སོག་ཡུལ་དུ་ཞབས་སོར་འཁོད་སྐབས་ཀྱི་ཟིན་ཐོ་རགས་བསྡུས། (༢)

མདུན་ངོས། / སོག་ཡུལ་དུ་ཞབས་སོར་འཁོད་སྐབས་ཀྱི་ཟིན་ཐོ་རགས་བསྡུས། (༢)

༄༅།།སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་སླར་ཡང་ཞབས་སོར་འཁོད་སྐབས་ཀྱི་ཟིན་ཐོ་རགས་བསྡུས།   (གཉིས་པ།)

༢༠༡༦།༡༡།༡༨~༢༢                

ཚེས་༢༡། རེས་གཟའ་ཟླ་བ།

དེ་རིང་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ལ་ཕེབས་པའི་ཉིན་གསུམ་པ་ཡིན་ལ། གནམ་གཤིས་ཁ་སང་ལས་དྲོད་ཚད་ཅུང་ཙམ་འཕར་ཡོད་པ་བཤད་མོད། སྤྲིན་གྱི་དྲི་མ་བྲལ་བའི་ནམ་མཁའ་གཡའ་དག་ཀྱང་དགུན་དུས་ཀྱི་ཉི་འོད་ལ་ཚ་ཤུགས་ཅུང་ཙམ་ལས་མེད་པར། སྐྱི་བསེར་རླུང་བུའི་གྲང་ངར་དེ་སྔ་ཉིན་དང་ཁྱད་པར་གང་ཡང་མེད་པར་སྙམ། འོན་ཀྱང་མཛད་རིམ་ཕལ་མོ་ཆེ་ཁང་པའི་ནང་ཡིན་པས། ཡར་མར་སྐྱོད་མཚམས་ཙམ་ལས་གྲང་རེག་གི་ངར་ཤུགས་མྱོང་དགོས་མ་སོང་།

དེ་རིང་གི་མཛད་རིམ་ནི་ནང་པའི་ཚན་རིག་དང་རིག་གསར་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུ་ཡིན་ལ། འདི་ནི་༸གོང་ས་མཆོག་གི་དགོངས་གཞི་གཙོ་བོ་ཞིག་ཡིན་པ་དང་།  སོག་ཡུལ་དུ་འདི་ལྟ་བུའི་བགྲོ་གླེང་ཚོགས་པ་ཡང་ཐེངས་དང་པོ་ཡིན། ཚོགས་འདུ་ཚོགས་ཡུལ་ཨུ་ལན་པ་ཐུར་གྲོང་ཁྱེར་ནང་གི་ཁོར་པོར་རེ་ཁྲི་ (corporate) གསོལ་མགྲོན་ཁང་གི་ཚོགས་ཁང་ཞིིག་རེད། 

སྔ་དྲོ་ཆུ་ཚོད་ ༨:༣༠ ཐོག་བཞུགས་ཡུལ་མགྲོན་ཁང་ནས་ཕེབས་ཐོན་གནང་སྟེ་སྐར་མ་བཞི་བཅུ་ཙམ་གྱི་རྗེས་ཚོགས་འདུ་ཚོགས་ཡུལ་དུ་འབྱོར། སོག་པོ་རྒྱལ་ཁབ་ཀྱིས་༸གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཧ་ཅང་དམ་པོ་དང་ཚགས་ཚུད་བྱས། ཕེབས་ལམ་གྱི་ལམ་ཆེན་ཁག་དུ་རླངས་འཁོར་བཀག་སྟེ་ལམ་ཁ་སྟོང་པ་བཟོས་ཤིང་། ལམ་གྱི་བཞི་མདོ་ཁག་ཏུ་ཉེན་རྟོགས་མི་སྣ་མང་པོ་བཀྲམ་ནས་མོ་ཊར་བཀོད་འདོམས་བྱས། དེ་བཞིན་སོག་པོའི་སྐུ་སྲུང་རྣམས་ཀྱང་རྩུབ་དྲག་ཆེ་བ་དམར་ཤོག་སྐབས་ཀྱི་གཡའ་ཅུང་ཙམ་མེད་དམ་སྙམ་མོད། སྟོབས་ཤུགས་ཆེ་བའི་སོག་པོའི་དད་ལྡན་རྣམས་ལ་དེ་ལྟ་བུའི་རྩུབ་དྲག་ཅུང་ཙམ་མེད་ན། ང་ཚོ་ཕལ་ཆེར་འཚང་ཁའི་ནང་དུ་ལྷག་པའི་ཉེན་ཁ་ཡོད།

