ཨ་རིའི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པས་གསོལ་སྟོན་འདེགས་འབུལ།

མདུན་ངོས། / ཨ་རིའི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པས་གསོལ་སྟོན་འདེགས་འབུལ།

༄༅།།ཕྱི་ལོ་༢༠༡༦ཟླ་༦ཚེས་༡༤ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད་ཡོད།  དེ་ཡང་༸གོང་ས་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ Nancy Pelosi ལགས་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ Patrick Leahy ལགས་སོགསས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་འབྲེལ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གི་ལས་ཁུངས་སུ་ཆིབས་སྒྱུར་བསྐྱངས་པ་དང་། སྐབས་དེར་གྲོས་ཚོགས་སུ་ལྟ་སྐོར་བ་རྣམས་ཀྱིས་གློ་བུར་དུ་༸གོང་ས་མཆོག་མཇལ་བས་དགའ་མོས་ཆེན་པོས་འཚམས་འདྲི་ཞུས། དེ་རྗེས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་མཇལ་འཕྲད་གནང་སྟེ་བཀའ་སློབ་སྩལ་ཡོད་པ་རེད།  

དེ་ཡང་གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་དོན།  ཨ་རིའི་གྲོས་ཚོགས་ནས་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།  ང་ཚོས་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད།གང་ཡིན་བརྗོད་ན།ང་ཚོ་རྒྱ་རིགས་སྤུན་ཟླ་ཕོ་མོ་རྣམས་དང་གདོང་ཐུག་བྱེད་འདོད་མེད།འོན་ཀྱང་རྒྱ་ནག་གི་ཡིག་ཆའི་ནང་གསལ་ལྟར་ན་དུས་རབས་༩ པའི་སྐབས་བོད་རྒྱ་ཧོར་གསུམ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་མ་ཟད། སྟོབས་འབྱོར་མངའ་ཐང་ཧ་ཅང་རྒྱས་པ་འཁོད་ཡོད།ད་ལྟ་ང་ཚོས་རྩོད་བཞིན་པ་འདི་ནི་ཕན་ཚུན་གཉིས་ཕན་ཞིག་ཡིན།བོད་དང་རྒྱ་ནག་ཏུ་དཔལ་ན་ལེནྡྲའི་སྲོལ་རྒྱུན་གྱི་ནང་ཆོས་དར་སྤེལ་བྱུང་བ་གཅིག་མཚུངས་ཡིན། འོན་ཀྱང་བོད་ནང་དར་སྤེལ་བྱུང་བ་དེ་ཆ་ཚང་བ་ཞིག་ཡིན་སྟབས་གཅེས་འཛིན་བྱེད་འོས་པ་ཞིག་རེད།  བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ལའང་ང་ཚོར་སེམས་འཚབ་ཆེན་པོ་འདུགཅེས་དང་། 

འདིར་སྲིད་སྐྱོང་མཆོག་སླར་ཡང་ལོ་ལྔའི་རིང་འོས་འདེམས་བྱུང་བ་རེད། ང་ཚོ་བོད་མི་བཙན་བྱོལ་བ་ཚོ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད།དེས་པེ་ཅིན་སྲིད་གཞུང་གི་འགོ་ཁྲིད་རྣམས་ལ་མང་གཙོ་ཟེར་ན་གང་འདྲ་ཡིན་མིན་བརྡ་ལན་གཏོང་བཞིན་ཡོད། ང་ཚོས་བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་ནི་དངོས་ཡོད་གནས་ཚུལ་རེད།འོན་ཀྱང་ང་ཚོས་ད་དུང་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ཐུགས་རྗེས་གཟིགས་ང་ཚོར་རྒྱབ་སྐྱོར་མུ་མཐུད་གནང་རོགས།ང་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། 

དེ་ནས་མུ་མཐུད་གོང་ས་སྐྱབས་མགོན་ཆེན་པོའི་ཁུར་འཁྱེར་གྱི་འགནཁུར་གསུམ་གྱི་སྐོར་ནས་བཀའ་སློབ་གསུང་བཤད་གནང་གྲུབ་རྗེས་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་པོལ་ར་ཡེན་Paul Ryan ལགས་དང་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi ལགས་གཉིས་ཀྱིས་གདན་ཞུས་ཀྱིས་ཕྱོགས་འགལ་ཚོགས་པ་དང་གཞུང་འཛིན་ཚོགས་པ་གཉིས་ཐུན་མོང་གིས་༸གོང་ས་མཆོག་ལ་ཉིན་གུང་གསོལ་སྟོན་གཟབ་རྒྱས་འབུལ་ལམ་ཞུས་པ་དང་།  སྐབས་དེར་ལྕམ་སྐུ་ནན་སི་པི་ལོ་སི་ལགས་ཀྱིས་༸གོང་ས་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་དང་། བྱམས་བརྩེ། ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་ཁྱབ་སྤེལ་གཏོང་གནང་མཛད་བཞིན་པའི་མཛད་བཟང་ལ་གྲོས་ཚོགས་ཀྱི་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་ཐུན་མོང་གིས་གུས་བཀུར་ཞུ་སླད་དེ་རིང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པོལ་ར་ཡེན་མཆོག་དང་ལྷན་གསོལ་སྟོན་འདི་གོ་སྒྲིག་ཞུས་པ་ཞིག་ཡིན། ༸གོང་ས་མཆོག་ཨ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་ནམ་བསྐྱངས་སྐབས།འགྱུར་བ་ཇི་འདྲ་ཞིག་ཡིན་ཡང་། གཙོ་བོ་ལག་ལེན་ཐོག་ནས་ཡོང་ཐུབ་རྒྱུ་ཡིན་པའི་དྲན་སྐུལ་གཏོང་གནང་མཛད་བཞིན་ཡོད། གྲོས་ཚོགས་ངོས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་སླད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས། ཞེས་བསྒྲགས་གཏམ་ཞིག་སྙན་སྒྲོན་ཞུས་པ་དང་། 

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་རེ་བ་དང་བློ་སྟོབས་ཀྱི་འབྱུང་རྩ་ཡིན།གྲོས་ཚོགས་ཀྱི་ཚོགས་གཙོར་མཚོན་ན་སྐུ་ན་གཞོན་པ་རེད། ལྕམ་སྐུ་ནན་སི་པི་ལོ་སི་མཆོག་ལ་མཚོན་ན་ལོ་མང་རིང་ནས་ངོ་ཤེས་རེད། གྲོགས་མོ་བློས་ཐུབ་རེད། གོང་དུ་ཞུས་པ་བཞིན་ང་ཚོར་རྒྱབ་སྐྱོར་གནང་མཁན་ཚོས་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

ཉིན་རྒྱབ་༸གོང་ས་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད། སྐབས་དེར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་དང་༸གོང་ས་མཆོག་ལ་ཧ་ཅང་དད་གུས་ཞུ་མཁན་སྐུ་ཞབས་རི་ཆ་ཌི་སྒེར་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་འབྲེལ་བཀའ་སློབ་གསུང་བཤད་གནང་ཡོད་པ་བཅས། །