རྡ་རམ་ས་ལར་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ།

མདུན་ངོས། / རྡ་རམ་ས་ལར་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་༡ ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་གཞོན་སྐྱེས་རྣམས་ལ་ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པ་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་ཞེས་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་༨།༣༠སྟེང་རྡ་རམ་ས་ལའི་ནང་ཆོས་ངོ་སྤྲོད་ཚོགས་པ་དང་། བོད་ཁྱིམ་དབུ་འཛིན་རྣམས་ཀྱིས་ཕོ་བྲང་རྒྱལ་སྒོ་ནས་སྤོས་སྣེས་མདུན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་ཆོག་གདན་ཞུ་ཞུས་པ་དང་། བཞུགས་ཁྲིར་༧ཞབས་སོར་འཁོད་དེ་ཤེས་རབ་སྙིང་པོ་འདོན་དགོས་པའི་བཀའ་ཕེབས་པ་ལྟར་ཤེས་སྙིང་གསུང་འདོན་གནང་བ་དང་། དེ་ནས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་རིགས་ལམ་སློབ་གཉེར་བ་བགྲེས་པ་རྣམས་ཀྱིས་༧གོང་ས་མཆོག་གིས་མཛད་པའི་པཎ་གྲུབ་གསོལ་འདེབས་ལས། གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།། བདེ་བཞིའི་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས།། ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།། ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།། ཞེས་པ་ལུང་འདྲེན་དང་འབྲེལ་རྟགས་གསལ་རིགས་ལམ་གཟིགས་འབུལ་ཞུས་པ་དང་། དེ་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་རྣམས་ཀྱིས་སྤྱོད་འཇུག་ཆེན་མོ་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ།།དེ་ཀུན་གཞན་བདེ་འདོད་ལས་བྱུང་།།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།།དེ་ཀུན་རང་བདེ་འདོད་ལས་བྱུང་།།ཞེས་པ་ལུང་འདྲེན་དང་འབྲེལ་རྟགས་གསལ་གཟིགས་འབུལ་ཞུས་རྗེས་༧གོང་ས་མཆོག་གིས་གསུང་ཆོས་སྔོན་འགྲོ་བཀའ་སློབ་སྩལ་དོན། 

ནམ་རྒྱུན་བོད་ཁྱིམ་སློབ་གྲྭར་ཆོས་འབྲེལ་འཚོགས་ཀྱི་ཡོད་པ་རེད། རླངས་འཁོར་ལས་ཕར་ཚུར་འགྲོ་དུས་ཆུ་ཚོད་སྐར་མ་བཅུ་ཉི་ཤུ་སུམ་ཅུ་ལམ་ཁ་རང་ནས་འགོར་འགྲོ་གི་ཡོད་པས་དུས་ཚོད་འཕྲོ་བརླག་འདུག ཕྱོགས་གཅིག་ནས་ཐེག་ཆེན་ཆོས་གླིང་ནས་འཚོགས་པ་ཡིན་ན་འདིའི་ཉེ་འཁོར་ན་ཡོད་པའི་མི་མང་འདུ་འཛོམས་བྱེད་རྒྱུ་ལས་སླ་བོ་ཡོང་གི་ཡོད་པ་དང་། རྒན་རྒོན་ཚོ་ཡང་འདིར་ཡོང་བ་ལས་སླ་བོ་རེད། ཁྱོད་ཚོ་སློབ་ཕྲུག་རྣམས་ནི་བོད་ཁྱིམ་ནས་འདིར་ཡོང་རྒྱུར་དཀའ་ལས་ཡོད་པ་མ་རེད། རྩེད་མོ་རྩེད་ཞོར་རྒྱུགས་ཤར་གློད་ནས་སླེབས་པ་ཡིན་ན་དཀའ་ལས་ཁག་པོ་མི་འདུག འདིར་འཚོགས་པའི་རྒྱུ་མཚན་དེ་ལྟར་ཡིན། 