མགྲོན་ཁང་གི་ཐོག་རྩེག་གསུམ་པའི་ནང་ཁལ་ཁ་རྗེ་བཙུན་དམ་པའི་ཆོས་ཚོགས་ཀྱི་ཚོགས་མི་ཉིས་བརྒྱ་ཙམ་ལ་བཀའ་སློབ་ཐུང་ཙམ་གནང་དོན་དུ། ཡེ་ཤུས་ཆོས་ལུགས་སོགས་ཆོས་ལུགས་གཞན་གྱིས་མི་མང་སྐྱོ་བོ་ལ་རོགས་རམ་སྐྱོབ་གསོ་ཁ་ཡོད་ལག་ཡོད་བྱེད་པ་དང་། ནད་པ་འཆི་ཁ་མར་སེམས་གསོ་དང་བྱམས་སྐྱོང་བྱེད་པ་སོགས་གཞན་ཕན་གྱི་ལས་ཀ་ཡག་པོ་གནང་གི་འདུག  ཁྱེད་ཅག་ནས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པར་གོ་ཐོས་བྱུང་བས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་དང་། ནང་པའི་དགེ་འདུན་པ་ནི་ཁྱིམ་ནས་ཁྱིམ་མེད་པ་དང་། གྲོང་ནས་རྒྱང་གྲགས་བཅད་དེ་འབྲོག་གམ་དགོན་པར་གནས་དགོས་པས་གྲོང་དང་འབྲེལ་འདྲིས་མི་བྱེད་པར་རྒྱུ་མཚན་ལྡན་མོད། འོན་ཀྱང་དེང་སང་དུས་རབས་ ༢༡ པ་ཡིན་པས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་དང་ཕན་ཐོགས་བྱེད་དགོས། དེ་བཞིན་སྔོན་ཆད་ནང་ཆོས་དགེ་འདུན་གྱི་སྡེས་འཛིན་སྐྱོང་སྤེལ་གསུམ་བྱས་ན་ཡང་། ད་ནི་མི་མང་མང་ཚོགས་ཀྱིས་འཛིན་སྐྱོང་བྱེད་དགོས་པའི་དུས་ལ་བབ་ཡོད་ཅེས་བཀའ་གནང་ཞིང་། ཆོས་ཚོགས་ཀྱི་ཚོགས་མི་ཡོངས་དང་མཉམ་དུ་སྐུ་པར་སྒྲོན།

དེ་ནས་ཐོག་རྩེག་ལྔ་བའི་ཚོགས་ཁང་དུ་ཆིབས་བསྒྱུར་གནང་ཞིང་། དེར་སོག་ཡུལ་གྱི་མཐོ་སློབ་ཁག་གི་དགེ་རྒན་དང་། རྩོམ་པ་པོ། ཤེས་ཡོན་ཅན་སོགས་མི་གྲངས་ ༡༢༠༠ ཙམ་འཛོམས་ཤིང་། ༸གོང་ས་མཆོག་གིས་སྡིངས་ཆའི་རྒྱབ་ཡོལ་ངོས་སུ་༼ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་༽ཞེས་བཀོད་ཡོད་པར་གཟིགས་ནས། ནང་ཆོས་དང་ཚན་རིག་གི་བགྲོ་གླེང་མ་རེད། ངས་ཚན་རིག་པ་རྣམས་དང་ལྷན་དུ་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས་ཀྱི་རྣམ་བཞག་སྐོར་ནམ་ཡང་བགྲོ་གླེང་བྱེད་ཀྱི་མེད། ངས་ནང་པའི་ཚན་རིག་སྟེ་ནང་པའི་གཞུང་ནས་བཤད་པའི་སེམས་ཁམས་རིག་པ་དང་། གཞི་དངོས་པོའི་གནས་ལུགས་སོགས་བགྲོ་གླེང་བྱེད་ཀྱི་ཡོད་པས། ནང་པའི་ཚན་རིག་དང་རིག་གསར་ཚན་རིག་ཅེས་བྲིས་ན་ལེགས་ཞེས་བཀའ་གནང་བ་ལྟར། གྲ་སྒྲིག་པས་གང་མགྱོགས་ཀྱིས་ཚིག་དེ་བརྗེ་བསྒྱུར་བྱས། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འདི་ནི། སོག་ཡུལ་ཆོས་འཁོར་གསུམ་ཐེབས་རྩ་ཚོགས་པ་དང་། ཨུ་ལན་པ་ཐུར་མཐོ་སློབ། ཨུ་ལན་ཕ་ཐུར་འཕྲུལ་རྩལ་མཐོ་སློབ་བཅས་མཉམ་འབྲེལ་ཐོག་གོ་སྒྲིག་བྱས་པ་ཞིག་རེད་འདུག།

