སྐབས་ ༡༥ བའི་སྲིད་སྐྱོང་དམ་འབུལ་མཛད་སྒོར་དབུ་བཞུགས་མཛད་པ།

མདུན་ངོས། / སྐབས་ ༡༥ བའི་སྲིད་སྐྱོང་དམ་འབུལ་མཛད་སྒོར་དབུ་བཞུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་ ༡༥ བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྲིད་སྐྱོང་གི་ལས་འཁུར་དམ་བཅའ་ཕུལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། གདམས་ཐོན་སྲིད་སྐྱོང་བཅས་ཀྱིས་བཞུགས་སྒར་ཕོ་བྲང་ནས་སྤོས་སྣེས་མདུན་བསུས་ཏེ་༧གོང་ས་མཆོག་མཛད་སྒོའི་དབུ་བཞུགས་སུ་གདན་ཞུ་ཞུས་ཡོད་པ་དང་། ༧ཞབས་སོར་འཁོད་བསྟུན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་གུས་བསུའི་མཇལ་དར་ཕུལ་རྗེས། མཛད་སྒོར་ཕེབས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གནད་ཡོད་སྐུ་མགྲོན་རྣམ་པ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་དང་མི་མང་སོགས་ཁྱོན་སྟོང་ཕྲག་བརྒལ་བ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་རྒྱ་གར་དང་བོད་ཀྱི་རྒྱལ་གླུ་བཏང་བ་དང་། དེ་རྗེས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་སྡེ་ཡིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་གནང་། དེ་ནས་རྟེན་འབྱུང་འབྲས་སིལ་འདེགས་འབུལ་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་རོལ་གཞས་གཟིགས་འབུལ་ཞུས་གྲུབ་རྗེས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅོ་ལྔ་བའི་གདམས་ཐོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་སྲིད་སྐྱོང་ལས་ཁུར་གྱི་ཞུ་སྒོ་མཐའ་དག་ལ་བཅའ་ཁྲིམས་དགོངས་དོོན་ལྟར་དམ་བཅའ་ཕུལ་ཏེ་ཁྲིམས་ཞིབ་པ་ཆེ་བས་སྲིད་སྐྱོང་ལ་རྟེན་འབྱུང་མཇལ་དར་སྒྲོན་རྗེས་དམ་འབུལ་མ་དེབ་ཐོག་སྲིད་སྐྱོང་གིས་མཚན་རྟགས་བཀོད། དེ་རྗེས་སྲིད་སྐྱོང་དང་ཁྲིམས་ཞིབ་པ་ཆེ་བ། ཚོགས་གཙོ་སྦྲེལ་པོ་དང་བཀའ་བློན་བཀའ་ཟུར་རྣམ་པ་བཅས་ཀྱིས་༧གོང་ས་མཆོག་ལ་མཇལ་ཕྱག་ཞུས་པ་དང་།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱིས་སྲིད་སྐྱོང་ལ་རྟེན་འབྲེལ་ཁ་བཏགས་འབུལ་ལམ་ཞུས་རྗེས། གདམས་ཐོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་ལས་ཡུན་གཉིས་པའི་དམ་འབུལ་གསུང་བཤད་གནང་ཡོད་པ་རེད། 

དེ་ཡང་སྲིད་སྐྱོང་གི་དམ་འབུལ་གསུང་བཤད་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས། མཛད་སྒོར་ཕེབས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འཐུས་མི། དེ་བཞིན་གཞིས་བྱེས་མི་མང་ཡོངས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་སྲིད་སྐྱོང་གི་ལས་ཡུན་གཉིས་པའི་དམ་འབུལ་མཛད་སྒོར་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