ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དབུ་འཛུགས།

མདུན་ངོས། / ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དབུ་འཛུགས།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༩ ནས་ཟླ་ ༩ བའི་ཚེས་ ༡ བར་ཉིན་གྲངས་བཞིའི་རིང་ཨེ་ཤ་ཡའི་ཨིནྜི་ནི་ཞིས་ཡ་དང་ཀོ་རུ་ཡ། མ་ལེ་ཞིས་ཡ། སངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་བཅས་ནས་སླེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།  

དེ་ཡང་ཟླ་ ༨ ཚེས་ ༢༩ སྔ་དྲོ་ཕྱག་ཚོད་ ༨།༥༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཨེ་ཤ་ཡའི་ཆོས་ཞུ་བའི་འབྲེལ་ཡོད་ལས་སྣེ་སོགས་ནས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་མཚམས་དགེ་འདུན་པ་ཁག་གཅིག་གིས་པ་ལིའི་མདོ་གསུང་འདོན་གནང་བ་དང་།  དེ་རྗེས་རྒྱ་ནག་གི་སྐད་ཀྱི་ཐོག་ཤེར་ཕྱིན་གྱི་མདོ་གསུང་འདོན་གནང་གྲུབ་རྗེས་༸གོང་ས་མཆོག་གིས། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།ཅེས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཕྱག་ཕུལ་རྗེས་བཀའ་སློབ་སྩལ་དོན།  

དེ་རིང་འཛམ་གླིང་ཤར་མའི་ནང་པའི་ཡུལ་གྲུ་ཁག་མང་པོ་གཅིག་ནས་ཁྱོད་ཚོ་འདིར་འཛོམས་པ་རེད། འཛམ་གླིང་ཤར་མའི་ནང་པའི་ཡུལ་གྲུ་ཁག་ནས་འདིར་འཛོམས་རྒྱུ་ལོ་ཤས་སྔོན་ནས་འགོ་ཚུགས་པ་རེད། ལོ་རེ་ནས་ལོ་རེར་དོ་སྣང་བྱེད་མཁན་མང་དུ་འགྲོ་བ་དང་འཛོམས་མཁན་ཡང་མང་དུ་འགྲོ་བཞིན་པ་ལྟ་བུ་འདུག  དེ་རིང་འདིར་ཕོན་ཆེན་པོ་ཞིག་ཕེབས་ཡོད་པ་རེད། ཁྱོད་རང་ཚོར་འདིར་འགྲིམས་འགྲུལ་དང་བཞུགས་ས་གང་ཅིའི་ཐད་ནས་སྐུ་མཉེལ་བོ་ཡོད་ཀྱང་དོ་སྣང་ཆེན་པོ་གནང་ནས་ཕེབས་པ་རེད། ཚང་མར་དགའ་བསུ་དང་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། 

འདིར་འཆར་ཅན་པ་ལིའི་མདོ་གསུངས་འདོན་བྱེད་ཀྱི་ཡོད། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་དང་པོ་གསུངས་པའི་སྐབས་ཀྱི་བདེན་བཞིའི་མདོ་གཙོ་བོར་གྱུར་བའི་འདུལ་བའི་གཞུང་སོགས་པ་ལིའི་ནང་དུ་ཡོད་པ་དང་། ལོ་རྒྱུས་ཀྱི་བྱུང་བའི་རིམ་པའི་དབང་དུ་བྱས་ནའང་དེ་ནི་སྔ་ཤོས་ཆགས་ཡོད། ངོས་ནས་ནམ་རྒྱུན་པ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཆགས་ཡོད་པ་རེད་ཅེས་ཞུ་བཞིན་ཡོད། དེ་རིང་ཡང་འཆར་ཅན་ལྟར་པ་ལའི་མདོ་གསུངས་པ་དང་། དེ་རྗེས་ཤེས་རབ་སྙིང་པོ་གསུངས་པ་རེད། ལེགས་སྦྱར་གྱི་གཞུང་གི་གཙོ་བོ་ནི་ཤེར་ཕྱིན་གྱི་མདོ་ཆགས་ཡོད། ཤེར་ཕྱིན་གྱི་མདོའི་རྗེས་སུ་འབྲངས་མཁན་རྒྱ་ནག་གཙོ་བོར་གྱུར་བའི་ཡུལ་གྲུ་ཁག་ཏུ་ཤེས་རབ་སྙིང་པོ་ནམ་རྒྱུན་འདོན་བཞིན་ཡོད་པ་རེད། དང་པོ་རྒྱ་གར་ནས་ཕར་རྒྱ་ནག་ལ་དར་དུས་ཕལ་ཆེར་ཤེར་གྱི་མདོ་གཙོ་བོ་ཆགས་ཡོད་པས་རྒྱ་སྐད་ཀྱི་ཐོག་ཤེར་ཕྱིན་གྱི་མདོ་གསུངས་རྒྱུ་བྱས་པ་རེད། སང་གནངས་ནས་ཀོ་རུ་ཡ་དང་ཝེ་ནམ་སོགས་ལའང་ལས་བགོས་ལྟ་བུར་བང་སྒྲིག་བཞག་ཡོད། པ་ལའི་གཞུང་དེ་རིམ་པ་དང་པོ་དང་།  ལེགས་སྦྱར་གྱི་གཞུང་དག་ནི་རྗེས་སུ་བྱུང་བ་རེད། 

