བལྟ་མཁན་རྣམས་མུ་མཐུད་ཤུགས་རྒྱག་དགོས། གྲྭ་སར་དཔེ་ཆ་བལྟས་ནས་རིམ་པས་རང་གི་ལུང་པར་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཡག་པོ་ཞིག་ཚུགས་ཐུབ་པར་ཁུར་ལེན་དགོས། ཁྱོད་རང་ཚོའི་སྐབས་བབ་ཀྱི་འགན་ཆགས་ཡོད་པ་རེད། དེར་བརྟེན་སོག་ཡུལ་རང་གི་མཁན་པོ་བླ་མས་དབུ་མཛད་པའི་དགོན་པའི་ལས་གནས་ཚོས་ཀྱང་འདི་ནས་སློབ་གཉེར་གནང་སྟེ་ཐོན་ཡོང་མཁན་ཚོར་དཔེ་ཆ་ཁྲིད་པ་སོགས་ཀྱི་གོ་སྐབས་ཡོད་པ་ཞིག་དང་། གང་ཅིའི་ཐོག་ནས་མཐུན་རྐྱེན་སྦྱོར་དགོས་པ་ཧ་ཅང་གལ་ཆེན་པོ་རེད། 

རྒྱ་གར་དུ་སློབ་གཉེར་ཡག་པོ་བྱས་ཏེ་དགེ་བཤེས་ཐོན་རྗེས་ཕ་ཡུལ་དུ་སླེབས་ནས་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་སྒྲུབ་ཐུབ་པ་ཞིག་ལ་ངེས་པར་དུ་བསམ་བློ་གཏོང་དགོས། དེ་མིན་འདིར་སློབ་སྦྱོང་བྱས་ཏེ་ཕ་ཡུལ་དུ་ཕར་སླེབས་ནས་རིམ་གྱིས་འཇའ་ཡལ་བ་ལྟ་བུར་གྱུར་ཚེ་དགོས་པ་གང་ཡང་མེད། དེ་རིང་དུས་འཁོར་དབང་ཆེན་གྱི་མཆོད་གར་འཁེལ་ཡོད་པ་རེད། བྲེལ་བའང་འདུག འདིར་འཁྱུག་ཙམ་བཅར་ཐུབ་པ་ངོས་རང་ཧ་ཅང་དགའ་པོ་བྱུང་། ཁྱོད་རང་ཚོ་ཡང་དགའ་པོ་ཡོད་ཀྱི་རེད། གལ་ཆེ་ཤོས་ངོས་ཀྱིས་བཤད་པ་ཁྱོད་རང་ཚོའི་སེམས་ལ་བཞག་ནས་ཧུར་ཐག་གནང་ཤོག ཅེས་བཀའ་སློབ་སྩལ་རྗེས་ཕྱིར་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཆིབས་བསྒྱུར་གྱིས་བྷི་ཧར་མངའ་སྡེའི་གཙོ་འཛིན་ Ram Nath Kovind མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་དང་། ལྗགས་སྨིན་གྲུབ་རྗེས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་དུས་དབང་མཆོད་གར་ལ་དབུ་བཞུགས་མཛད་ཡོད་པ་བཅས།