གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་ཀྱི་གནང་སྒོ་མཇུག་ལེགས་པར་གྲུབ་པ།

མདུན་ངོས། / གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་ཀྱི་གནང་སྒོ་མཇུག་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་༨།༣༠ ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༧ཞབས་སོར་འཁོད་དེ་བོད་རིགས་གཞོན་སྐྱེས་གཙོས་སེར་སྐྱ་མི་མང་ལ་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཡོད་པ་རེད། 

དེ་ཡང་ཐོག་མར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་གིས་བློ་རིག་གི་རྣམ་གཞག་ལས་དུམ་མཚམས་གཅིག་སྐྱོར་བ་དང་། ༧གོང་ས་མཆོག་གིས་སེམས་དང་སེམས་བྱུང་གི་སྐོར་དེ་ཧ་ཅང་ཕན་ཐོགས་པོ་ཡོད་པ་རེད་ཅེས་སོགས་བཀའ་སྩལ་རྗེས་ཤེས་རབ་སྙིང་པོ་སོགས་ཞལ་འདོན་ཁག་གཅིག་གསུངས་འདོན་གནང་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔོན་ལ་སེམས་བསྐྱེད་བྱ་རྒྱུ་ཡིན། སེམས་བསྐྱེད་ཅེས་པ་ནི་བློ་རིག་བཤད་པའི་སྐབས་སུ། བློ་དང་རིག་པ་དང་ཤེས་པ་དང་གསལ་བ་ཞེས་པ་དང་། ཁྱོད་རང་ཚོར་འདོན་རྒྱུ་མེད་པའི་གཤམ་དུ་རྟོག་པ་རྟོག་མེད་བཤད་པ་དང་སེམས་དང་སེམས་བྱུང་བཤད་པ་ཞེས་འདུག ཆ་ཚང་ཞིག་ངོས་རང་ལའང་ངེས་ཀྱི་མི་འདུག སེམས་དང་སེམས་བྱུང་བཤད་དུས་སེམས་ནི་གཙོ་སེམས་དང་སེམས་བྱུང་ནི་དེའི་འཁོར་དུ་ཡོད་པའི་ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ་ལྟ་བུ་རེད། སེམས་བསྐྱེད་ཅེས་པའི་སྐབས་ཀྱི་སེམས་དེ་ནི་གཙོ་སེམས་ལ་བཤད་པ་དང་། རྒྱ་གར་མཁས་པ་ཚོའི་ནང་དུའང་སེམས་བསྐྱེད་ཀྱི་ངོ་བོ་འཇོག་སྟངས་ལ་འདུན་པ་དང་སྨོན་ལམ་གྱི་ཐོག་ནས་སེམས་བྱུང་ལ་འཇོག་མཁན་ཡང་ཡོང་གི་ཡོད། ཡིན་ནའང་མགོན་པོ་བྱམས་པའི་མངོན་རྟོགས་རྒྱན་གྱི་ནང་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་ཏེ་འགྲེལ་བཤད་སྐྱོན་དུས་གཙོ་བོ་གཙོ་སེམས་ལ་བསམ་བློ་གཏོང་གི་ཡོད། སེམས་བྱུང་མ་རེད། བསྐྱེད་ཅེས་པ་ནི་སེམས་རྒྱ་བསྐྱེད་པའི་དོན་རེད། སྲོག་ཆགས་ཚང་མར་སེམས་ཡོད་པ་རེད། འབུ་སྲིན་ཕྲ་མོ་ཞིག་ཡིན་ནའང་སེམས་ཡོད་པ་རེད། རྣམ་པར་ཤེས་པ་ཡོད་པ་རེད། དེ་ལྟ་བུའི་རྣམ་པར་ཤེས་པ་དང་འབྲེལ་ནས་ངའོ་སྙམ་པའི་བློ་ཞིག་སེམས་ཅན་ཚང་མར་ཡོད་པ་རེད། སེམས་ཅན་ཡིན་ནོ་ཅོག་ལ་ངའོ་སྙམ་པའི་བློ་དེ་སྐྱེས་བསྡད་ཀྱི་ཡོད་པ་རེད། དེ་དང་འབྲེལ་ནས་ཚོར་བ་འདུ་ཤེས་སེམས་པ་དང་།  ཡིད་ལ་བྱེད་དང་རེག་པ་ལྔ།། གཙོ་སེམས་ཀུན་གྱི་འཁོར་དུ་ནི།། འགྲོ་ཕྱིར་ཀུན་འགྲོ་ཞེས་བྱའོ།། ཞེས་སེམས་གང་དུ་ཡོད་པ་ཡིན་ནའང་ཀུན་འགྲོ་ལྔ་དེ་ཡོང་གི་ཡོད་པ་རེད། ཅེས་སོགས་སེམས་བསྐྱེད་ཀྱི་དགོས་པ་དང་ཕན་ཡོན་གསུངས་པ་དང་། སངས་རྒྱས་ཆོས་ཚོགས་མ་རྗེས་ཟློས་དང་འབྲེལ་སེམས་བསྐྱེད་གནང་བ་དང་། དེ་རྗེས་འཇམ་དབྱངས་དམར་སེར་གྱི་རྗེས་གནང་དང་འབྲེལ་གསང་སྔགས་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་། དེ་ནས་འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་ཞེས་པའི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་རྗེས་བཀའ་སློབ་སྩལ་དོན། 

