༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་མཛད་གནང་བ།

མདུན་ངོས། / ༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་མཛད་གནང་བ།

༄༅།།ཕྱི་ལོ་༢༠༡༦ཟླ་༦ཚེས་༡༥ཉིན་སྔ་དྲོའི་ཆུ་ཚོད་༡༠།༡༥ཙམ་ལ་ཨ་རིའི་ཁང་པ་དཀར་པོའི་ས་ཁྲ་ཁང་(Map Room) ཞེས་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་རེད། 

དེ་ཡང་ཐོག་མར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁང་པ་དཀར་པོར་ཆིབས་བསྒྱུར་བསྐྱངས་ཏེ་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་སྐབས་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་གྲོང་ཁྱེར་ཨོར་ལེན་ཌོར་ Orlando རུ་མི་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་སྦྲགས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་གོང་ས་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པར་ཡི་རངས་བསྔགས་བརྗོད་ཞུས་ཡོད་པ་རེད།   

གཞན་ཡང་།  སྐབས་དེར་བོད་ནང་གི་བོད་མིའི་གནས་སྟངས་སྐོར་བཀའ་བསྡུར་མཛད་པ་མ་ཟད།  སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་།  སྐད་ཡིག  ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་དང་། དེ་བཞིན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་དང་།  དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་པ་དང་སྦྲགས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད།  གོང་ས་མཆོག་གིས་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བའི་བཞེངས་ཕྱོགས་རྒྱུན་སྐྱོང་མཛད་བཞིན་པར་གུས་བཀུར་ཆེ་བསྟོད་རྒྱ་ཆེ་ཞུས་པ་དང་།བོད་ཀྱི་གནད་དོན་ཐད་ཕྱོགས་གཉིས་དབར་མི་མཐུན་པའི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པ་དེ་དག་གྲོས་མོལ་བརྒྱུད་སེལ་ཐབས་མཛད་དགོས་གསུངས།   གཞན་ཡང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་པའི་ཨ་རིའི་གཞུང་གི་ལངས་ཕྱོགས་དེ་གསལ་སྟོན་ཞུས་པ་དང་སྦྲགས།  བོད་རང་བཙན་ལ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་ཞུས་པ་དང་། ༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་དང་བོད་ཀྱི་གནད་དོན་ཐད་མགྱོགས་མྱུར་གྲོས་མོལ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་སོགས་བཀའ་ཕེབས།  མཐར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པར་ལམ་སྟོན་དང་དབུ་ཁྲིད་ཀྱི་མཛད་བཟང་བསྐྱངས་བཞིན་པར་དགའ་བསུ་དང་དེའི་སྐོར་ལ་གོ་རྟོགས་སྤེལ་བཞིན་པར་རྒྱབ་སྐྱོར་ཞུས་པ་དང་། 

དེ་རྗེས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་བསྟི་གནས་ཁང་དུ་ཆིབས་བསྒྱུར་གནང་ཞིང་། ཐེབས་རྩ་ཁང་དེ་ནས་བོད་མི་རིགས་ཀྱི་དཔའ་བོ་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དང་།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་སྲོལ་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་པ་རེད། 

སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན་ཨ་རིའི་ཁང་པ་དཀར་པོའི་ནང་ཐོག་མར་མཇལ་འཕྲད་པ་དང་།  དེ་རྗེསཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་དང་།  ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ ཉིན་བཅས་སུ་མཇལ་འཕྲད་གནང་ཡོད་པ་བཅས།།