ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེ་རུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

མདུན་ངོས། / ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེ་རུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཨ་རིའི་ཁེ་ལི་ཕོར་ནི་ཡ་ California མངའ་སྡེའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སི་Los Angeles ནང་མཛད་འཆར་གྱི་ཐོག་མར་བྱམས་བརྩེ་དར་སྤེལ་དོན་གཉེར་བ་བུད་མེད་འགོ་ཁྲིད་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་ཇི་ལྟར་གདན་ཞུས་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བུད་མེད་ཚོར་བྱམས་བརྩེ་གོང་སྤེལ་གཏོང་རྒྱུར་ནུས་པ་དམིགས་བསལ་ཞིག་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།

དེ་ཡང་བུད་མེད་ནུས་པ་ལྡན་པ་དང་། འཛིན་སྐྱོང་འགན་འཛིན། སྒྱུ་རྩལ་བ། བརྒྱུད་ལམ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༢༧༥ བརྒལ་བ་འདུ་འཛོམས་ལ་ཆིབས་སྒྱུར་བསྐྱངས་པ་དང་།  དེར་༸གོང་ས་མཆོག་གི་སྐུ་ཚེ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་བརྒྱུད་མགོན་པོ་གང་ཉིད་མཆོག་ངོ་སྤྲོད་ཞུས་པ་དང་། དེ་ནས་ཨ་ེན་ཧེམ་ Anaheim གྲོང་ཁྱེར་སྤྱི་ཁྱབ་ཀྱི་སྐུ་ཟླ་ལྕམ་སྐུ་ཇུ་ལི་ཊེཊ་Julie Tait ལགས་ཀྱིས་༸གོང་མཆོག་སྡིངས་ཆའི་སྟེང་གདན་ཞུ་ཞུས་པ་དང་ཚོགས་བཅར་བ་རྣམས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས། སྐབས་དེར་༸གོང་ས་མཆོག་གིས་འཚམ་འདྲི་དང་འབྲེལ་འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པ་དང་སྲོག་ཆགས་གཞན་ལྟར་འཚོ་རྒྱུའི་ཐོབ་ཐོང་ཡོད་པ་མ་ཟད། རང་བྱུང་ཁམས་ལ་བརྟེན་ནས་འཚོ་བཞིན་པའི་ཆ་ཤས་ཤིག་ཡིན་པ་དང་། མི་ཚེ་ཞི་བདེའི་ངང་འཚོ་བ་སྐྱེལ་འདོད་ཡོད་ཚུལ། དེ་བཞིན་ཞི་བདེ་ནི་ཕྱི་ནས་མིན་པར་སེམས་ནང་དགོས་ཀྱི་ཡོད་པས་ཁོང་ཁྲོ་དང་ཕྲག་དོག་གིས་ཞི་བདེ་མེད་པར་བཟོ་བཞིན་ཡོད་ཅེས་སོགས་བཀའ་སློབ་དང་འབྲེལ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་འཇོག་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། བུད་མེད་ཚོ་ལུས་ཁམས་ཀྱི་ཆ་ནས་མི་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་ཚོར་བ་ཤུགས་ཆེ་བ་ཡོད་པ་དང་། གལ་ཏེ་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བུད་མེད་ཀྱི་གྲངས་འབོར་མང་བ་ཡོད་ཚེ་འཛམ་གླིང་འདི་ཞི་བདེའི་གནས་ཤིག་ཆགས་ངེས་ཡིན་པ་དང་།  བུད་མེད་ཚོས་དམིགས་བསལ་འབད་བརྩོན་ཐོག་དེང་གི་སྤྱི་ཚོགས་ནང་དུ་བྱམས་བརྩེ་གོང་འཕེལ་ཡོང་ཆེད་འགན་མང་ཙམ་བཞེས་དགོས། བུད་མེད་ཚོར་དམན་པ་དང་ཞན་པ་འཛིན་པའི་བསམ་བློ་ནི་ཆེས་རྗེས་ལུས་ཀྱི་མཚོན་རྟགས་ཤིག་ཡིན། ལོ་ཤས་གོང་ངོས་ལ་ཧྥ་རིན་སིའི་དུས་དེབ་ཀྱི་རྩོམ་སྒྲིག་པས་མ་འོངས་པར་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མའི་ཡང་སྲིད་འབྱུང་སྲིད་དམ། ཞེས་འདྲི་སྐབས། ཕེབས་སྲིད་པ་རེད། ཅེས་བརྗོད་པ་ཡིན།  བུད་མེད་ཚོར་རང་བཞིན་ལྷན་སྐྱེས་སུ་བྱམས་བརྩེའི་ནུས་པ་ཤུགས་ཆེ་བ་ཡོད་སྟབས། བུད་མེད་རྣམས་ཀྱིས་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་ལེགས་བཅོས་གནང་རྒྱུའི་འགན་འཁྲི་འཕར་མ་བཞེས་དགོས་པ་དང་། དེ་ལྟར་གནང་ཚེ་མ་འོངས་པར་འཛམ་གླིང་འདིའི་ཐོག་བྱམས་སྙིང་རྗེ་ལྡན་པའི་འགོ་ཁྲིད་མང་པོ་ཐོན་གྱི་རེད། ཅེས་དང་། དེ་ནས་རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་དྲན་གསོ་མཛད་པ་དང་འབྲེལ་ཨ་མ་ནི་འཛམ་གླིང་འདིའི་སྟེང་འགྲོ་བ་མི་རིགས་ཡོངས་ལ་བྱམས་བརྩེའི་རིན་ཐང་སློབ་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་སྐོར་སོགས་བཀའ་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་མཐུན་སྒྲིལ་དགོས་སྐོར་ཡང་བཀའ་སློབ་སྩལ་ཡོད་པ་རེད། 