དེ་རིང་འདིར་ཆོས་འབྲེལ་ཚར་བ་རེད། སྔ་མོ་ཨ་མདོའི་ས་ཁུལ་དུ་བླ་མ་ཞིག་ཡོད་འདུག། ཁོང་དགོན་པ་ཞིག་གིས་གདན་འདྲེན་ཞུས་པར་བླ་མས་ང་རྒས་པོ་རེད་ཡོང་ཐུབ་ཀྱི་མི་འདུག་ཅེས་གསུངས་པ་རེད། གདན་འདྲེན་ཞུ་མཁན་ཚོས་བླ་མ་བགྲེས་སོང་རེད། གསུང་ཆོས་གནང་རྒྱུ་སྐུ་མཉེལ་རོགས་ཡིན་ནའང་འཁྱུག་ཙམ་ཕེབས་ནས་ང་ཚོར་བྱིན་རླབས་ཤིག་གནང་རོགས་ཞེས་ཞུས་པ་རེད། རྗེས་ལ་བླ་མས་ད་འོ་ན་ང་སླེབས་ཡོང་ཞེས་ཕར་ཕེབས་ནས་གསུང་ཆོས་རྒྱས་ཐག་ཆོད་ཅིག་གནང་བ་རེད། གསུང་ཆོས་ཀྱི་མཇུག་ཏུ་ང་སྡུག་བདེན་གྱི་ལག་པ་འདི་མགོ་ལ་བཞག་ནས་བྱིན་རླབས་སྤྲོད་མཁན་དེ་མིན། ལམ་བགྲོད་སྟངས་ཀྱི་འགྲེལ་བཤད་རྒྱབ་ནས་བྱིན་རླབས་སྤྲོད་མཁན་ཡིན་ཞེས་གསུངས་པ་རེད། བླ་མ་དེ་གྲུང་པོ་ཞིག་མི་འདུག་གམ། མི་གཞན་གྱིས་ཕྱག་དབང་ཞིག་གནང་རོགས་ཞུ་དུས་ཕྱག་དབང་བཞག་ནས་བྱིན་རླབས་ལ་ང་ཡིད་ཆེས་མེད། གནས་ལུགས་བཤད་དེ་ངོ་སྤྲོད་བྱས་ནས་བྱིན་རླབས་སྤྲོད་མཁན་དེ་ཡིན་ཞེས་གསུངས་འདུག དེར་བརྟེན་ངོས་རང་ཡང་དབང་སོགས་ཀྱི་སྐབས་སུ་འགྲེལ་བཤད་རྒྱག་རྒྱུ་གལ་ཆེ་ཤོས་བརྩི་བཞིན་ཡོད། དཔེར་ན་དུས་འཁོར་དབང་ཆེན་ཡོད་པ་རེད་ཟེར་དུས་མི་མང་པོ་ཡོང་གི་འདུག ངོས་ཀྱིས་རིག་པ་སྒྲིམ་ས་ནི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོར་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཆོས་བཤད་བྱེད་ཀྱི་ཡོད་པ་རེད། དེ་ངོས་ཀྱིས་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད། མི་ལ་ཕན་ན་དེས་ཕན་གྱི་ཡོད་པ་རེད་མ་གཏོགས་བུམ་ཆུ་བླུགས་པ་དང་བུམ་པ་མགོ་ལ་བཞག་པ་དེ་ཙམ་གྱིས་ཕན་ཐོགས་ཆེན་པོ་མེད། ཤེས་སོང་ངམ། 

ངོས་རང་ཆུང་ཆུང་སྐབས་ལ་དབང་མང་པོ་ཞུས་པ་རེད། ཐང་ཆད་པ་དང་ཁ་སྐོམ་པའི་དུས་སུ་བུམ་ཆུ་དེ་འཐུང་ན་སྐྱིད་པོ་ཞིག་ཡོད། གསང་དབང་གི་འོ་མ་སོགས་བསྲེས་བཞག་པ་ཞིག་ཡོད་པ་དེ་ཧ་ཅང་ཞིམ་པོ་ཡོང་གི་ཡོད། བྱིན་རླབས་དེ་མ་གཏོགས་ཧ་ཅང་ཁག་པོ་རེད་འདུག དེར་བརྟེན་ཉིན་གསུམ་རིང་ང་ཚོས་སྐད་ཆ་བཤད་ནས་ནང་ཆོས་ངོ་སྤྲོད་གཙོ་བོ་བྱས་པ་དང་། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་ང་རང་ཚོ་བོད་མིའི་ངོས་ནས་ཅི་ཙམ་བྱེད་ཐུབ་པ་དང་། བོད་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་འདི་རྩ་ཆེན་པོ་ཡིན་པ། བོད་མི་རིགས་ཀྱི་ཁྱད་ཆོས་ཡིན་པ་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་དེ་འདིས་མཚོན་ཐུབ་པ་བཅས་ངོ་སྤྲོད་བྱས་པ་རེད། ཁྱོད་རང་ཚོ་མི་རྒན་པ་ཚོས་རེ་བ་རྒྱག་ས་རེད། རིག་པ་སྒྲིམ་ནས་ཧུར་ཐག་བྱོས་ཤིག ཤེས་སོང་ངམ། ང་ཚོས་རེ་བ་རྒྱབ་པ་ནང་བཞིན་འབད་བརྩོན་བྱེད་དགོས་པ་རེད། བཀྲ་ཤིས་བདེ་ལེགས། ལོ་རྗེས་མར་ཐུག་གི་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་རྡ་ས་མི་མང་ནང་ཆོས་ངོ་སྤྲོད་ཚོགས་པ་དང་བོད་ཕྲུག་ཁྱིམ་སྡེ་ཐུན་མོང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མནྡྲལ་འདེགས་འབུལ་དང་ཆབས་གཅིག་ཕྱི་ལོ་ ༢༠༠༧ ནས་གལ་ཆེར་གཟིགས་ཏེ་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་མཛད་ནས་ལོ་བཅུ་འཁོར་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་བཅས།།