ནམ་རྒྱུན་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོར་བརྩི་བཞིན་ཡོད་པ་དང་། ནང་ཆོས་ངོ་འཕྲོད་ནས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་སྟེ་རིམ་པ་གཉིས་སུ་ཕྱེ་བཞིན་ཡོད། དེ་རིང་ནང་ཆོས་ངོ་སྤྲོད་དང་ལག་ལེན་གྱི་རིམ་པ་གཉིས་ཀ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྟེང་ནས་བཤད་རྒྱུ་དང་། མགོན་པོ་ཀླུ་སྒྲུབ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་ཧ་ཅང་མང་པོས་གཙུག་ཏུ་བཀུར་བ་ཞིག་དང་། དེའི་རྒྱུ་མཚན་ནི་ཤེར་ཕྱིིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་ཀླུ་སྒྲུབ་ལ་བཀའ་བབ་ཡོད་པ་དང་། དེར་བརྟེན་དཔལ་མགོན་ཀླུ་སྒྲུབ་ཀྱིས་རིག་ཚོགས་དྲུག་ལ་སོགས་པ་མཛད་ནས་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོར་འདོན་བྱས་ཏེ་གཏན་ལ་ཕབ་ཡོད། དེ་ལྟ་བུའི་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་མཁས་པ་དང་གྲུབ་མཐའ་སྨྲ་བའི་རྣམ་དཔྱོད་ཀྱི་ཐོག་ནས་གསུངས་པ་ཙམ་མ་ཡིན།

ང་རང་ཚོ་ཕུང་བྱེད་དེ་ཉོན་མོངས་ཡིན། ཆོས་ཆོས་སུ་སོང་བ་ཞིག་དང་ལྷག་པར་ཏུ་སངས་རྒྱས་པའི་ཆོས་ཆོས་སུ་སོང་བ་ཞིག་ཡོང་བ་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཉོན་མོངས་ལ་གཉེན་པོར་འགྲོ་བ་གཅིག་དགོས་ཀྱི་ཡོད། ཉོན་མོངས་ཀྱི་མགོ་གནོན་མཁན་དང་རིམ་གྱིས་ཉོན་མོངས་བག་ཆགས་དང་བཅས་པ་བཅོམ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་དང་། དེ་ལ་ཆོས་དཀོན་མཆོག་ཟེར་གྱི་ཡོད། ཉོན་མོངས་ལ་དངོས་སུ་གཉེན་པོ་བྱེད་མཁན་ཞིག་དང་། དེས་ཉོན་མོངས་སྤངས་པའི་བྲལ་བའི་ཡོན་ཏན་ནི་རྷརྨ་ཞེས་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ལ་རྷརྨ་ཞེས་ཟེར་གྱི་ཡོད། 