 བགྲོ་གླེང་འགོ་བརྩམས་པའི་ཐོག་མར། སོག་པོའི་བླ་མ་མཁན་པོ་ཆོས་རྒྱ་མཚོ་ལགས་ཀྱིས། འདི་ལྟ་བུའི་ཚན་རིག་པ་དང་བགྲོ་གླེང་གི་ཚོགས་འདུ་ཞིག་ཆེན་པོ་ཧོར་གྱི་ཡུལ་དུ་ཚོགས་པ་ཐེངས་དང་པོ་ཡིན་ལ། འདི་ལྟ་བུའི་ཚོགས་འདུ་བསྐོང་དགོས་པའམ་བསྐོང་ཐུབ་པ་ནི། སྤྱི་ནོར་ ༸གོང་ས་ ༸རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་བཀའ་དགོངས་དང་བྱིན་རླབས་ཁོ་ན་ཡིན། དེ་བཞིན་༸གོང་ས་མཆོག་གིས་ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོར་གཟིགས་ནས་དེ་རིང་དངོས་སུ་ཚོགས་མགོན་དུ་ཕེབས་པ་རེད། ང་ཚོས་༸གོང་ས་མཆོག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་བགྲོ་གླེང་གི་ཚོགས་འདུ་མུ་མཐུད་ཚོགས་ཐུབ་པའི་རེ་བ་དང་ཆོད་སེམས་ཡོད་ཅེས་ངོ་སྤྲོད་གསུང་བཤད་གནང་། 

༸གོང་ས་མཆོག་གིས་གསུང་དོན། རྒྱ་གར་དང་ཨ་རི།  ཉི་ཧོང་སོགས་ནས་འདི་ལྟ་བུའི་ཚན་རིག་ཚོགས་འདུ་ཐེངས་མང་པོ་ཚོགས་ཡོད་ལ། ཨ་རིའི་ནང་དེ་འབྲེལ་༼སེམས་དང་སྲོག་གི་ཞིབ་འཇུག་ཁང་༽ཆུང་ཆུང་ཞིག་ཀྱང་བཙུགས་ཡོད། ནང་ཆོས་ཀྱི་ཚན་རིག་དང་རིག་གསར་གྱི་ཚན་རིག་གི་བགྲོ་གླེང་ནི་ཕན་ཐོགས་ཡོད་པ་ཞིག་རེད། སྐབས་རེར་ནུབ་ཕྱོགས་སུ་ཚོགས་དུས། ནུབ་ཕྱོགས་ཀྱི་ཆོས་ལུགས་རྒྱབ་ལྗོངས་ཡེ་ཤུས་ཡིན་པས་ཅུང་ཙམ་མ་བདེ་བ་བྱུང་མོད། འོན་ཀྱང་སོག་ཡུལ་དང་། ཉི་ཧོང་། ཐའེ་ཝན་ལྟ་བུར་ཚོགས་ན་འོས་ཤིང་འཚམས་པར་མཐོང་། དེའི་ཕྱིར་དེ་རིང་སོག་ཡུལ་དུ་ཚོགས་ཐུབ་པར་དགའ་བསུ་དང་། དམིགས་བསལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད་ཅེས་དང་། ངོས་ནས་འདས་པའི་ལོ་སུམ་ཅུའི་རིང་ཚན་རིག་པ་དང་བགྲོ་གླེང་བྱས་པ་ཡིན། ལྷག་པར་དུ་ནུབ་ཕྱོགས་ཀྱི་དབང་རྩའི་ཚན་རིག་དང་། དངོས་ཁམས་ཚན་རིག  སེམས་ཁམས་རིག་པ། འཇིག་རྟེན་འཕེལ་འགྲིབ་རིག་པ་སོགས་ཀྱི་ཚན་རིག་པ་དང་འབྲེལ་མོལ་བྱས་ཤིང་།  ནང་པའི་ཚན་རིག་དང་རིག་གསར་ཚན་རིག་དབར་ཕན་ཚུན་བགྲོ་གླེང་དང་ལེགས་ཆ་ལེན་རེས་བྱས་ཏེ་ཡར་རྒྱས་བཏང་ན། ཕན་ཚུན་གཉིས་ཀར་ཕན་ཐོགས་ཡོད་པ་མ་ཟད། སྤྱི་ཚོགས་ལ་ཡང་ཕན་བདེ་བསྒྲུབ་ཐུབ་ཅེས་གསུངས།