སློབ་ཕྲུག་ཚོགས་ཁག་ནས་རྟགས་གསལ་བཏང་ནས་ལོ་ཁ་ཤས་ཕྱིན་པ་རེད། འདི་ནི་མིག་ལྟོས་གསར་པ་ལེན་ཆེད་འཛིན་གྲྭའི་ནང་སློབ་སྦྱོང་བྱས་ཏེ་དེབ་ཀློག་པ་དང་འགྲེལ་བཤད་ཉན་པ་གཅིག་པུ་མ་ཡིན་པར་ཐོས་བྱུང་གི་ཤེས་རབ་ཅེས་ཐོས་པ་དང་། དེ་ནས་བསམ་བློའི་ནང་ཡོད་པ་ལ་བསམ་བྱུང་གི་ཤེས་རབ་ཅེས་དཔྱད་པ་བྱས་ནས་འགྲོ་དགོས་ཀྱི་ཡོད། དཔྱད་པ་བྱེད་སྐབས་ལབ་ལབ་བཏང་ནས་དཔྱད་པ་བྱེད་རྒྱུ་ཡོད་ཀྱང་ཚིག་གི་བརྗོད་པ་གཙང་མ་ཞིག་གམ་སྒྲོས་གཙང་མ་ཞིག་གི་ནང་ལ་ཐལ་ཕྱིར་ཁྱབ་མ་ཁྱབ་ཅེས་པས་ཧ་ཅང་ཕན་ཐོགས་ཡོད། ང་ཚོར་དེ་ཡོད་པས་དགེ་འདུན་པ་ཚོ་དང་དེའི་ནང་ཚན་ནས་བཤད་གྲྭ་རྣམས་ཀྱིས་སྒེར་བདག་ལྟ་བུར་བཟུང་བསྡད་པ་མ་ཡིན་པར་རབ་བྱུང་ཕོ་མོ་ཚང་མས་ཤེས་ཡོན་སྦྱོང་ཐབས་ཀྱི་རིགས་ལམ་འགྲོ་སྟངས་འདི་ལ་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཡོད་པ་ཡིན་པས་དེ་སྔ་གཞུང་ཆེན་དང་རིགས་ལམ་སློབ་རྒྱུ་མེད་པའི་ཆོས་སྡེ་ཁག་ལ་བར་སྐབས་ནས་སློབ་གཉེར་ཚུགས་ཡོད། ལྷག་པར་དུ་རབ་བྱུང་མར་དེ་སྔ་གཞུང་ཆེན་ལ་བལྟ་བའི་ལུགས་སྲོལ་ཡོད་པ་མ་རེད། དེ་ལ་མིག་ལྟོས་སློག་ས་གསར་པ་ཞིག་བཟོས་ཏེ་རིགས་ལམ་གྱི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་བཙུགས་ཡོད་པ་དང་། དེ་ཙམ་དུ་མ་ཟད་སློབ་གྲྭ་ཁག་གི་ནང་དུ་སློབ་སྦྱོང་བྱེད་པའི་སྐབས་སུའང་ཐོས་བྱུང་གི་ཤེས་རབ་རྐྱང་རྐྱང་བྱས་ན་ནུས་པ་ཆེན་པོ་ཡོད་པ་མ་རེད། དགེ་རྒན་གྱིས་འགྲེལ་བཤད་རྒྱབ་པ་ལྟར་སློབ་དེབ་ནང་ལ་ཡོད་པ་དེ་ཙམ་ཤེས་པས་ཡིག་ཚད་གཏོང་བའི་སྐབས་སུ་བང་འགྲིག་པོ་དང་བརྗོད་བྱ་མཐུན་པོ་བྱུང་ན་འགྲིག་བསྡད་པར་ལྟ་བ་ནི་ཏག་ཏག་བསྡད་མེད། སློབ་སྦྱོང་བྱེད་པའི་དགོས་དོན་ནི་སེམས་ལ་ངེས་པ་གཏིང་ཟབ་རྙེད་བསྡད་པ་ཞིག་དགོས་ཀྱི་ཡོད། སེམས་ལ་ངེས་པ་གཏིང་ཟབ་སླེབས་ཚེ་ཡིད་ཆེས་རྙེད་ཀྱི་རེད། བཟང་པོའི་ཡོན་ཏན་ཡིན་ཚེ་སེམས་ལ་འགྱུར་བ་ཐེབས་པ་ནི་ཡིད་ཆེས་སླེབས་པའི་ཐོག་ནས་ཡོང་གི་རེད། སློབ་གྲྭ་ཚོས་སློབ་སྦྱོང་བྱེད་དུས་རིགས་ལམ་གྱི་ཐོག་ནས་དགེ་རྒན་གྱིས་སློབ་ཁྲིད་བྱ་རྒྱུ་ཡོད་པ་ཞིག་དང་། སློབ་ཕྲུག་ཚོས་ཀྱང་རིགས་ལམ་གྱི་འགྲོ་སྟངས་ཤེས་ནས་བསམ་བྱུང་གི་ཤེས་རབ་སྤུས་དག་པོ་བྱུང་བ་ཡིན་ན་རྗེས་དཔག་ཚད་མ་སླེབས་ཡོང་གི་ཡོད་པས་ཕན་ཐོགས་ཆེན་པོ་ཡོད། 

སྤྱིར་དེ་སྔོན་ང་ཚོས་རིགས་ལམ་བསླབ་རྒྱུ་དེ་མ་སུ་རི་ནས་བཟུང་སློབ་གྲྭ་ཁག་ཏུ་རྟགས་གསལ་གཏོང་རྒྱུ་མགོ་བཙུགས་པ་རེད། རིམ་བཞིན་སློབ་གྲྭའི་ལས་སྣེ་ཚོས་དོ་སྣང་མ་ཆེན་པོ་མ་བྱུང་བ་ཡིན་ནའང་འདྲ་ལྷོད་ཡངས་ཤོར་བ་ཡིན་ནའང་འདྲ། བར་སྐབས་སློབ་ཕྲུག་ཚོས་ཆོས་དགེ་ཆོས་དགེ་ཞེས་བརྗོད་ཀྱི་འདུག