དུས་དབང་སྔོན་འགྲོའི་གསུང་ཆོས་ཉིན་དང་པོ་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྔོན་འགྲོའི་གསུང་ཆོས་སུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ལྗགས་ལུང་དང་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད་པ་རེད། 

དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༠༠ ནས་སྒྲུབ་བཞག་མཛད་དེ་ཉིན་གུང་གསོལ་ཚིགས་གྲུབ་རྗེས་ཀྱི་ཆུ་ཚོད་ ༡༢།༠༠ ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་བཀའ་ཕེབས་དོན།  ནམ་རྒྱུན་བཀའ་ཆོས་ཆེན་མོའི་རིགས་བྱེད་སྐབས་ཐོག་མར་པ་ལཱིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུང་འདོན་གནང་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་བསྡུ་གནང་བའི་སྐབས་སུ་དང་པོ་པ་ལཱིའི་སྐད་ཀྱི་ཐོག་ནས་སྡེ་སྣོད་གསུམ་དང་བཅས་པ་གསུངས་པར་བརྟེན་པ་ལཱིའི་ཆོས་རྒྱུད་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པས། པ་ལཱིའི་ཆོས་རྒྱུད་འཛིན་རྣམ་པས་པ་ལཱིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་མདོ་གསུང་རྒྱུ་དང་། དེ་རྗེས་ལེགས་སྦྱར་གྱི་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་ཡིན། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་། ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་། དེ་བཞིན་བོད་དང་། སོག་རིགས་མང་པོ་ཞིག་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་མཁན་ཆགས་ཡོད། དེར་བརྟེན་ཉིན་དང་པོ་པ་ལཱིའི་དང་ལེགས་སྦྱར་སྐད་གཉིས་ཀྱི་ཐོག་ནས་ཆོས་ཀྱི་ཚིགས་སུ་བཅད་པ་དང་། ཤེས་རབ་སྙིང་པོ་གསུང་འདོན་གནང་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།

དེ་ནས་པ་ལཱའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་པ་ལཱིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་མདོ་གསུང་འདོན་དང་། དེ་རྗེས་རྒྱ་གར་བའི་སློབ་ཕྲུག་བུ་མོ་ཁག་ཅིག་གིས་སཾ་སྐྲྀ་ཏའི་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་༸གོང་ས་མཆོག་གིས་པ་ལཱིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་མདོ་འདི་ཐེ་ལན་ཌི་དང་། འབར་མ། ལའོ་སེ་སོགས་ནས་ད་བར་འདོན་སྲོལ་ཡོད་པའི་སྐོར་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་རྒྱ་ནག་ཏུ་ཐོག་མར་དར་བ་དང་། དེ་ནས་ཉི་ཧོང་དང་། ཀོ་རི་ཡ་སོགས་སུ་དར་འཕེལ་བྱུང་བ། དེ་བཞིན་ལེགས་སྦྱར་ནས་ཐད་ཀར་བོད་དུ་དར་བ་དང་། བོད་ནས་སོག་པོ་དང་། ཨུ་རུའི་ཁོངས་སོགས་སུ་དར་འཕེལ་བྱུང་བ། པ་ལཱིའི་ཆོས་བརྒྱུད་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པ་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་རིགས་པའི་ལམ་ནས་བརྟག་དཔྱད་ཀྱིས་འགྲོ་བ་དང་། མཁན་ཆེན་ཞི་འཚོ་ནས་བཟུང་སྟེ་བོད་ལ་སངས་རྒྱས་ཀྱི་བསྟན་པའི་དར་འཕེལ་ཤུགས་ཆེར་བྱུང་བའི་སྐོར། བོད་མིས་ལེགས་སྦྱར་དང་པ་ལཱིའི་སྐད་ཡིག་སོགས་ལ་བརྟེན་མི་དགོས་པར་བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་གཉེར་བྱེད་སྲོལ་མཁན་ཆེན་ཞི་བ་འཚོས་ལམ་སྟོན་མཛད་པ་ལྟར་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཙམ་བྱུང་ཚུལ་གྱི་བྱུང་རབས་སྐོར་བཀའ་སློབ་ཕེབས་རྗེས་བོད་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་།