གཞན་ཡང་ལོ་སི་ཨེན་ཇི་ལེ་སི་གྲོང་ཁྱེར་དུ་ཡོད་པའི་ Friends of the Dalai Lama ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དེའི་ངོ་དེབ་བརྒྱུད་ཨ་རིའི་གསར་འགོད་པ་དང་ལས་འགུལ་བ། རྩོམ་པ་པོ་གྲགས་ཅན་ Maria Schriver ལགས་ཀྱིས་ཐད་གཏོང་བཅར་འདྲི་ཞུས་པར་༧གོང་ས་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་ངལ་མང་དག་གཅིག་གི་གཞི་རྩ་གཙོ་བོ་ནི་རང་དོན་གཙོ་བཟུང་དང་འཁོན་འཛིན་སོགས་ཀྱི་དབང་གིས་བྱུང་བཞིན་ཡོད་པ་དང་།  དཀའ་ངལ་དེ་དག་སེལ་ཆེད་འགྲོ་བ་མི་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་སྙིང་རྗེ་དང་བརྩེ་སེམས་གྱི་བསམ་བློ་གོང་མཐོར་གཏོང་དགོས་ལུགས་བཀའ་སྩལ།

ཚེས་ ༡༨ ཉིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཝེ་སི་ཊི་མིན་སི་ཊར་དུ་གསར་དུ་བཞེངས་པའི་ཝེ་ཐི་ནམ་ནང་པའི་དགོན་པ་ Dieu Ngu ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པར་བཀའ་བཞེས་ལེགས་པར་ཐོབ་སྟེ་བཀའ་ཆོས་དང་སངས་རྒྱས་སྨན་ལྷའི་བཀའ་དབང་སྩལ་ཡོད་པ་དང་།