སངས་རྒྱས་པའི་ཆོས་ཡིན་ཕྱིན་དངོས་བརྒྱུད་གང་རུང་ནས་ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་ཞིག་དགོས་པ་དང་། དེར་མ་སོང་ཚེ་སངས་རྒྱས་པའི་ཆོས་མིང་དོན་མཚུངས་པ་ཞིག་ཆགས་ཀྱི་མེད།  དེར་བརྟེན་སྟོང་པ་ཉིད་ཀྱི་ལྟ་བའི་སྐོར་དེ་ཤེར་ཕྱིན་གྱི་དངོས་བསྟན་བརྗོད་བྱ་རེད་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་དེའི་སྐོར་རྩལ་ཏུ་བཏོན་ནས་འགྲེལ་བཤད་སྐྱོན་ཡོད། དེ་ཡང་གཙོ་བོ་དབུ་མ་རྩ་བ་ཤེས་རབ་རེད། དབུ་མ་རྩ་བ་ཤེས་རབ་ནི་རྒྱ་ཡིག་ནང་དུའང་སྔ་མོ་ནས་བསྒྱུར་ཟིན་པ་རེད།  དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་སོགས་དབུ་མའི་གཞུང་མང་པོ་ཞིག་རྒྱ་ཡིག་ནང་ལ་སྔ་མོ་ནས་ཡོད་པ་རེད། དེར་བརྟེན་རྒྱ་ཡིག་དང་འབྲེལ་བ་ཡོད་པའི་ཀོ་རུ་ཡ་དང་། ཝེ་ཏི་ནམ། ཉི་ཧོང་སོགས་ཚང་མར་འབྲེལ་བ་ཆགས་ཀྱི་ཡོད། བོད་ཡིག་ནང་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་ང་ཚོས་རྒྱལ་བ་གཉིས་པ་ལྟ་བུར་བརྩི་བཞིན་ཡོད། ཁོང་གིས་མཛད་པའི་གཞུང་ལ་བལྟས་ཚེ་དངོས་གནས་རྒྱལ་བ་གཉིས་པ་ལྟ་བུ་ཆགས་ཡོད།  དེར་བརྟེན་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་ཅེས་གཙོ་བོ་རྩ་བ་ཤེས་རབ་དང་། དེ་ལས་འཕྲོས་པའི་སྟོང་ཉིད་བདུན་ཅུ་པ་དང། རྩོད་ཟློག  ཞིབ་མོ་རྣམ་འཐག་དང་།   སྟོང་ཉིད་ཀྱི་ལྟ་བ་དེ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་ཙམ་དུ་མ་ཟད། སྤྱིར་ངེས་ལེགས་ཐར་བའི་གོ་འཕང་སྒྲུབ་པ་ལའང་སྟོང་ཉིད་ཀྱི་ལྟ་དགོས་པ་རེད་ཅེས་རིགས་པ་དྲུག་ཅུ་པའི་ནང་གསུངས་ཡོད་པ་རེད། 

ལུགས་ཀྱི་བསྟན་བཅོས་ཞེས་གསུངས་སྲོལ་ཡོད་པ་དབུ་མ་རིན་ཆེན་ཕྲེང་བ་འདི་ནི་རྒྱལ་པོ་ཞིག་ལ་གདམས་པའི་སྤྲིངས་ཡིག་ཅིག་ལྟ་བུ་རེད།  དཔེར་ན་བཤེས་སྤྲིངས་ལྟ་བུ་ཆགས་ཡོད།  ཡིན་ནའང་། འདིའི་ལེའུ་དང་པོར་མངོན་འདོད་སྒྲུབ་པའི་ཐབས་དང་ངེས་ལེགས་སྒྲུབ་པའི་ཐབས་ཞེས་ཧ་ཅང་གསལ་པོ་དང་འདུས་ཆེན་པོ་ཞིག་གསུངས་ཡོད་པ་རེད། དེའི་གཤམ་དུ་བསླབ་བྱ་མང་པོ་དང་དེ་བཞིན་བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱི་སྐོར་ཡང་ཐོན་གྱི་ཡོད། དེར་བརྟེན་ངོས་ཀྱིས་གཞུང་འདི་ཁྱབ་ཆེན་པོ་བྱུང་ན་ཕན་ཐོགས་ཡོང་གི་རེད་དྲན་གྱི་ཡོད། 