ཤེས་རབ་སྙིང་པོ་གསུང་འདོན་གྲུབ་རྗེས་ཤེས་རབ་སྙིང་པོའི་བརྗོད་བྱ་དང་། དངོས་གནས་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཅས་ཀྱི་གཞུང་ལུགས་དང་དེ་དག་མཛད་པ་པོའི་སློབ་དཔོན་བཅས་ངོ་སྤྲོད་མཛད་རྗེས། ཉན་ཐོས་ཞི་འཚོ་བ་དང་། རྩ་ཤེས་ཀྱི་མཆོད་བརྗོད་བཅས་གསུང་འདོན་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཎྜལ་ལ་འདེགས་འབུལ་ཞུས། དེ་ནས་སྔོན་འགྲོའི་བཀའ་ཆོས་དབུ་འཛུགས་ཀྱིས་ཆོས་ཆོས་སུ་འགྲོ་དགོས་པ་སློབ་མ་རྗེས་འཛིན་སྐབས་བཀའ་སྩལ་བ་ལྟར་དགོས་པའི་སྐོར་དང་། ཆོས་འཆད་ཉན་གནད་དུ་སོང་བ་ལ་བླ་མའི་ངོས་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཟིན་པ་དང་། སློབ་མའི་ངོས་ནས་ཡིན་ནའང་གསལ་བཏབ་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཟིན་པ་བྱས་ཏེ་ཆོས་འཆད་ཅིང་ཉན་པར་བྱས་པ་ཡིན་ན་ཆོས་ཆོས་སུ་སོང་བ་ཞིག་དང་། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་སོང་བ་ཞིག་གམ་རྗེས་མཐུན་པ་ཞིག་ཡོང་ཐུབ་པ་ཆགས་ཀྱི་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གསུང་འདོན་མཛད་། དེ་ནས་ནམ་མཁའི་མཐའ་གཏུགས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་མཁན་ཤ་སྟག་རེད། འོན་ཀྱང་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་ཡོང་བསྡད་པ་དང་། བདེ་བ་འདོད་བཞིན་དུ་བདེ་བས་ཕོངས་བསྡད་པའི་རྩ་བ་སེམས་རྒྱུད་དུལ་མ་འདུལ་གྱི་ཐོག་ནས་ཡོང་བཞིན་ཡོད། སེམས་མ་དུལ་བར་བྱེད་མཁན་དེ་ཉོན་མོངས་རེད། ཅེས་བཀའ་སྩལ། 

དེ་ནས་སྐད་རིགས་གཞན་དུ་གསུང་བསྒྱུར་གནང་བཞིན་པ་གང་དག་ཡོད་མེད་བཀའ་རྩད་ཕེབས་རྗེས། ཁ་སང་སློབ་མ་རྗེས་འཛིན་སྐབས་རོབ་ཙམ་ཞིག་བཤད་པ་ཡིན། དུས་འཁོར་དབང་ཆེན་ཞུས་པ་བྱིན་རླབས་ཆེན་པོ་ལོས་ཡིན། ཡིན་ནའང་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་འགྱུར་བ་གཏོང་རྒྱུ་ནི་ཕྱོགས་གཅིག་ནས་གང་ཟག་སྒེར་མཚན་དང་བསྟན་པ་སྤྱི་མཚན་ཞེས་ཕལ་ཆེར་བཤད་ཐུབ་ཀྱི་འདུག ངོས་རང་ནམ་རྒྱུན་དེ་བཤད་བཞིན་ཡོད། ཅེས་དང་། མདོ་ཕྱོགས་རྣམས་བསྟན་པ་སྤྱི་མཚན་ཡིན་པ་དང་། སྔགས་ཕྱོགས་རྣམས་ཕལ་མོ་ཆེ་གང་ཟག་སྒོར་མཚན་ཡིན་པར་བཀའ་གནང་བ་དང་།  མགོན་པོ་གང་ཉིད་མཆོག་ལ་སྤྱོད་འཇུག་ཆེན་མོ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་མཆོག་དང་། སྒོམ་རིམ་བར་པ་ས་སྐྱའི་མཁན་རིན་པོ་ཆེ་བསྟན་འཛིན་རྣམ་གཉིས་ཀྱི་དྲུང་ནས་གནས་མཆོག་རྡོར་གདན་དུ་བཤད་ལུང་གི་གསན་རྒྱུན་ཐོབ་པའི་སྐོར་བཀའ་སྩལ་རྗེས་སྐུའི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ། 

