ན་ལེནྡྲའི་ཤཱཀ་ཤ་ཚོགས་པར་སྤྱོད་འཇུག་གསུང་ཆོས་འཕྲོ་སྐྱོང་མཛད་པ།

མདུན་ངོས། / ན་ལེནྡྲའི་ཤཱཀ་ཤ་ཚོགས་པར་སྤྱོད་འཇུག་གསུང་ཆོས་འཕྲོ་སྐྱོང་མཛད་པ།

༄༅།།ཕྱི་ལོ་༢༠༡༦ཟླ་༦ཚེས་༧ནས་༩ཉིན་གསུམ་རིང་ན་ལེནྡྲའི་ཤཱཀ་ཤ་(Nalanda Shiksha)ཚོགས་པས་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་ནང་པའི་རྗེས་འཇུག་པ་ཁག་གཅིག་གཙོས་རང་རིགས་སེར་སྐྱ་མི་མང་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་བའི་གསུང་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ་ན་ལེནྡྲའི་ཤཱཀ་ཤ་(Nalanda Shiksha)ཚོགས་པའི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུས་ཏེ་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༧ཞབས་སོར་འཁོད་རྗེས་པ་ལིའི་སྐད་ཀྱི་ཐོག་བཀྲ་ཤིས་པའི་མདོ་གསུངས་འདོན་གནང་བ་དང་། དེ་ནས་ནཱ་ལེནྡྲའི་ཤིཀ་ཤ་ཞེས་པའི་རྒྱ་གར་ནང་པའི་ཚོགས་པའི་ཚོགས་མི་ཁག་གཅིག་གིས་མགོན་པོ་གང་ཉིད་མཆོག་ལ་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ལམ་ལུགས་ལྟར།མཆོད་ཡོན་དང་།ཞབ་བསིལ།མེ་ཏོགབདུག་སྤོས།མར་མེ།དྲི་ཆབ།ཞལ་ཟས།རོལ་མོ་བཅས་ཀྱི་མཆོད་རྫས་སྣ་ཚོགས་འབུལ་ལམ་ཞུས་རྗེས་༧གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་ཀྱི་ཐོག་མར་བཀའ་སློབ་སྩལ་དོན། 

དེ་རིང་འདིར་ཁྱོད་རང་ཚོའི་རིགས་གཅིག་ཕ་མེས་ནས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་དང་། རིགས་གཅིག་བར་སྐབས་ནས་ནང་ཆོས་ལ་དོ་སྣང་སླེབས་ཡོད་མཁན་རེད།ལྷག་པར་དུ་ཊོག་ཊར་ཨམ་བྷེ་ཌི་གར་ཐུགས་སྣང་གསར་པ་སླེབས་ཏེ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།གང་ལྟར་དེ་རིང་འཕགས་པའི་ཡུལ་གྱི་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཚོར་ང་ཚོ་ཐུག་ནས་སྔོན་མ་ནས་སྤྱོད་འཇུག་ཆོས་འབྲེལ་བྱེད་བཞིན་པ་ལྟར་དེ་རིང་འདིར་སྤྱོད་འཇུག་ལེའུ་བཞི་བ་ནས་འདོན་རྒྱུ་ཡིན།དེ་རིང་འདིར་འཕགས་པའི་ཡུལ་གྱི་ཆོས་གྲོགས་ཚོར་ཆོས་བཤད་རྒྱུ་ནི་ངོས་ལ་ཚོར་བ་དམིགས་བསལ་ཞིག་ཡོང་གི་འདུགགང་ཡིན་ཟེར་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་རྒྱ་གར་འཕགས་པའི་ཡུལ་ལ་བྱོན་ནས་མཛད་པ་མཛད་ཡོད།གནས་བརྟན་ཆེན་པོ་འོད་སྲུངས་སོགས་སྟོན་པའི་གཏད་རབས་བདུན་དང་།དེ་ནས་རིམ་པས་ཏཀ་ཤ་ཤི་ལ།ནཱ་ལེནྡྲ།བི་ཀ་མ་ལ་ཤི་ལ་སོགས་སྡེ་སྣོན་འཛིན་པའི་འདུས་སྡེའམ་བཤད་གྲྭ་སོགས་སྟོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་འཁུར་རྐང་བཞེས་མཁན་འཕགས་པའི་ཡུལ་དུ་བྱུང་བ་རེད། དེར་བརྟེན་ང་ཚོས་བཤད་བསྡད་པ་དང་སོ་སོའི་ཉམས་སུ་ལེན་པ་འདི་དག་ཐོག་མ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས། བར་དུ་དཔལ་ན་ལེནྡྲའི་མཁས་པའི་དབང་པོ་ཚོས་ལུང་དང་རིག་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཚུལ་གཏན་ལ་ཕབ་ནས་དུས་རབས་བརྒྱད་པའི་ནང་ལ་ན་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་བོད་ཀྱི་ཆོས་རྒྱལ་གྱིས་གདན་ཞུ་གནང་སྟེ་བོད་ནས་དཔལ་ནལེནྡྲའི་ཆོས་བརྒྱུད་ཀྱི་ཆ་ཤས་ནང་བཞིན་དར་བ་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་བོད་ཀྱི་ཐོག་མའི་རྣམ་དཔྱོད་ཀྱི་བློ་མིག་འབྱེད་མཁན་གྱི་དགེ་རྒན་ལྟ་བུ་ཆགས་ཡོད། ལོ་རྒྱུས་ཀྱི་ཐོག་ནས་དོན་གྱི་བདག་པོ་དེ་ཁྱོད་རང་ཚོ་ཆགས་ཡོད། ང་ཚོས་ཁྱོད་ཚོའི་མེས་པའི་མདུན་ནས་ཚུར་བསླབ་པ་དེ་དུས་ད་ལྟའི་བར་དུ་བདག་པོ་རྒྱབ་ནས་བསྡད་ཡོད་པ་དང་། རྩ་བའི་དོན་གྱི་བདག་པོ་ནི་འཕགས་པའི་ཡུལ་གྱི་སངས་རྒྱས་པའི་ཆོས་འཛིན་མཁན་ཁྱོད་ཚོ་ཆགས་ཡོད། དེར་བརྟེན་དམིགས་བསལ་གྱི་ཚོར་བ་ཞིག་ཡོང་བསྡད་ཀྱི་འདུག 

འཛམ་བུ་གླིང་གི་ཆོས་བརྒྱུད་གཙོ་ཆེ་བ་ཚང་མ་རྒྱ་གར་འཕགས་པའི་ཡུལ་དུ་ཡོད་བསྡད་པ་ཞིག་རེད། རྒྱ་གར་རང་གི་ཕ་མེས་ཀྱི་ཆོས་བརྩིས་པ་ཡིན་ན་ལོ་སྟོང་ཕྲག་གསུམ་ཙམ་རིང་རྒྱ་གར་རང་ལ་གསར་དུ་བྱུང་བའི་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་སོགས་དེ་དང་དེ་འདྲ་བའི་ཆོས་བརྒྱུད་མང་པོ་ཞིག་བྱུང་བ་རེད། པར་སི་དང་།ཇུའུ།ཡེ་ཤུ།ཁ་ཆེ་སོགས་ཕྱི་ནས་བྱུང་བ་ཞིག་རེད།གང་ལྟར་རྒྱ་གར་ནང་ཆོས་འདི་དག་ཚང་མ་ཡོད། དེང་སྐབས་རྒྱལ་ཁབ་གཅིག་གི་ནང་དུ་འཛམ་བུ་གླིང་གི་ཆོས་ལུགས་ཚང་མ་ཡོད་པ་དང་། རེ་ཟུང་གི་རྙོག་དྲ་ཕུད་པའི་སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལུགས་དེ་དག་ཕན་ཚུན་དབར་བརྩི་བཀུར་དང་དག་སྣང་སྦྱངས་ཏེ་འགྲོ་ཐུབ་མཁན་ཕལ་ཆེར་རྒྱ་གར་ནི་འཛམ་གླིང་འདིར་མིག་དཔེ་བལྟ་ས་ཆགས་ཡོད།  

བར་སྐབས་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད།   ཨོ་རི་ས་རུ་བོད་པའི་གཞིས་ཆགས་ཤིག་ཡོད། དེའི་འཁྲིས་སུ་མི་སྟོང་ཕྲག་གཉིས་གསུམ་ཅན་གྱི་ཡུལ་ཚོ་ཆུང་ཆུང་གཅིག་འདུག ཁོ་ཚོས་སྔ་དུས་ནས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཡིན་ཞེས་བཤད་བྱུང་།  སྔ་མོ་ནས་སངས་རྒྱས་ཆོས་ཀྱི་རྗེས་སུ་འཇུག་མཁན་ཕྲན་བུ་ཕྲན་བུ་ཡོད་པ་རེད། བར་སྐབས་ཊོག་ཊར་ཨར་བྷར་ཌི་ག་སོགས་ཀྱིས་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་པ་དང་། དེ་བཞིན་ཆོས་ལུགས་འདྲ་མིན་ལ་སློབ་སྦྱོང་བྱེད་མཁན་དང་ལྷག་པར་དུ་རྒྱུ་མཚན་ལ་བསམ་བློ་བཏང་ནས་དཔྱད་པ་བྱེད་རྒྱུར་དོ་སྣང་བྱ་རྒྱུ་དུས་རབས་ཉེར་གཅིག་གི་སྨད་ཆ་ནས་ནུབ་ཕྱོགས་ཀྱི་ཚན་རིག་པའི་ནང་ནས་བྱུང་བ་དང་། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད་རྒྱུར་དོ་སྣང་དམིགས་བསལ་ཞིག་ཡོང་གི་འདུག དེ་ལྟ་བུའི་དུས་ཚོད་ལ་རྒྱ་གར་དུའང་སོ་སོའི་ཕ་མེས་ཀྱི་གཅེས་ནོར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་པ་ནི་རྒྱུ་མཚན་ལྡན་པ་རེད་ལ། ཤིན་ཏུ་འོས་པ་ཞིག་རེད། འདི་ནི་རྒྱ་གར་གྱི་ཆོས་བརྒྱུད་དང་ལྟ་གྲུབ་ཅིག་ཆགས་བསྡད་ཡོད་པ་རེད། དེ་ལྟ་བུའི་རྒྱ་གར་རང་གི་ལྟ་གྲུབ་འདི་ནི་ལོ་སྟོང་ཕྲག་ཁ་ཤས་ཕྱིན་པའི་ལྟ་གྲུབ་ཅིག་ཡིན་པ་ཙམ་དུ་མ་ཟད་དེང་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་པའི་དུས་སྐབས་སུ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་དུ་གསུངས་ཡོད་པ་དག་ཚན་རིག་དང་ཕན་ཚུན་བློ་བསྐྱེད་ལེན་རེས་བྱེད་པའི་མཚམས་ལ་སླེབས་བསྡད་ཡོད།  རྒྱ་གར་ནང་ང་ཚོའི་ཕ་མེས་ནས་ནང་པ་ཡིན་ཟེར་བ་ཙམ་མ་ཡིན་པར་སོ་སོས་བསམ་བློ་བཏང་ནས་དཔྱད་པ་བྱས་ཏེ་སོ་སོའི་ཕ་མེས་ནས་ཡོད་པའི་ལྟ་གྲུབ་གཏིང་ཟབ་པོ་འདི་ལ་དོ་སྣང་གསར་པ་ཞིག་སླེབས་པ་ནི་རྗེས་སུ་ཡི་རངས་ཞུ་བྱེད་པ་དང་། དགའ་བ་སྐྱེས་འོས་པ་ཞིག་དང་ཤིན་ཏུ་འོས་པ་ཞིག་རེད། 

འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་ལུགས་ཚང་མས་བསླབ་བྱ་གཙོ་བོ་དེ་བྱམས་པ་དང་བརྩེ་བ་ཡིན།བྱམས་པ་དང་བརྩེ་བའི་ཉམས་ལེན་ཡག་པོ་ཞིག་ཡོང་བར་དེའི་འགལ་རྐྱེན་ཞེ་སྡང་ལ་གཉེན་པོ་བསྟེན་དགོས།དེར་བརྟེན་ཆོས་ལུགས་ཚང་མས་བཟོད་པ་དང་ཆོག་ཤེས།རང་ཁྲིམས་སྲུང་རྒྱུའི་བསླབ་བྱ་དེ་ཆོས་ལུགས་ཚང་མས་གསུང་བཞིན་ཡོད།བྱམས་པ་དང་བརྩེ་བ།བཟོད་པ་ལ་སོགས་ཉམས་ལེན་གྱི་རྒྱབ་རྟེན་ནི་རིགས་གཅིག་གིས་སྣོད་བཅུད་ཡོངས་རྫོགས་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད།ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་དང་།འཇིག་རྟེན་བཀོད་པ་པོ་དེ་ང་ཚོའི་ཕ་ལྟ་བུ་ཡིན་པ།དེ་ལྟ་བུའི་བཀོད་པ་པོ་དེར་སྙིང་རྗེ་མཐའ་མེད་པ་ཞིག་ཡོད་ཚུལ་གསུངས་བཞིན་ཡོད།རང་བཀོད་མཁན་གྱི་བཀོད་པ་པོ་དེའི་སྙིང་རྗེ་མཐའ་མེད་པ་ཞིག་ཡིན་དུས།དེ་ལྟ་བུའི་འཇིག་རྟེན་བཀོད་པ་པོས་བཀོད་པའི་གདུལ་བྱ་ཚོས་ཕའི་རྗེས་སུ་བསླབ་དགོས་ཀྱི་ཡོད་པ་དང་སྙིང་རྗེ་སླེབས་དགོས་ཀྱི་ཡོད་པའི་རྒྱུ་མཚན་བཀོད་ཀྱི་ཡོད།  གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་གྲུབ་ཅིག་བཤད་ནས་དེས་བྱམས་སྙིང་རྗེའི་ཉམས་ལེན་རྣལ་མའམ་ཡག་པོ་ཞིག་ཡོང་རྒྱུའི་རྒྱབ་རྟེན་ལྟ་བུ་ཞིག་ཆགས་ཡོད།   འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དཔེར་ན།གྲངས་ཅན་ལྷ་མེད་པ་ཚོས་འཛིན་རྟེན་བཀོད་པ་པོ་མི་འདོད་མཁན་ཞིག་ཡིན་ནའང་བྱམས་པ་དང་བརྩེ་བ་ནི་ཉམས་ལེན་གྱི་གཙོ་བོ་ཆགས་ཡོད།དེ་ལྟ་བུའི་བྱམས་པ་དང་བརྩེ་བ།བཟོད་པ་སོགས་དགོས་པའི་རྒྱུ་མཚན་དེ་ལས་རྒྱུ་འབྲས་ཀྱི་ལྟ་གྲུབ་དེ་ནས་བཤད་ཀྱི་ཡོད།སོ་སོས་ལས་བཟང་པོ་ཞིག་བསགས་ནས་གཞན་ལ་ཕན་བཏགས།གཞན་ལ་བརྩེ་བ་བྱས་ན་རང་ལ་འབྲས་བུ་བདེ་སྐྱིད་ཡོང་གི་ཡོད།   