དེ་ཡང་ཝེ་ཐི་ནམ་ནང་པའི་དགོན་པ་གསར་པར་ཆིབས་སྒྱུར་བསྐྱངས་སྐབས་དགོན་པ་དེའི་མཁན་པོ་ Thich Vien Ly ལགས་དང་། ཁོང་གི་སྤུན་མཆེད་ Thich Vien Huy ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་བཞུགས་ཁྲིར་༸ཞབས་སོར་མཁོད་བསྟུན། དེར་འདུས་ཝེ་ཐི་ནམ་དང་བོད་རིགས་དགེ་འདུན་པ་རྣམས་ལ་འཚམས་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན། བརྩེ་བའི་སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདིར་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ང་ཚོར་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ལུས་དང་སེམས་གང་གི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཤིག་ཆགས་ཡོད། ངོས་རང་མི་སུ་འདྲ་ཞིག་དང་འཕྲད་སྐབས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་བསམ་པ་དྲན་གྱི་འདུག ང་ཚོ་ཚང་མ་ཐོག་མར་མ་ནས་སྐྱེས་པ་དང་མཐར་འཆི་སྟངས་སོགས་གཅིག་མཚུངས་ཡིན། མའི་བྱམས་བརྩེ་ནི་ཕྲུ་གུའི་འཚར་ལོངས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཚན་རིག་པས་བརྟག་དཔྱད་བྱས་འབྲས་སུ་གཞི་རྩའི་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་་ལྡན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་སེམས་ཞི་བདེ་ཡོང་རྒྱུའི་ཆ་རྐྱེན་གཙོ་བོ་དེ་བྱམས་བརྩེ་ཆགས་ཡོད།  དུས་རྟག་ཏུ་ཞེ་སྡང་དང་འཇིགས་སྣང་སོགས་ཀྱིས་གཞན་དབང་དུ་འགྱུར་ནས་བསྡད་པ་ཡིན་ན། ཆགས་སྡང་གི་བློ་མ་རུང་པ་དེ་དག་གིས་མིའི་ལུས་པོའི་ནང་ནད་སྔོན་འགོག་གི་ནུས་རྫས་ immune systems ཞེས་པ་དེ་ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་རྒུད་འགྲོ་བ་དང་། ལམ་སེང་ནད་ཀྱིས་མནར་ཉེན་ཡོད་པ་བཤད་ཀྱི་ཡོད། དེ་ལས་ལྡོག་སྟེ་གལ་ཏེ་གཞན་ལ་བྱམས་བརྩེ་བྱས་པ་ཡིན་ན་སྙིང་སྟོབས་འཕེལ་ཞིང་སེམས་ནང་ཞི་བདེ་ཡོང་བཞིན་ཡོད། དེར་བརྟེན་ལུས་ཡང་བདེ་ཐང་ཡོང་བཞིན་ཡོད།

སོ་སོའི་མི་ཚེ་འདི་དོན་དང་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ང་ཚོ་མི་ཚེའི་བརྒྱུད་རིམ་ནང་བྱམས་བརྩེའི་རིན་ཐང་མཐོང་གི་མེད། གཞན་ལ་ཇི་ཙམ་བརྩེ་བ་བྱས་ན་སོ་སོའི་ལུས་པོ་བདེ་བ་དང་། སྤྱི་ཚོགས་ནང་ཡིད་ཆེས་བསླེབས་པ་བརྒྱུད། འཆམ་པོ་ཡོང་རྒྱུ། གྲོགས་པོ་མང་བ་བཟོ་ཐུབ་ཀྱི་ཡོད།  ཕྱི་དངོས་པོའི་ཡར་རྒྱས་དང་འགྲན་ཟླ་ཅན་གྱི་དུས་སྐབས་འདིར་བྱམས་བརྩེ་ནི་འབྲེལ་བ་མེད་པ་ལྟ་བུ་སྣང་སྲིད། ཆོས་དད་མེད་མཁན་ཚོས་ནང་སེམས་ཀྱི་ཞི་བདེར་དོ་སྣང་དེ་ཙམ་མེད། ཡིན་ནའང་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་པ་དང་བརྩེ་བ་དགོས་གནད་ཅན་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ནང་ཆོས་ངོ་སྤྲོད་རྒྱས་པ་ཞིག་སྩལ་ཡོད། ཕྱེད་ཡོལ་༸གོང་ས་མཆོག་གིས་སངས་རྒྱས་སྨན་ལྷའི་རྗེས་གནང་བཀའ་དྲིན་སྩལ་ཡོད།

ཚེས་ ༡༩ ཉིན་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཁེ་ལི་ཕོར་ནི་ཡར་གནས་སྡོད་བོད་མི་ ༤༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ།  དེ་ཡང་༸གོང་ས་མཆོག་གིས་བཀའ་སྩལ་དོན། ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་ཆ་བཞག་ན་རྒྱ་ནག་ནང་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་ཚོ་བོད་པ་ཚོར་ཆ་བཞག་ན་ང་ཚོས་མང་གཙོའི་ལམ་གྱི་ཐོག་གཏན་འཁེལ་ཏེ་འགྲོ་བཞིན་ཡོད། བར་སྐབས་ང་ཚོས་འོས་བསྡུའི་ལས་རིམ་སྐབས་ཨ་རི་དང་རྒྱ་གར་གྱི་ཆབ་སྲིད་པ་ཚོར་ལད་ཟློས་ཕྲན་བུ་བྱས་ཡོད། ཁ་ཐུག་དེར་ཐལ་འཚུབ་ཕྲན་བུ་ལངས་སོང་ཡང་ད་ཆ་ཐལ་འཚུབ་འཇགས་ཡོད། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན།

ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ངོས་རང་ཆ་བཞག་ན་ཁ་སང་སྨན་བཅོས་ལ་ཕྱིན་རྗེས་སྨན་པས་གཟུགས་པོའི་མ་རྩ་ཧ་ཅང་ཡག་པོ་འདུག་ཟེར་བྱུང་། སྨན་བཅོས་བྱེད་རྒྱུ་ལས་སླ་པོ་བྱུང་། ངོས་རང་བདེ་ཐག་ཆོད་ཡོད། ན་ནིང་ངོས་རང་རྒྱ་མིའི་སྨན་པ་ཞིག་ཐུག་པ་རེད། ཁོང་གིས་ངོས་ཀྱི་རྩ་དང་གདོང་ལ་བལྟས་ནས་ཞིབ་འཇུག་བྱས་རྗེས་ཕྱོགས་བསྡོམས་དེར་རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་བཞུགས་པ་ལ་ཐེ་ཚོམ་མི་འདུག་ཅེས་བརྗོད་བྱུང་། ཉེ་ཆར་ལོན་ཌོན་གྱི་གནམ་ཐང་དུ་ཁྱུག་ཙམ་བསྡད་སྐབས་ངོས་ཀྱི་ངོ་ཤེས་ཁ་ཤས་ཤིག་ངོས་རང་ཐུག་ཏུ་བསླེབས་པ་རེད། ཁོང་ཚོས་ངོས་ཀྱི་གདོང་ལ་བལྟས་ནས་རྒྱལ་བ་རིན་པོ་ཆེའི་གདོང་ནི་ལོ་ངོ་དྲུག་ཅུ་ཙམ་གྱི་གདོང་བཟོ་འདྲ་འདུག་ཅེས་བརྗོད་བྱུང་།

དེ་ལྟ་བུའི་གཞོན་ཤ་དད་པོ་ཡོང་རྒྱུའི་རྒྱུ་རྐྱེན་གང་ཡིན་སྐོར་འདྲི་སྐབས་ངོས་ཀྱི་རྩེད་མོ་དང་སྦྲགས་དེ་ངའི་གསང་བ་རེད་ངོས་ཀྱིས་བཤད་ཀྱི་མ་རེད་ཅེས་བརྗོད་པ་ཡིན། ངོས་ཀྱིས་དེ་རྗེས་ཁོང་ཚོར་གཞན་དག་གང་ཡང་མེད། དངོས་གནས་དྲང་གནས་ངོས་རང་གི་ཉམས་མྱོང་རང་གི་ཐོག་ནས་སེམས་ཀྱི་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སེམས་ཀྱི་ཞི་བདེ་ཟེར་རྒྱུ་དེ་གླེན་པ་དང་ལྐུག་པ་བྱས་ཏེ་བསམ་བློ་དེ་ཙམ་མ་འཁོར་བར་བསྡད་པ་མིན་པར། བསམ་བློ་ཆ་ཚང་འཁོར་ཏེ་བཟང་ངན་གྱི་གནས་ཚུལ་རྒྱུན་རྐྱེན་དང་བཅས་པ་ཆ་ཚང་ཞིབ་ཚགས་པོ་ཤེས་པར་བྱས། འོན་ཀྱང་སེམས་ཚོར་གྱི་རིམ་པ་མར་བབ་སྟེ་སེམས་ལྷོད་ལྷོད་བསྡད་ཐུབ་རྒྱུ། དེར་གཞན་ཕན་གྱི་བྱང་ཆུབ་སེམས་ཞེས་པས་ཧ་ཅང་ཕན་གྱི་འདུག རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བའི་ལྟ་བས་ཧ་ཅང་ཕན་ཐོགས་འདུག གང་ལྟར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཁམས་ཤེས་པའི་ཐོག་ནས་རྣམ་རྟོག་འདྲ་མིན་སྐྱེས་སྐབས་དེར་གཉེན་པོ་བསྟེན་སྟངས་ཤེས་སྐབས་དེས་སེསམ་ཀྱི་ཞི་བདེ་ཡོང་བར་གཙོ་བོ་དེས་ཕན་ཐོགས་ཡོང་བཞིན་འདུག སེམས་ཀྱི་ཞི་བདེས་གཟུགས་པོའི་གཞོན་ཤ་དོད་པོ་ཡོང་རྒྱུ་དེ་འདི་ལྟར་རེད་ཅེས་བརྗོད་པ་ཡིན།