རིན་ཆེན་ཕྲེང་བའི་གསུང་ཆོས་ན་ནིང་ནས་འགོ་བཙུགས་ཏེ་ལེའུ་དང་པོ་དེ་ཟིན་ནས་ལེའུ་གཉིས་པ་ནས་མར་འདོན་རྒྱུའི་རྩིས་ཡིན་ཡང་། དེ་རིང་འདིར་ཕེབས་པའི་མང་པོ་ཞིག་ཐེངས་དང་པོ་མ་རེད་དམ། དེར་བརྟེན་རིན་ཆེན་ཕྲེང་བའི་དབུ་ནས་འགོ་བཙུགས་ཏེ་ལུང་ཆ་ཚང་ཀློག་དགོས་དོན་མི་འདུག  ལེའུ་དང་པོ་ནས་བརྗོད་བྱ་གཙོ་ཆེ་བ་དེ་དག་ལ་འགྲེལ་བཤད་རོབ་ཙམ་ཞུས། ཁྱོད་རང་ཚོར་དབུ་མ་རིན་ཆེན་ཕྲེང་བའི་དཔེ་ཆ་ཡོད་པ་རེད། དུས་རྒྱུན་རྩ་ཆེན་པོ་དང་བྱིན་རླབས་ཆེན་པོ་རེད་ཅེས་སྨོན་ལམ་རྒྱག་པ་ལྟ་བུར་མ་བཞག་པར་དཔེ་ཆ་དེ་སློབ་དེབ་རང་ལ་རྩིས་ཏེ་དུས་ནས་དུས་སུ་ཀློག་ཏེ་བསམ་བློ་ཐོངས།    སོ་སོར་ཁོམ་སྐབས་དང་དོ་སྣང་ཡོད་ཚེ་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་སླེབས་དུས་དབུ་མ་རྩ་བ་ཤེས་རབ་སོགས་ལ་བལྟ་ཐུབ་པ་ཞིག་དང་། བྱང་ཆུབ་སེམས་ཀྱི་སྐོར་ལ་སླེབས་དུས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས་ལྷག་པ་མེད་པས་དེ་ལ་བལྟས་པ་ཡིན་ན་ཧ་ཅང་ཡག་པོ་ཡོང་གི་རེད། དེར་བརྟེན་དེ་རིང་རིན་ཆེན་ཕྲེང་བའི་དབུ་ནས་འདོན་དགོས་བསམ་ཡོད། 

ཚེས་ ༢༩ ནས་ ༣༠ བར་དུ་རིན་ཆེན་ཕྲེང་བའི་འགྲེལ་བཤད་དང་། ཟླ་ ༩ ཚེས་ ༡ ཉིན་ཁྱོད་རང་ཚོའི་གྲ་སྒྲིག་ཚོགས་ཆུང་གིས་དབང་ཞིག་གནང་རོགས་ཞེས་ཞུ་བཞིན་འདུག་པས་བླ་མའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱང་ཡོད་པ་རེད། སྤྱན་རས་གཟིགས་རྒྱ་བ་རྒྱ་མཚོ་དང་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྟ་བུའང་ཡོད་པ་རེད། ༸གོང་ས་ལྔ་བ་ཆེན་པོའི་དག་སྣང་ཡང་སྟབས་བདེ་བོ་འདུག བྱ་བརྒྱུད་ཀྱི་དབང་དུ་བྱས་ན་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དེ་ཡང་སྟབས་བདེ་བོ་ཡོད་པ་རེད། དེར་བརྟེན་ངོས་ཀྱིས་བལྟ་གི་ཡིན། ཞེས་སོགས་བཀའ་སློབ་སྩལ་རྗེས་གསོལ་ཇ་བཞེས་བག་འདེགས་འབུལ་ཞུས་པ་དང་། མུ་མཐུད་བྱམས་བརྩེའི་བསླབ་བྱ་དང་སྐུའི་མཛད་འགན་ཆེན་པོ་གསུམ་ལས་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་དང་། དེ་ནས་སངས་རྒྱས་པའི་ཆོས་ལུགས་ཀྱི་བྱུང་རིམ་སོགས་ཀྱི་སྐོར་ལ་བཀའ་སློབ་གཟབ་རྒྱས་མཛད་རྗེས་ཆུ་ཚོད་བཅུ་བ་ཙམ་ནས་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གསོལ་སྩལ་གནང་བ་ལྟར་ཆོས་ཞུ་བ་ཁག་གཅིག་གིས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་རྗེས། བདེན་བཞི་ལས་བརྩམས་པའི་བཀའ་ཆོས་གཟབ་རྒྱས་སྩལ་ཏེ་ཆུ་ཚོད་བཅུ་གཅིག་ཡོལ་མཚམས་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཅེས་བསྔོ་བ་མཛད་དེ་ཉིན་དང་པོའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་པ་བཅས།།