གཞོན་སྐྱེས་ཀྱི་འཚེ་མེད་ཞི་བའི་ནུས་སྟོབས་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་མཛད་པ།

མདུན་ངོས། / གཞོན་སྐྱེས་ཀྱི་འཚེ་མེད་ཞི་བའི་ནུས་སྟོབས་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་མཛད་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཞི་བདེའི་བསྟི་གནས་ཁང་དུ་༧ཞབས་སོར་འཁོད་དེ་གཞོན་སྐྱེས་ཀྱི་འཚེ་མེད་ཞི་བའི་ནུས་སྟོབས་སྤེལ་ཕྱོགས་སྐོར་གྱི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་ཀྱིས་དྲི་བ་ཁག་ལ་དྲིས་ལན་སྩལ་ཡོད་པ་རེད།  

དེ་ཡང་ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ (Park Hyatt) ཞེས་པའི་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་གྲོ་སོ་ཕྱེ་མར། ཆང་ཕུད་སོགས་ཐོགས་ཏེ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༡༥ ཙམ་ལ་ཨ་རིའི་ཞི་བདེའི་བསྟི་གནས་ཁང་གི་དབུ་འཛིན་ནན་སི་ལིནྡ་བོརྒ་(Nancy Lindborg, President of USIP) ལགས་ཀྱིས་ཕེབས་བསུ་གནང་སྟེ་གལ་ཆེའི་མི་སྣ་འགའ་དང་ལྷན་ཞོགས་ཇ་གནང་སྐབས་ཞི་བདེའི་སྐོར་བགྲོ་གླེང་དང་དྲི་བ་འགར་དྲིས་ལན་སྩལ་བ་དང་།  དེ་རྗེས་བསྟི་གནས་ཁང་གི་ཚོགས་ཁང་ཆེ་བའི་ནང་དེ་གའི་དབུ་འཛིན་དང་ལྷན་ལྡིང་ཆའི་སྟེང་ཕེབས་ནས་ཚེས་ ༡༢ ཉིན་ཨ་རིའི་གྲོང་ཁྱེར་ཨོར་ལན་ཌོར་ཚབས་ཆེའི་དོན་རྐྱེན་བྱུང་བར་དམིགས་ཏེ་དུས་ཐུང་ངག་བཅད་སྨོན་ལམ་མཛད་དགོས་པའི་བཀའ་སྐུལ་ཕེབས་པ་བཞིན་ཚོགས་འདུར་ཞུགས་པ་ཡོངས་ཀྱིས་ངག་བཅད་མཛད་པ་དང་། ངག་བཅད་གྲུབ་རྗེས་༧གོང་ས་མཆོག་གིས། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་རུང་སྨོན་ལམ་བརྒྱབ་ནས་དོན་འབྲས་སོན་རྒྱུ་ཅུང་ཐེ་ཚོམ་བྱེད་མཁན་ཞིག་ཡིན། ང་ཚོས་ལས་དོན་རྣམས་ལག་ལེན་གྱི་ཐོག་ནས་འགྲུབ་རྒྱུའི་ནུས་པ་འདོན་དགོས་ཞེས་ཀུ་རེ་དང་བསྒྲགས་བཀའ་ཕེབས་རྗེས་བསྟི་གནས་ཁང་ནས་དེ་སྔ་ཞི་བདེ་སྐྲུན་མཁན་གྱི་གཞོན་སྐྱེས་༢༨ རྡ་སར་ཁྲིད་པའི་སྐོར་གྱི་གློག་བརྙན་ཐུང་ཐུང་ཞིག་སྤྱན་འབུལ་ཞུས་པ་དང་། དེ་ནས་ཚོགས་བཅར་བ་ཁག་གཅིག་གིས་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་སྩལ་རྗེས་དྷ་སར་ཕེབས་པའི་གཞོན་སྐྱེས་བུད་མེད་གཉིས་ཀྱིས་རང་རང་གི་ཉམས་མྱོང་དང་ལས་འགུལ་ངོ་སྤྲོད་གནང་ཞིང་། ཝ་ཤིང་ཊོན་སྦྲག་ཡིག་ཅེས་པའི་གསར་ཤོག་གི་གསར་འགོད་པ་མའེ་ཀལ་གར་སོན་ལགས་ནས་དྷ་སའི་ཉམས་མྱོང་ཕྱོགས་བསྡོམས་གནང་བ་སྙན་སྦྲོན་གནང་བ་སོགས་མཛད་འཕྲིན་ལེགས་པར་གྲུབ་པ་དང་།