སྔ་དྲོའི་བགྲོ་གླེང་པ་སོག་པོ་དགའ་ལྡན་དགོན་པའི་དགེ་བཤེས་ཤིག་ནས་སོག་ཡུལ་གྱི་སྤྱི་ཚོགས་སུ་ནང་ཆོས་ཀྱི་བསླབ་བྱ་དང་བཟང་སྤྱོད་དགོས་གལ་ཆེན་པོ་ཡིན་པའི་སྐོར་དང་། བགྲོ་གླེང་མཁན་གཉིས་པ་ཨ་རིའི་ཁ་ལི་ཧྥོ་ལི་ཡའི་མཐོ་སློབ་ནས་ཕེབས་པའི་རྒྱ་རིགས་བུད་མེད་(ཐའེ་ཝན་མི་རྒྱུད)དབང་རྩའི་ཚན་རིག་གི་འབུམ་རམས་པ་ཝང་ལགས་ནས། དབང་རྩའི་ཚན་རིག་གི་སྒོ་ནས་དཔྱད་སྒོམ་བྱ་ཚུལ་ལ་སོ་སོའི་ཉམས་ཞིབ་ཀྱི་གྲུབ་དོན་ངོ་སྤྲོད་བྱས་ཤིང་། དེ་དག་ལ་༸གོང་ས་མཆོག་ནས་ཀྱང་འགྲེལ་བརྗོད་དགོངས་ཚུལ་གསུངས།  

དེ་རིང་ཉིན་གུང་གི་གསོལ་ཚིགས་སུ་རྒྱ་གར་གཞུང་ཚབ་ཆེན་མོ་ནས་གདན་ཞུས་བཞིན་ཕེབས་ཤིང་། ༸གོང་ས་མཆོག་སྐུ་འཁོར་ཧྲག་བསྡུས་ལ་རྒྱ་གར་གཞུང་ཚབ་ཁང་དུ་རྒྱ་གར་གྱི་སྲོལ་རྒྱུན་ཞལ་ཟས་འབྲས་དང་ལྡཱ་ལི། ནཱན་དང་རོ་ཌིས་སོགས་རོ་བརྒྱ་ལྡན་པའི་ཟས་རིགས་ཀྱི་གསོལ་སྟོན་བཤམས། 

ཕྱི་དྲོའི་བགྲོ་གླེང་ཐོག་སོག་པོའི་མཐོ་སློབ་ཀྱི་ཉམས་ཞིབ་པ་ Boldsaikhan ལགས་དང་། སོག་རིགས་དངོས་ཁམས་རིག་པའི་མཁས་དབང་ K.Namsrai ཨ་རིའི་མེ་ཌི་སན་ཀླད་རྩའི་ཞིབ་འཇུག་ཁང་ནས་ཕེབས་པའི་འབུམ་རམས་པ་སོགས་ཀྱིས། དངོས་ཁམས་ཚན་རིག་དང་ནང་པའི་ལྟ་གྲུབ་དབར་གྱི་གཞི་མཐུན། སྨན་རྫས་ཀྱི་ནུས་པ་ལ་མ་བརྟེན་པར་ཞི་གནས་སྒོམ་པས་ལུས་ཀྱི་ན་ཟུག་ལ་སྟངས་འཛིན་བྱ་ཕྱོགས། གསར་བྱུང་སྐྱེས་ཁམས་རིག་པ་དང་ནང་ཆོས་བར་གྱི་འབྲེལ་བ་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ཞིབ་རྒྱས་གནང་། 