རང་གིས་གཞན་ལ་འཚེ་བ་བྱས།གནོད་པ་བྱས་པ་ཡིན་ན།རང་ལ་འབྲས་བུ་སྡུག་བསྔལ་ཡོང་གི་རེད།རྒྱུ་འབྲས་རྣམ་གཞག་ཐོག་ནས་སྙིང་པོ་ནི་ཡ་རབས་བྱེད་དགོས་པ་ཞིག་དང་།སེམས་པ་བཟང་པོ།སྤྱོད་པ་བཟང་པོ་བྱེད་དགོས་པའི་ཐོག་བསླབ་བྱ་གཅིག་མཚུངས་རེད་འདུག

དེར་བརྟེན་འཛམ་གླིང་འདིའི་སྟེང་གནས་དང་དུས་མི་འདྲ་བར་བསྟན་པ་འདྲ་མིན་བྱུང་ནས།ཆོས་ཚུལ་འདྲ་མིན་གསུངས་ཡོད།དེ་དག་གི་མིར་ཕན་གྱི་ཡོད།འདས་པའི་ལོ་སྟོང་ཕྲག་གཉིས་ཙམ་རིང་ཆོས་བརྒྱུད་འདྲ་མིན་བྱུང་ནས་མི་ས་ཡ་བྱེ་བ་མང་པོར་ཕན་ཡོད་པ་མ་ཟད།ད་ལྟའང་ཕན་བཞིན་ཡོད།མ་འོངས་པར་ཡིན་ནའང་ཕན་རྒྱུ་རེད།འདི་དངོས་ཡོད་གནས་ཚུལ་རེད།དེར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་བརྒྱུད་མཐུན་ལམ་བྱེད་རྒྱུའི་མིག་དཔེ་བཟང་པོ་ཞིག་ཡོད་རེད་ལ།འདི་ཧ་ཅང་གལ་ཆེན་པོ་རེད་འདུགའདས་པའི་ལོ་རྒྱུས་ནང་དུའང་ཆོས་སྡེ་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གཅིག་གིས་གཅིག་ལ་འགལ་ཟླ་བྱེད་རྒྱུ།སྡུག་ས་ནས་བཤད་པ་ཡིན་ན།འཁྲུག་པ་བརྒྱབ་པ་སོགས་ལོ་རྒྱུས་ནང་ཡོང་ཡོད།དེང་སྐབས་ཡིན་ནའང་ཆོས་སྡེ་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་ཡོང་གི་འདུགདེ་དག་ང་རང་ཚོ་རྩ་བའི་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ།ཆོས་བརྒྱུད་ཚང་མས་བྱམས་བརྩེའི་བསླབ་བྱ་ཡོད་པ་དང་།བཟོད་པའི་ཉམས་ལེན་གྱི་བསླབ་བྱ་ཡོད་པ་དེ་དག་ལག་ཏུ་བླངས་ནས་ཆོས་བརྒྱུད་ཚང་མ་མཐུན་པོ་བྱེད་རྒྱུ།ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་ཁམས་དང་མོས་པ་མི་འདྲ་བའི་འདུལ་བྱར་ལྟ་གྲུབ་མི་འདྲ་བ་དགོས་རེད།དེ་འདྲ་ཡིན་དུས་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ་དམིགས་ཡུལ་ནི།བྱམས་བརྩེའི་ཉམས་ལེན་གོང་མཐོར་སྤེལ་རྒྱུ་ཡིན་སྟབས།བཤད་སྟངས་མི་འདྲ་བ་དང་།ལྟ་ཚུལ་མི་འདྲ་བ་ཡོད་པ་དེ་དག་མཁས་པས་རྣམ་དཔྱོད་ཐོག་ནས་བརྟག་དཔྱད་བྱེད་རྒྱུར་འདི་ཡོང་གི་རེད།ངོ་ཐོག་རང་ལ་ང་རང་ཚོ་སོ་སོའི་ཁམས་དང་མོས་པ་གང་དུ་རན་པོ་ཡོད་ན།དེའི་ཐོག་ཕྱིན་པ་ཡིན་ན་ཧ་ཅང་ཡག་པོ་རེད།གལ་ཆེ་ཤོས་ནི།ལག་ལེན་གྱི་ཐོག་ནས་བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་རྒྱུ་དེ་རེད།