ཆོས་དགེ་ཞེས་ཆོས་བཤད་མཁན་གྱི་དགེ་རྒན་བརྗོད་པ་ཡིན་ན་དེ་ཡི་ཤུ་དང་ཁ་ཆེའི་སློབ་གྲྭ་ལའང་ཡོད་པ་རེད། དེ་དང་དེ་འདྲ་བའི་ཆོས་བརྒྱུད་སོ་སོ་དང་འབྲེལ་བའི་སློབ་གྲྭ་ཚང་མའི་ནང་ལ་ཡོད་པ་རེད། ང་ཚོ་ཕྱོགས་གཅིག་ནས་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པ་མ་ཟད། ཡང་སྒོས་ལྷག་པར་ཅན་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཡོད་སྟབས། ནཱ་ལེནྡྲའི་འགྲོ་སྟངས་དེར་རིགས་ལམ་གྱི་ཐོག་ནས་ལྟ་གྲུབ་མང་པོ་ཞིག་བཤད་ཡོང་གི་ཡོད། ཁྱོད་རང་ཚོས་རྟགས་གསལ་གཏོང་བའི་སྐབས་སུའང་གྲུབ་མཐའ་སྨྲ་བ་བཞི་བཤད་ཡོང་དུས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་བསླབ་པ་གསུམ་ཉམས་ལེན་བྱེད་མཁན་གཅིག་མཚུངས་རེད། ཡིན་ནའང་ལྟ་གྲུབ་མང་པོ་ཞིག་ཡོད་པའི་རྩ་བ་ནི་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པ་རེད།  བཅོམ་ལྡན་འདས་ཀྱི་དགོངས་པ་གཞིར་བཞག་ནས་རིགས་པའི་ལམ་ནས་རང་རང་གི་ལྟ་གྲུབ་གཏན་ལ་ཕབ་པ་ནི་སྔོན་གྱི་རྒྱ་གར་མཁས་པ་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པ་ཚོས་མཛད་འདུག  དེར་བརྟེན་ཆོས་དགེ་ཞེས་པའི་མིང་གི་ཚབ་ལ་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་བརྗོད་ན་ཡག་པོ་མེད་དམ། ཞེས་བསམ་འཆར་ཞུས་པ་ཡིན། ཆོས་དགེ་ཞེས་པ་དང་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་པ་གཉིས་ལ་ཁྱད་པར་ཅིག་མི་འདུག་གམ། ལྟ་གྲུབ་ཀྱི་སློབ་དཔོན་ཞེས་ལྟ་བ་དང་གྲུབ་མཐའ་བརྗོད་དུས་མགོ་རྙོག་ཅུང་ཙམ་འདུག  སློབ་ཕྲུག་ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འདྲ་མིན་ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་ཐུབ་པ་བྱུང་ན་བློ་སྐྱེད་ཡོང་རྒྱུར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། མི་ལ་ཀླད་པ་མི་འདྲ་བ་ཡོད་པའི་ནང་ནས་གཙོ་བོ་དེ་དཔྱད་པ་བྱ་རྒྱུ་དེ་རེད། མི་ལ་རང་བཞིན་ལྷན་སྐྱེས་ཀྱི་འཇོན་པོ་དང་འཁྲུག་པོ་ཧ་ཅང་བསམ་བློ་གཏོང་ཐུབ་པའི་ཀླད་པ་ཞིག་ཡོད་པས་དེའི་ནུས་པ་ཆ་ཚང་བེད་སྤྱོད་བྱེད་པར་ལྟ་གྲུབ་འདྲ་མི་འདྲ་དང་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱས་ནས་སོང་ཚེ་ཀླད་པ་འཁྲུག་པོ་ཡོད་པ་དེ་ཏག་ཏག་ཅིག་གི་ཐོག་འགྲོ་ཐུབ་རྒྱུར་ཁྱད་པར་ཆེན་པོ་འདུག

ང་རང་ཚོ་བོད་ལ་རྒྱ་གར་ནས་སངས་རྒྱས་ཀྱི་ཆོས་ཚུར་སྒྱུར་སྐབས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་ཞིག་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་རྩ་བ་བཀའ་འགྱུར་ནང་དུ་སྟོན་པས་འགྲེལ་བཤད་སྐྱོན་སྐབས་ཐལ་ཕྱིར་ཞེས་དངོས་སུ་གསུངས་མེད་ཀྱང་། དོན་དག་གཅིག་མཐུན་གྱིས་སྒྲུབ་བྱེད་བཀོད་ཡོང་གི་ཡོད། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ཁོང་རང་གི་ཆོས་ཚུལ་འདི་བཅོམ་ལྡན་འདས་ལ་གུས་པ་དང་དད་པ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་ཁས་བླང་དགོས་ཀྱི་མེད། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་བྱོས། དེ་ལ་རིག་པའི་གནོད་པ་ཡོད་མེད་དང་རིག་པའི་རྒྱབ་བརྟེན་ཡོད་མེད་དཔྱད་པ་བྱས་ནས་རྒྱབ་རྟེན་ཡོད་པ་དང་རིག་པས་གནོད་པ་མེད་པ་དེ་དག་ཁས་བླངས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིག་པས་གནོད་པ་ཡོད་ཚེ་ཁས་ལེན་དགོས་ཀྱི་མ་རེད། ཅེས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་ཡོད། འཛམ་གླིང་འདིར་ཆོས་ཚུལ་སྟོན་མཁན་གྱི་སྟོན་པ་མང་པོ་བྱུང་ཡོད་ཀྱང་། ངའི་བསྟན་པ་འདི་ལ་ལམ་སེང་ཡིད་ཆེས་བྱེད་དགོས་ཀྱི་མ་རེད། ང་ལ་དགའ་པོ་དང་དད་པ་བྱས་ནས་ཡིད་ཆེས་བྱེད་མི་དགོས། དཔྱད་པ་བྱོས། ཚོད་ལྟ་བྱོས། ཞེས་གསུང་མཁན་བཅོམ་ལྡན་འདས་མ་གཏོགས་སུ་གཅིག་མེད་པའི་བཟོ་འདུག དེར་བརྟེན་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་ནང་ནས་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས། མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་རྒྱ་གར་ལ་ཡོད་པའི་ཆོས་བརྒྱུད་དང་ལྟ་གྲུབ་འདྲ་མིན་གྱི་མཁས་དབང་དག་གི་ཚད་མའི་གཞུང་ལ་གཤིབ་བསྡུར་བྱས་ཏེ་ཧ་ཅང་སྤུས་དག་གི་ཚད་མའི་གཞུང་མཛད་ཡོད། དེ་དག་དཔེ་ཆའི་ནང་དུ་ལྷག་བསྡད་ཚེ་ཕངས་པོ་རེད། ལྟོ་ཆས་བཟོ་སྟངས་སྐོར་གྱི་དེབ་གཅིག་ཡིན་ནའང་ཡར་བསྒྲིགས་བཞག་པ་ཡིན་ན་འཕྲོ་བརླག་ཡིན་པས་ལྟོ་ཆས་ཇི་ལྟར་བཟོ་དགོས་ཚུལ་བལྟས་པ་ཡིན་ན་ཡག་པོ་རེད། དེ་མིན་བེད་སྤྱོད་ཅིག་མི་འདུག ཅེས་སོགས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་། དེ་བཞིན་དགེ་མཚན་བཅས་ངོ་སྤྲོད་དང་། བདེན་པ་བཞི་ངོ་སྤྲོད་མཛད་རྗེས་འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་ཞེས་པའི་ཆོས་འབྲེལ་དངོས་སུ་དབུ་མཛུགས་མཛད་དེ་ཉིན་གུང་ཆུ་ཚོད་ཆུ་གཅིག་ཡོལ་ཙམ་ལ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་དེའི།། ཐབས་ཤེས་རབ་ཟུང་འབྲེལ་བསླབ་པ་གསུམ་ལྡན་པ།། ལུང་རིགས་པ་ཉི་ཟླ་ལྟ་བུར་གསལ་བ་དེ།། འབྲོམ་ཁོ་བོའི་སྙིང་གི་རྒྱན་དུ་བཞུགས་སུ་གསོལ།། ཞེས་པའི་བར་ཆོས་འབྲེལ་སྩལ་རྗེས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཆོས་འབྲེལ་གྱི་ཉིན་དང་པོའི་མཛད་འཕྲིན་མཇུག་ལེགས་པར་གྲུབ་ཡོད་པ་དང་།  གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་འདི་བཞིན་ཕྱི་ལོ་ ༢༠༠༧ ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་སྐྱོང་མུས་ཡིན་པ་བཅས།།