༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / ༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་༢༠༡༦ཟླ་༦ཚེས་༡༠ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་མཛད་འཕྲིན་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱང་ཡོད་པ་རེད།  

དེ་ཡང་ཚེས་ ༡༢ ཉིན་ཨ་རིར་༧ཞབས་སོར་འཁོད་དེ་ཚེས་༡༣ཉིན་རྒྱབ་ནས་ཨ་རིའི་རྒྱལ་སར་ཡོད་པའི་བོད་རིགས་མཐུན་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་ཨ་རིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་American University གི་བྷན་ཌར་ཚོགས་ཁང་Bender Arena དུ་དེང་གི་འཛམ་གླིང་དུ་སེམས་ཀྱི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུ་དང་། 

ཚེས་༡༨ཉིན་གྱི་ཞོགས་པ་ཨ་རིའི་ཁ་ལི་ཧྥོར་ནེའུ་ཡའི་ཝེ་སི་མི་ནིས་སུ་ཊར་རུ་(Westminster, CA, USA)ཌིཡུ་ནུག་ Dieu Ngu ཞེས་པའི་ལྷ་ཁང་དུ་མི་མང་གསུང་བཤད་སྩལ་རྒྱུ། དེ་བཞིན་དེ་ལྷ་ཁང་དེ་རང་དུ་སངས་རྒྱས་སྨན་བླའི་བཀའ་དབང་སྩལ་རྒྱུ། 

ཚེས་༡༩ཉིན་ཨ་རིའི་ཁ་ལི་ཧྥོར་ནེའུ་ཡའི་ཝེ་སི་མི་ནིས་སུ་ཊར་(Westminster, CA, USA)རུ་ཝེ་ཏི་ནམ་གྱི་ཆོས་དཔོན་ཝིན་ལིས་ཡིས་གསར་བཞེངས་གནང་བའི་ཌིཡུ་ནུག་ Dieu Ngu ལྷ་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་མཛད་དེ་བཀའ་སློབ་སྩལ་རྒྱུ་དང་།  

ཚེས་༢༡ཉིན་ཨ་རིའི་ཡོའུ་ཊ་Utahམངའ་སྡེའི་སོལ་ཊ་ལེ་ཁེ་གྲོང་ཁྱེར་Salt Lake Cityདུ་ཡོའུ་ཊ་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཡོའུ་ཊ་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་དོན་ལྟར་ཧང་སམ་མན་བསྟི་གནས་ཁང་Huntsman Centerདུ་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་ Compassion and Universal Responsibility ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ།  

ཚེས་༢༣ཉིན་གྱི་ཞོགས་པར་ཁོ་ལོ་ར་ཊོ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཨ་རིའི་ཁོ་ལོ་ར་ཊོ་མངའ་སྡེའི་the Coors Event Center ཞེས་པར་བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ།

ཚེས་༢༣ ཉིན་རྒྱབ་ཨ་རིའི་ཁོ་ལོ་ར་ཌོའི་མངའ་ཁུལ་བྷོལ་ཌར་གྲོང་ཁྱེར་དུ་ཁོ་ལོ་ར་ཌོ་གཙུག་ལག་མཐོ་སློབ་ཁང་གི་སློབ་མའི་སྒྲིག་འཛུགས་དང་བྷོལ་ཌར་ཤེས་རིག་ལས་རིམ་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པ་ལྟར་༧གོང་ས་མཆོག་གིས་བྱམས་བརྩེ་དང་བློ་གྲོས་སྤེལ་བའི་ཤེས་ཡོན་སྤྲོད་པ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱངས་རྒྱུ་ཡིན་པ་བཅས།།