ཁྱེད་རང་ཚོ་སྤོ་རྨོ་ཆགས་ཚར་མཁན་དེ་ཚོ་དེ་ཙམ་བྱེད་རྒྱུ་གང་ཡང་མེད། སྤོ་རྨོ་མ་ཆགས་མཁན་ཚོ་སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་ཕོ་གསར་མོ་གསར་གྱི་གདོང་དེ་ཡུན་རིང་བསྡད་ཀྱི་རེད། ཅེས་དང་། ཁྱེད་རང་ཚོ་ས་ཁུལ་གང་དུ་བསྡད་ཀྱང་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་དེ་མ་བྲལ་བར་བོད་སྤྱི་པའི་ལ་རྒྱ་དང་། བོད་རྒྱ་ཆེའི་མི་མང་གིས་ད་བར་དཀའ་ལས་བརྒྱབ་སྟེ་ཆབ་སྲིད་ཀྱི་ཐོག་ནས་བོད་དུམ་བུར་ཕྱིན་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་མི་རབས་ནས་མི་རབས་ལོ་སྟོང་ཕྲག་ལྷག་གི་རིང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཀྱི་བོད་ཀྱི་རིག་གཞུང་བདག་པོ་བརྒྱབ་སྟེ་བསྡད་པ་རེད། ང་ཚོས་ཀྱང་དེ་དེ་བཞིན་གཟབ་གཟབ་བྱོས་ཨང་། ཆབ་སྲིད་ཀྱི་འབོད་སྒྲ་སྒྲོག་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་གཙོ་བོ་དུས་རྒྱུན་ལྡན་ནས་སོ་སོ་བོད་མི་རིགས་ཀྱི་ཁྱད་ཆོས་དེ་སོ་སོའི་གོམས་གཤིས་ལ་འཇགས་པ་བྱེད་དགོས། བོད་པ་ཞེས་བརྗོད་སྐབས་དཔེ་མཚོན་ཐུབ་རྒྱུ་ཞིག་བྱེད་དགོས། གཞན་བར་སྐབས་བོད་པ་ནང་ཁུལ་གསོད་རེ་གཏོང་རྒྱུ་བྱུང་ཡོད། དེ་ཚོ་གྲས་ཁག་མེད། འོན་ཀྱང་སྐྱོན་དེ་སྐྱོན་དུ་མཐོང་བའི་སྒོ་ནས་དེ་ལྟ་བུ་མི་ཡོང་བའི་སྔོན་འགོག་དེ་རྒན་པ་ཚོས་གཞོན་པ་བསླབ་ཡིན་ནའང་རེད། ཡང་ན་ཁྱེད་རང་ཚོ་ནང་ཚགས་ཡིན་ནའང་རེད། གང་ལྟར་ང་རང་ཚོ་ཞི་བདེ་བག་དང་ལྡན་པའི་མི་རིགས་ཤིག་ཡིན་པ་དེ་གསོན་གནས་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་རྗེས་ཨ་རིའི་ལྷོ་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ཝེས་མི་ནིས་ཊར་ Westminster ཞེས་པའི་གྲོང་ཁྱེར་ནང་གསར་དུ་བཞེངས་པའི་ཝེ་ཐི་ནམ་ནང་པའི་དགོན་པ་ Dieu Ngu དབུ་འབྱེད་ཀྱི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་ཡོད་པའི་ཝེ་ཐི་ནམ་གཞོན་སྐྱེས་ཚོར་ཡ་རབས་སྤྱོད་བཟང་བྱེད་དགོས་པ་དང་། ལྷག་པར་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུར་གཞོན་སྐྱེས་ཚོར་འགན་འཁྲི་ཡོད་སྐོར་བཀའ་སློབ་སྩལ་ཡོད། །

ཚེས་ ༢༠ ཉིན་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་རྒྱལ་ས་ས་ཀ་ར་མེན་ཏོར་ཡོད་པའི་མངའ་སྡེའི་གཞུང་འབྲེལ་སྣེ་ལེན་ཁང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་མངའ་སྡེའི་སྲིད་སྐྱོང་ཇེ་རི་བྷོ་རོན་Jerry Brown སྟེང་ཞལ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་ཉིན་གུང་ལྗགས་སྨིན་ལྷན་བཞེས་སྐབས་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ Anthony Rendon མཆོག་དང་མངའ་སྡེ་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་ལྷན་ཞུགས་གནང་ཡོད།