སངས་རྒྱས་པའི་ཆོས་ལ་མི་འདྲ་བ་གང་ཡོད་བརྗོད་པ་ཡིན་ན།ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་པའི་སྐབས་ནས་བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་འགྲོ་སྟངས་ཐོག་ནས་སྡུག་བསྔལ་གྱི་རྒྱུ་འབྲས་གཏན་དུ་བདེ་བའི་རྒྱུ་འབྲས་ཤིག་དེ་ལྟར་གསུངས་འདུགདེ་ཙམ་མ་ཟད་བདེ་སྡུག་བྱེད་པ་པོ་དང་བདེ་སྡུག་མྱོང་བ་པོ་འདི་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་མ་རེད།ཕུང་པོ་ལ་རྟེན་ནས་བཏགས་པའི་བདག་མ་གཏོགས་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་མ་རེད་ཅེས་བདག་ཏུ་ལྟ་བ་དང་བདག་མེད་པར་ལྟ་བའི་ལྟ་བ་མི་འདྲ་བ་གཉིས་ཡོང་གི་ཡོད། དེར་བརྟེན་འཇིག་རྟེན་བཀོད་པ་པོ་མི་འདོད་པར་རྒྱུ་དང་འབྲས་བུ་ལས་བྱུང་བ་རེད། བདེ་སྡུག་བྱེད་པ་པོ་དང་བདེ་སྡུག་མྱོང་པ་བོ་ཡང་ཕུང་བོ་ལས་དོན་གཞན་པའི་བདག་རང་སྐྱ་བ་ཡོད་པ་མ་རེད་ཅེས་སངས་རྒྱས་པའི་ཆོས་དེ་མ་འདྲ་བ་ཞིག་ཆགས་ཡོད། སངས་རྒྱས་པའི་ཆོས་ཀྱི་ལྟ་བ་དེ་རྟེན་འབྱུང་གི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་གྲུབ་དེ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པ་རེད། ཅེས་སོགས་བདེན་བཞིའི་སྐོར་ངོ་སྤྲོད་མཛད་རྗེས་སྤྱོད་འཇུག་ཆོས་འབྲེལ་འཕྲོ་སྐྱོང་དང་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་ཏེ་ཉིན་གུང་ཆུ་ཚོད་བཅུ་གཉིས་ཙམ་ལ་ཉིན་དང་པོའི་ཆོས་འབྲེལ་མཇུག་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདི་ནི་ལེནྡྲ་ཤིཀ་ཤ་ཚོགས་པས་ཞུས་པའི་ཆོས་འབྲེལ་ཐེངས་ལྔ་པ་ཆགས་ཀྱི་ཡོད་པ་དང་། འདི་ལོར་རྒྱལ་ཁབ་ཁག་༧༨ནས་ཕྱི་རྒྱལ་བ་༡༦༣༣དང་།རྒྱ་གར་བ་ཁྱོན་གྲངས་༡༨༡༤།གྲྭ་བཙུན་དང་མི་མང་ཁྱོན་གྲངས་༤༣༤༣།རྒྱ་ནག་སྐམ་ས་ནས་ཁྱོན་མི་གྲངས་༡༩བཅས་ཁྱོན་བསྡོམས་ཆོས་ཞུ་བ་གྲངས་༧༨༨༧བརྒལ་བ་ཆོས་ཞུར་བཅར་ཡོད་པ་བཅས།།