་པར་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞེས་ཞུས་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཡོད་པ་བཞིན་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་རིང་བོད་མིའི་མངོན་འདོད་འགྲུབ་ཐུབ་པ་ཡོང་ཆེད་བཀའ་ཤག་གི་ངོས་ནས་འབད་བརྩོན་ཞུ་སྒོ་ཅི་མཆིས་འཐུས་ཤོར་མེད་པ་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། ཞེས་དང་། 

འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་བོད་ཀྱི་ལོ་རྒྱུས་ནང་ཛ་དྲག་གི་གནས་སྟངས་ཆུ་གཉེར་བཞིན་གཅིག་རྗེས་གཉིས་མཐུད་ཀྱི་རུ་འཛིངས་པའི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་བོད་མི་མང་ལ་ཡང་དག་པའི་དབུ་འཁྲིད་ལམ་སྟོན་གནང་བ་དང་། ཁྱད་པར་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་སྲོལ་གཏོད་གནང་བ་བཅས་ཀྱི་བཀའ་དྲིན་ནི་བསྐལ་བའི་བར་དུ་ཡང་གཞལ་ཐབས་བྲལ་བ་ཡིན། བཙན་བྱོལ་རྒྱ་ཆེའི་མང་ཚོགས་ནས་གུས་པར་སྲིད་སྐྱོང་གི་ལས་ཡུན་གཉིས་པ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་གནང་བར་གུས་བརྩིའི་སྒོ་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རང་ནུས་གང་ལྕོགས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ན། གཞིས་བྱེས་རྒྱ་ཆེའི་མང་ཚོགས་ནས་ཀྱང་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པ་ཆོལ་ཁ་དང་ལུང་ཚན་ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཕུགས་ཀྱི་བསམ་འདུན་གཅིག་གྱུར་ཡིན་པ་དང་། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་པའི་འདུ་ཤེས་བརྟན་པོར་བཟུང་སྟེ་མུ་མཐུད་རྒྱབ་སྐྱོར་དང་ཕྱྭར་གྲུ་མཉམ་འདེགས་གནང་བའི་རེ་བ་དང་ཡིད་ཆེས་གཙང་མ་ཞུ་གི་ཡོད།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་ཁ་དང་ཆོས་བརྒྱུད་དབྱེ་བ་མེད་པར་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་མུ་མཐུད་འཛུགས་རྒྱུའི་གསལ་བསྒྲགས་གནང་བ་མ་ཟད། རིམ་བཞིན་སློབ་གྲྭ་དང་། གཞིས་ཆགས། རིས་མེད་ཆོས་སྒར་ཁག་དང་བཅས་པ་གསར་འཛུགས་གནང་བ་དང་། ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུར་གནས་གལ་ཆེ་བའི་བཀའ་སློབ་དང་ལམ་སྟོན་ཡང་ཡང་ཕེབས་པ་བཅས་ལ་བརྟེན་ནས། ད་བར་བོད་མིའི་གཅིག་སྒྲིལ་གྱི་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་ཡིན་ནའང་། རང་ཉིད་སྒེར་ངོས་ནས་བློ་ཕམ་ཆེན་པོའི་སྒོ་ནས་ཞུ་རྒྱུར། ད་ལན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ཁྲོད་བོད་མི་ནང་ཁུལ་ཕན་ཚུན་སྐྱོན་བརྗོད་དང་། བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