ནང་པ་དད་ལྡན་ཞིག་ཡིན་པ་དང་ཚན་རིག་པ་ཞིག་ཀྱང་ཡིན་པའི་སོག་པོའི་དངོས་ཁམས་རིག་པའི་མཁས་པ་རྒན་པ་དེས། དངོས་ཁམས་ཆ་རྡུལ་རིག་པའི་ལྟ་གྲུབ་དང་ནང་ཆོས་ཀྱི་ལྟ་གྲུབ་གཉིས་ཀྱི་བཞེས་སྲོལ་ཧ་ཅང་མཐུན་པ་མ་ཟད། ནང་ཆོས་སུ་གསལ་བའི་རྟེན་འབྱུང་ལྟོས་བཅས་ཀྱི་ལྟ་གྲུབ་དེ་ལས་ཟབ་ཅིང་རྒྱ་ཆེ་བ་ཡིན་པར་སྨྲ་བའི་གདེང་ཚོད་ལྡན་པའི་གཏམ་བཤད་ལ། ༸གོང་ས་མཆོག་དམིགས་བསལ་ཐུགས་དགྱེས་ཚོར་ཆེན་པོ་གནང་།

མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ཚན་རིག་པས་ཚོད་ལྟ་བྱས་པ་བརྒྱུད་ནས་འགྲོ་བ་མིའི་རང་གཤིས་བྱམས་བརྩེའི་རང་བཞིན་ཡིན་པ་ར་འཕྲོད་བྱུང་ཡོད་ལ། དེའི་ཕྱིར་ང་ཚོས་ཤེས་ཡོན་ཡར་རྒྱས་ཀྱི་སྒོ་ནས་འགྲོ་བ་མིའི་རྒྱུད་ཀྱི་བྱམས་བརྩེ་གོང་མཐོར་བཏང་ན། འབྱུར་འགྱུར་ང་ཚོའི་འཛམ་གླིང་འདི་བྱམས་བརྩེ་ལྡན་པའི་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་ཐུབ་ཅིང་། དེ་ལ་ང་ཚོར་རེ་བ་དང་ཆོད་སེམས་ཡོད་དགོས། དེ་རང་གི་ཚོགས་འདུ་འདི་ལྟ་བུའི་དམིགས་ཡུལ་ཡང་དེ་རེད་ཅེས་ཕྱོགས་བསྡོམས་གནང་། བགྲོ་གླེང་གི་སྐད་རིག་གཙོ་བོ་སོག་སྐད་ཡིན་པ་དང་། ལོ་ཙཱ་བ་དག་གིས་དབྱིན་སྐད། བོད་སྐད་ཐོག་དུས་མཉམ་མམ་ཅིག་ཅར་དུ་བསྒྱུར་ནས་ཕན་ཚུན་གོ་བརྡ་སྤྲོད་པར་བྱས། 

དེ་རིང་གི་མཛད་རིམ་དངོས་གཞི་ལེགས་གྲུབ་ཟིན་ཏེ་ཕྱིར་བཞུགས་ཡུལ་མགྲོན་ཁང་དུ་འབྱོར་མཚམས། སྔ་ཉིན་ལྟར་དད་ལྡན་བརྒྱ་ཕྲག་གསུམ་ཙམ་གྱིས་མགྲོན་ཁང་གི་ཚོམས་ཆེན་དུ་ཕེབས་སྒུག་ཞུས་པར། ༸གོང་ས་མཆོག་གིས་རེ་རེ་བཞིན་བྱམས་བརྩེས་དད་མཇལ་གནང་ཞིང་། ཚོ་སྐོར་བྱས་ཏེ་སྐུ་པར་སྒྲོན་ནས་དད་ལྡན་རྣམས་ཀྱི་རེ་བ་བསྐངས་ཤིང་ཡིད་དགའ་མགུས་ཁེངས་པར་བྱས། དགུང་གྲངས་བརྒྱད་ཅུ་བརྒལ་ཀྱང་འགྲོ་བ་སེམས་ཅན་གྱི་ཕན་བདེའི་དོན་དུ་སྐུའི་ངལ་དུབ་ལ་ཅི་མི་སྙམ་པའི་མཛད་པ་ནི། ཁྱོད་ནི་འགྲོ་བའི་དོན་གྱི་སླད།།ཅུང་ཟད་ཙམ་ཡང་མི་ངལ་ཞིང་།།ཞེས་དང་། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི །འགྲོ་ལ་ཆགས་པས་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་ཞེས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉག་གཅིག་ཏུ་ངེས་སོ།། 

(ཆིབས་ཞབས་སུ་སྐུ་བཅར་དྲུང་ཆེའི་མིང་འཛིན་པ་རྔ་བ་ཚེ་རྒྱམ་གྱིས་རགས་ཟིན་དུ་བཀོད།)