དེ་རྗེས་༸གོང་ས་མཆོག་མངའ་སྡེའི་གྲོས་ཚོགས་སུ་ཆིབས་སྒྱུར་སྐབས་ས་གནས་བོད་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་བོད་ཀྱི་རྒྱལ་དར་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་།  མངའ་སྡེའི་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་དབུ་བཞུགས་ཐོག་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཚང་འཛོམས་ཀྱིས་ཐོག་༸གོང་ས་མཆོག་གིས་འདྲ་ཆགས་པོ་བྱ་རྒྱུར་དགའ་པོ་མེད་སྐོར་འགྲེལ་བརྗོད་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། བཀུར་འོས་ཚོགས་གཙོ་རྣམ་པ་དང་སྤུན་ཟླ་ཕོ་མོ་ཚོ། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ང་ཚོ་འགྲོ་བ་མིའི་རིགས་ཚང་མ་ཁྱིམ་ཚང་གཅིག་ཆགས་ཡོད། ང་ཚོ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན། ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། འགྲོ་བ་མི་རིགས་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་པའི་ཐོག་ནས་གོ་ལ་སྤྱིའི་བདེ་དོན་ཆེད་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སོ་སོ་རང་ཉིད་ལ་གཅེས་སྐྱོང་བྱེད་རྒྱུ་ནི་རང་བཞིན་ལྷན་སྐྱེས་སུ་ཡོད། འོན་ཀྱང་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པར་བརྟེན། སོ་སོ་རང་ཉིད་ལ་གཅེས་སྐྱོང་བྱེད་རྒྱུའི་ཐབས་ལམ་བཟང་ཤོས་ནི་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་གཅེས་སྐྱོང་བྱེད་དགོས།

ང་ཚོའི་དབར་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེ་དག་རིམ་པ་གཉིས་པའི་གནས་སྟངས་ཤིག་ཡིན། ང་ཚོ་ཐོག་མར་མ་ནས་སྐྱེས་སྟངས་དང་མཐར་འཆི་སྟངས་སོགས་གཅིག་མཚུངས་ཆགས་ཡོད། ང་ཚོ་སྐྱེས་པའི་ཉིན་ནས་མའི་བྱམས་བརྩེར་བརྟེན་ཏེ་འཚར་ལོངས་བྱེད་ཀྱི་ཡོད། ཚན་རིག་པ་ཚོས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་པ་བརྟག་དཔྱད་ཀྱི་ལམ་ནས་ར་འཕྲོད་བྱུང་ཡོད། གལ་ཏེ་མིའི་ལྷན་སྐྱེས་རང་བཞིན་དེ་ཁོང་ཁྲོ་སོགས་ཉོན་མོངས་པའི་གཞན་དབང་ཡིན་ན་རེ་བ་རྒྱག་ས་མེད། ང་ཚོར་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད་པར་བརྟེན་ང་ཚོས་དེར་འབད་བརྩོན་བྱེད་བཞིན་ཡོད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འབྱུང་བར་ནང་སེམས་ཀྱི་ཞི་བདེ་དགོས་རྒྱུ་གལ་ཆེན་པོ་ཡིན། ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པོས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐུབ་པའི་ངེས་པ་མེད། གལ་ཏེ་བྱམས་བརྩེས་ཕྱུག་པའི་དབུལ་ཕོངས་ཤིག་ཡིན་ནའང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ། བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་བརྩེ་ཡིན་སྟབས་ང་ཚོ་ཚང་མས་ནང་སེམས་ཀྱི་རིན་ཐང་གོང་སྤེལ་གཏང་རྒྱུར་དོ་སྣང་མང་ཙམ་སྤྲད་དགོས། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མར་འགྲོ་བ་མིའི་རིགས་རྣམས་བྱམས་བརྩེ་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་ནུས་པ་ཡོད། ང་ཚོ་སྤྱི་ཚོགས་ལ་རྟེན་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། གཞན་ཕན་གྱི་ལྟ་བ་དེ་རང་བཞིན་ལྷན་སྐྱེས་སུ་ཡོད། ཅེས་དང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་སྐོར་བཀའ་སློབ་སྩལ་ཡོད། དེ་རྗེས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་སྐུ་པར་ལྷ་སྒྲོན་མཛད་ནས་ཨ་རིའི་Salt lake city གྲོང་ཁྱེར་དུ་༸ཞབས་སོར་འཁོད་པ་དང་།  བོད་རིགས་རྣམས་ཀྱིས་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།