་ཐལ་བ་སོགས་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ལ་ཐུགས་དམ་སད་རྐྱེན་ཅི་ཆེར་བྱུང་བ་དང་། གུས་ཅག་རྣམས་ནས་མ་ཤེས་པ་དང་བག་མེད་པའི་དབང་གིས་ཉེས་འཛོལ་དང་ནོངས་འགལ་ཇི་བྱུང་ལ་གནོངས་འགྱོད་དྲག་པོས་སྙིང་ནས་བཟོད་གསོལ་དང་མཐོལ་བཤགས་ལན་བརྒྱར་ཞུ་རྒྱུ་ཡིན། སླད་ཕྱིན་ཐུགས་ཕམ་འགྱུར་གཞི་དེ་རིགས་གཏན་ནས་མི་ཡོང་བའི་ཁས་ལེན་དམ་བཅའ་བརྟན་པོ་ཞུ་རྒྱུ་དང་། བོད་མི་ནང་ཁུལ་ཆོལ་ཁ་དང་ཤོག་ཁག་ཕྱོགས་སྒྲིལ་མེད་པར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། དེ་མཚུངས་མ་འོངས་པར་འོས་བསྡུའི་ཁྲིམས་སྒྲིག་ཁག་ལ་ལེགས་བཅོས་ཇི་དགོས་དབུས་འོས་བསྡུ་ལས་ཁང་དང་གོ་བསྡུར་གྱིས་བསྐྱར་བཅོས་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ཡིན། ཞེས་སོགས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་དང་རྒྱ་བོད་འབྲེལ་མོལ་གྱི་སྐོར། དེ་བཞིན་བོད་ནང་གི་ལས་རིགས་སོ་སོའི་མི་སྣར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་སོགས་གསུང་བཤད་གནང་བ་དང་། 

དེ་རྗེས་མཛད་སྒོའི་གཙོ་མགོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་རྒྱུར།  དེ་རིང་འདིར་ང་ཚོ་བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་རྒན་རྒོན་རྣམ་པ། དེ་བཞིན་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་གྲོགས་པོ་རྣམ་པ་ཚོ་དང་། བོད་མི་སྐྱ་སེར་རྒན་གཞོན་དང་། ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ཞིབ་ཕྲའི་གནས་ཚུལ་སྲིད་སྐྱོང་གི་གསུང་བཤད་ནང་ལ་གནང་སོང་། ངོས་ལ་མང་པོ་བཤད་རྒྱུ་མི་འདུག གང་ལྟར་ང་ཚོའི་བོད་གངས་ཅན་ལ་ས་ཆའི་བབ་ཀྱི་དབང་གིས་འཛམ་གླིང་ཡང་ཐོག་ཅེས་བརྗོད་སྲོལ་ཡོད་པ་བཞིན། ང་ཚོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ནི་ཧ་ཅང་ཕྱུག་པོ་ཞིག་རེད། སོ་སོའི་རིག་གཞུང་ཡིན་ཞེས་རྨོངས་ཞེན་བྱས་པ་མ་ཡིན་པར་རྒྱུ་མཚན་ལྡན་པ་ཞིག་རེད། ངོས་རང་བཙན་བྱོལ་བ་བྱས་ཏེ་ལོ་འདི་འདྲའི་རིང་མཁས་དབང་དང་ཚན་རིག་པ་སོགས་མི་འདྲ་མིན་སྣ་ཚོགས་ཧ་ཅང་མང་པོར་ཐུག་ཡོད་པ་དང་། དེ་བཞིན་ནང་པའི་ཡུལ་གྲུ་ཁག་ནས་མཁས་པ་དང་ཆོས་པ་ཧ་ཅང་མང་པོར་ཐུག་གི་ཡོད།  ཁོ་ཚོར་ཐུག་པའི་སྐབས་སུ་ང་རང་ཚོར་འདས་པའི་ལོ་སྟོང་ཕྲག་ལྷག་གི་རིང་གཙོ་ཆེན་མཁན་ཆེན་ཞི་བ་འཚོ་དང་མཁན་སློབ་ཆོས་གསུམ་དུས་ནས་བོད་ལ་གསར་གཏོད་བྱས་པའི་དཔལ་ན་ལེནྡྲའི་ཆོས་བརྒྱུད་དེ་ལ་ཆོས་ཞེས་བརྗོད་ཚེ་མིང་ཐུང་ཐུང་ཞིག་ཡིན་ཡང་དངོས་གནས་བཤད་ན་དེ་ནི་ལྟ་གྲུབ་རང་རེད། 