དེ་ཡང་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པའི་སྐོར་ནས་བརྩམས་ཏེ་སྐྱེ་འགྲོ་རྣམས་མའི་མངལ་གྱི་གནས་སྐབས་ནས་བཟུང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། ལེགས་ཉེས་རྣམ་པར་འབྱེད་པའི་རྣམ་དཔྱོད་གཅིག་མཚུངས་ཡིན་པ་བཀའ་གནང་བ་དང་། དེ་བཞིན་བདེ་སྡུག་གི་རྩ་བ་སེམས་དུལ་མིན་ལ་རག་ལུས་པ་དང་། ནང་པ་སངས་རྒྱས་པས་ཉོན་མོངས་ལ་གཉེན་པོ་བསྟེན་ཚུལ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་སྐོར་དང་། བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་ཡིན་པ་དང་། ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་དེ་ཉིད་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་བཤད་པས་ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་གལ་ཆེ་ཡིན་པ་སོགས་འཛམ་གླིང་འདིའི་ཐོག་གི་མི་རྣམས་ཁོར་ཡུག་དང་། དཔལ་འབྱོར་གང་གི་ཆ་ནས་གཅིག་ཀྱང་གཅིག་བརྟེན་དུ་འཚོ་དགོས་པར་བརྟེན་འགྲོ་བ་མི་རྣམས་ལ་གཅིག་འགྱུར་གྱི་བསམ་བློ་དགོས་པ་གལ་གནད་ཆེ་ཚུལ་སོགས་བཀའ་སྩལ། 

དེ་རྗེས་ཆོས་ལུགས་མཐུན་འབྲེལ་བྱེད་དགོས་པའི་སྐོར་ལ་བཀའ་ཕེབས་པ་དང་། དེ་ཡང་ཆོས་ལུགས་ཚང་མ་བྱམས་བརྩེའི་བསླབ་བྱ་སྟོན་མཁན་གཅིག་མཚུངས་ཡིན་པ་དང་། དེ་དང་འབྲེལ་བའི་བཟོད་པ་དང་། ཆོག་ཤེས། རང་ཁྲིམས་སྲུང་བ་སོགས་ཆོས་ཕྱོགས་ཀྱི་ཐོག་ནས་གཅིག་མཚུངས་ཡིན་པ། ནང་པ་རང་ཉིད་ཀྱི་ནང་དུའང་བརྗོད་དུ་མེད་པའི་བདག་སོགས་ལྟ་གྲུབ་མི་མཐུན་པ་མང་དུ་ཡོད་ཚུལ། ཆོས་ལུགས་རྣམས་གྱི་དམིགས་ཡུལ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་པ་དང་། ལྟ་གྲུབ་མི་འདྲ་བ་རྣམས་མིའི་ཁམས་མོས་དང་བསྟུན་ནས་དགོས་མཁོ་ཡོད་པས་ཆོས་ལུགས་ཚང་མར་གུས་བརྩི་བྱེད་དགོས་ཚུལ། དེང་སྐབས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གསོད་རེས་གཏོང་བཞིན་ཡོད་པས་ཆོས་ལུགས་མཐུན་འབྲེལ་གྱི་བསམ་བློ་གོང་འཕེལ་གཏོང་དགོས་པ་སོགས་བཀའ་ཕེབས།

དེ་བཞིན་ཆབ་སྲིད་ཀྱི་ཐུགས་འགན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཁག་ལ་རྩིས་སྤྲོད་མཛད་རྗེས་མུ་མཐུད་བོད་ཀྱི་ཁོར་ཡུག་དང་། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བཅས་ཀྱི་ཐོག་ཐུགས་འགན་བཞེས་མུས་ཀྱི་སྐོར་ནས་བོད་ཀྱི་སངས་རྒྱས་པའི་ཆོས་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་ཚེ་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པ་དང་། དེ་ཉིད་ཀྱི་གཞི་རྩ་བོད་ཡིག་ཡིན་པས་པས་བོད་ཡིག་གིས་ཚན་རིག་གི་ཐ་སྙད་དང་འཕྲུལ་ལས་ཀྱི་ནང་མ་ལྡང་བ་དེ་དག་གོང་སྤེལ་གཏོང་བར་བོད་མི་གཙོས་བོད་ཀྱི་གྲོགས་པོ་ཡོངས་ཀྱིས་ཡིད་ལ་འཛིན་རོགས་ཞེས་སོགས་བཀའ་ཕེབས། 