ཉིན་གུང་བཞུགས་གནས་མགྲོན་ཁང་དུ་གསོལ་ཚིགས་གནང་རྗེས་རོའེ་ཊར་གསར་ཁང་གི་དྲི་བར་བཀའ་ལན་སྩལ། གསར་འགོད་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབར་མའི་ནང་གི་ནང་པ་དང་ཁ་ཆེའི་མི་རིགས་གཉིས་དབར་གྱི་རྩོད་རྙོག་ཐད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་ལྕམ་ཨང་སན་སུའུ་སྐྱིད་མཆོག་ནི་ནོ་བྷིལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས། བཟང་སྤྱོད་ཀྱི་ཐོག་ནས་འབར་མའི་ནང་གི་ནང་པ་དང་ཁ་ཆེ་མི་རིགས་གཉིས་དབར་གྱི་འཁྲུག་ཟིང་ཞི་འགྲིག་བཟོ་ཐབས་ལ་འབད་བརྩོན་གནང་དགོས། ལྕམ་ཨང་སན་སུའུ་སྐྱིད་མཆོག་ནས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་སྐད་ཆ་བཤད་དགོས་པ་དང་། འབར་མའི་རྒྱལ་ནང་གི་ནང་པའི་གྲྭ་བ་ཁ་ཤས་ཀྱིས་ཁ་ཆེ་བ་ཚོར་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད་འདུག དེ་ལྟ་བུའི་ལྟ་ཚུལ་འཛིན་མཁན་ནང་པའི་གྲྭ་བ་ཚོས་སངས་ཀྱི་ཞལ་ལ་གཟིགས་དགོས། གལ་ཏེ་སངས་རྒྱས་མི་ཡུལ་འདིར་བྱོན་པའི་དབང་དུ་བཏང་ན། ཁོང་གིས་ཁ་ཆེ་བའི་སྤུན་ཟླ་ཕོ་མོ་ཚོར་མགོན་སྐྱབས་གནང་ངེས་ཡིན། ཞེས་སོགས་བཀའ་ལན་སྩལ། 

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ས་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོའི་བི་རེན་ཌན་ཚོགས་ཁང་(Brenden Center, American University) དུ་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་ཆེད་ཆིབས་སྒྱུར་བསྐྱངས་པ་དང་། ཐོག་མར་ས་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་བཅས་ནས་ཕེབས་བསུ་དང་འབྲེལ་ཚོགས་ཁང་གི་ལྡིང་ཆའི་སྟེང་གདན་ཞུས་ཀྱིས་བཞུགས་ཁྲིར་༧ཞབས་སོར་འཁོད་མཚམས་བོད་རིགས་བྱིས་པ་ཁག་གཅིག་གིས་མགོན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་པའི་སྨོན་འདུན་གླུ་གཞས་བཏང་བ་དང་།    དེ་རྗེས་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས་གོ་སྒྲིག་ཞུ་སྒོའི་སྐོར་གསུང་བཤད་གནང་རྗེས།  ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi) མཆོག་དང་། སྐུ་ཞབས་རི་ཅར་ཌ་གེར་(Richard Gere)རྣམ་གཉིས་ཀྱིས་༧གོང་ས་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས། དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཕྱུག་པོ་སྤུས་དག་ཡོད་པ་དེ་དག་ལ་དམ་དོན་དང་བདག་གཉེར་བྱས་ཏེ་མི་རིགས་གཞན་དང་གཞན་ལ་ཡང་ཞབས་འདེགས་སྒྲུབ་དགོས་ཤིང་། ང་ཚོ་བོད་པར་འགྲོ་བ་མི་སྤྱི་ལ་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་དང་གོ་སྐབས་ཡོད་པས་ད་ལྟར་ལག་ལེན་དུ་འཁྱེར་བའི་དུས་ལའང་སླེབས་ཡོད། ཅེས་དང་།  གཞན་ཡང་། ང་ཚོ་བོད་པར་དཔལ་ན་ལནྡྲའི་ཆོས་བརྒྱུད་དྲི་མ་མེད་ཅིང་། བསམ་བློའི་ཚན་རིག་གི་ཤེས་ཡོན་དང་ནང་བསྟན་རིགས་པའི་ལམ་ནས་གཏན་ལ་ཕབས་པའི་ཆ་རྐྱེན་ཧ་ཅང་བཟང་པོ་ཞིག་ཡོད་པ་དེས་འགྲོ་བ་སྤྱི་དང་བྱེ་བྲག་མི་དུང་ཕྱུར་བདུན་ཅུར་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་སྤུས་དག་ཡོད་དེ་ད་ཆ་གཞན་ལ་སྤེལ་ཏེ་ཕན་པ་རྒྱ་ཆེར་སྒྲུབ་རྒྱུ་དུས་ལ་བབ་འདུག་ཅེས་སོགས་བཀའ་སློབ་བཀའ་དྲིན་སྩལ་ཏེ་ཉིན་རྒྱབ་ཆུ་ཚོད་ ༣།༠༠པ་ཙམ་ལ་མི་མང་ལ་གསུང་བཤད་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།