དེ་རྗེས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཁྲིད་དབུ་འཛུགས་མཛད་དེ་བོད་ལ་ནང་ཆོས་དར་འཕེལ་བྱུང་ཚུལ་ལས་བརྩམས་ནས་མཁན་སློབ་ཆོས་གསུམ་དང་བཅས་པའི་མཛད་བཟང་ངོ་སྤྲོད་དང་། རྩོད་པ་ཆོས་ཕྱོགས་སུ་ཞི་ཐབས་སུ་རྩོད་པ་མཛད་པའི་སྐོར་ཟིན་བྲིས་སུ་བཏབ་པ་ཕྱོགས་བསྒྲིགས་མཛད་པ་སྒོམ་རིམ་ཐོག་མཐའ་བར་གསུམ་ལས། སྒོམ་རིམ་དང་པོས་ཞི་གནས་དང་། བར་པས་ལྷག་མཐོང་། མཐའ་མས་ཞི་ལྷག་གཉིས་ཀ་བསྟན་པ་བཅས་ཀྱི་སྐོར་སྒོམ་རིམ་དང་པོའི་དབུ་ནས་ལྗགས་ལུང་དང་། གལ་གནད་ཆེ་སར་བཀའ་ཁྲིད་ཀྱང་མཛད།

ཆུ་ཚོད་ ༢།༥༣ ཙམ་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བཀའ་ཁྲིད་དབུ་འཛུགས་མཛད་པ་དང་། ནམ་རྒྱུན་མགོན་པོ་གང་གི་ཕྱག་ལེན་ལྟར་མཆོད་བརྗོད་དང་། བརྩམ་པར་དམ་བཅའི་རྗེས་ནས་ཤེས་རབ་ལེའུ་ནས་བཀའ་ཁྲིད་སྩལ་ལ། ཚད་རྡུལ་དངོས་ཁམས་རིག་པ་ནུབ་ཕྱོགས་སུ་རིག་གནས་གསར་པ་ཞིག་ཡིན་ནའང་། ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་རྒྱ་གར་དུ་དར་འཕེལ་བྱུང་ཡོད་པ། ཚན་རིག་པས་ཤེས་པའི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་པ། ཚན་རིག་པས་བྱེད་པ་པོའི་ཐོག་ལ་དོ་སྣང་གང་ཡང་བྱེད་ཀྱི་མེད་ཚུལ། ནང་གི་ཤེས་པའི་ཐོག་ལ་བརྟག་དཔྱད་བྱེད་མཁན་ནང་པ་སངས་རྒྱས་པའི་ཆོས་ཡིན་ཚུལ། སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་གཙོ་བོ་བདེན་གཉིས་ཀྱི་རྣམ་གཞག་ཡིན་ཚུལ། སྲིད་པ་འཁོར་ལོ་ཆ་ལྔ་པའི་མཚོན་དོན་སྐོར་བཀའ་ཁྲིད་དང་། དེ་ནས་སྤྱོད་འཇུག་ལེའུ་དང་པོ་སེམས་བསྐྱེད་ཀྱི་ཕན་ཡོན་གྱི་ལེའུ་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །ཞེས་པ་ནས་བཀའ་ཁྲིད་མཛད་ཅིང་། ཚེ་འདིར་བྱང་ཆུབ་ཀྱི་སེམས་དང་། སྟོད་ཉིད་ཀྱི་ལྟ་བ་བསྒོམས་ན་སྐྱེ་བ་ཕྱི་མ་དལ་འབྱོར་གྱི་མི་ལུས་ཐོབ་རྒྱུ་ཡིན་པ་བརྒྱ་ཐམ་པ་ཐག་བཅད་ནས་བརྗོད་ཐུབ་ཅེས་བཀའ་སྩལ་ཅིང་། དེ་བཞིན་སྤྱོད་འཇུག་གི་ལེའུ་སོ་སོའི་བརྗོད་བྱ་གང་ཡིན་ངོ་སྤྲོད་མཛད། བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་པའི་བར་བཀའ་ཁྲིད་མཛད་དེ་ཉིན་དང་པོའི་བཀའ་ཆོས་ཀྱི་ཆོས་ཐུན་ལེགས་པར་གྲུབ་པ་བཅས་སོ།།