ན་ལེནྡྲའི་ཆོས་བརྒྱུད་ནི་རིག་པས་བརྟག་དཔྱད་བྱེད་རྒྱུ་ཞིག་རེད། བཅོམ་ལྡན་འདས་ཀྱིས་ཀྱང་།  དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད། རིག་པ་འབའ་ཞིག་གི་ཐོག་ནས་བརྟག་དཔྱད་བྱས། རྒྱུ་མཚན་བཙལ་ཏེ་དངོས་སུ་ལག་ལེན་དུ་འཁྱེར་ནས་ཉམས་མྱོང་བསོགས་པ་དང་བརྟག་དཔྱད་བྱེད་དེ་ཡིད་ཆེས་འཕེར་བ་ཞིག་དང་། དངོས་ཡོད་གནས་ཚུལ་དང་ར་འཕྲོད་པ་ཞིག་བྱུང་ན་ཁས་ལེན་བྱེད་པ་དང་། དེ་མིན་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཟེར་བ་དེ་འདྲིའི་ཐོག་ནས་དགོངས་པ་གཞན་དུ་ཕར་དཀྲི་ཡ་གཅིག་ཡོད་པ་རེད། འཛམ་གླིང་འདིར་ཆོས་བརྒྱུད་ཚང་མས་ལོ་སྟོང་ཕྲག་རིང་མི་དུར་ཕྱུར་མང་པོར་ཕན་པ་དང་། ད་ལྟའང་ཕན་བཞིན་པ་རེད་ལ་མ་འོངས་པར་ཡང་ཕན་གྱི་རེད། ཡིན་ནའང་སྟོན་པ་རང་རང་གིས་གསུངས་པའི་བཀའ་དེ་ལ་དད་པ་དང་མོས་གུས་བྱས་ཏེ་ཁས་ལེན་དགོས་པ་མ་རེད་རྒྱུ་མཚན་ལ་བརྟག་དཔྱད་བྱོས། ཚོད་བལྟ་བྱོས་ཟེར་ནས་གསུངས་མཁན་སྟོན་པ་བཅོམ་ལྡན་འདས་དང་། ལྷག་དོན་ན་ལེནྡྲའི་ཆོས་བརྒྱུད་དུ་མ་གཏོགས་ཕལ་ཆེར་ཡོད་པ་མ་རེད། དེ་ལྟ་བུའི་ཆོས་བརྒྱུད་རླབས་ཆེན་པོ་དང་སྤུས་དག་པོ་དེ་བོད་པ་གཅིག་པུར་མ་གཏོགས་མེད་པ་ཧ་ཅང་གསལ་པོ་རེད། ནང་པའི་ལུང་པ་མང་པོ་ཡོད་ཀྱང་རྒྱ་ནག་གིས་མཚོན་པའི་ཡུལ་གྲུ་གཞན་གྱི་ཆོས་ཀྱི་འབྱུང་ཁུངས་རྩ་བའི་ན་ལེནྡྲ་ཡིན་ཡང་ལོ་མང་སློབ་སྦྱོང་དང་། དེ་ཡང་ཚད་མའི་གཞུང་དང་འབྲེལ་ནས་སློབ་སྦྱོང་བྱེད་རྒྱུ་ང་ཚོ་བོད་ལ་མ་གཏོགས་མི་འདུག ནང་པའི་ཆོས་བརྒྱུད་ནི་འཛམ་གླིང་ཡོངས་གྲགས་ཀྱིས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེའི་ནང་ཚན་ནས་རིགས་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་རྒྱུ་ཡོད་པའི་དཔལ་ན་ལེནྡྲའི་མཁས་པའི་གཞུང་དེ་ད་ལྟ་བར་དུ་ང་ཚོས་བདག་པོ་བརྒྱག་ནས་བསྡད་པ་རེད།  ནམ་རྒྱུན་ངོས་ནས་བརྗོད་བཞིན་པ་ལྟར་ཆེ་ས་ནས་བཤད་ན་དེ་ནི་འཛམ་གླིང་སྤྱི་ནོར་ཡིན་པ་དང་། དེང་གི་འཛམ་གླིང་དུ་དངོས་གནས་ནང་སེམས་ཀྱི་ཞི་བདེ་དང་། སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་དང་ཆོས་དད་མེད་མཁན་ནང་རིམ་བཞིན་དོ་སྣང་སླེབས་ཡོང་སྐབས་ང་ཚོས་ལོ་བརྒྱ་ཕྲག་མང་པོའི་རིང་བདག་པོ་བརྒྱབ་ནས་ཉར་བའི་ནང་ཆོས་ཀྱིས་རེ་བརྒྱག་མཁན་གྱི་རེ་བ་སྐོང་ཐུབ་པའི་ཆ་རྐྱེན་ཡོད་བསྡད་པ་ཞིག་རེད། 

དེར་བརྟེན་ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཧ་ཅང་སེམས་སྐྱོ་བོ་དང་ཐབས་སྐྱོ་བོ་རེད། ཕྱོགས་གཞན་གཅིག་ནས་བསམ་བློ་བཏང་བ་ཡིན་ན་རྐྱེན་ངན་གྲོགས་ལ་ཤར་བ་ནང་བཞིན་འཛམ་གླིང་འདིར་བོད་མི་རིགས་ཀྱི་རང་སྐྱ་འཕེར་བའི་སྐད་འདིའི་ནང་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་གསོན་ཉམས་ལྡན་པའི་ངང་ཡོད་པ་ནི་ང་ཚོ་བོད་པས་བདག་པོ་བརྒྱབ་པ་རེད། འཛམ་གླིང་ཡང་ཐོག་ཅེས་བརྗོད་པ་བཞིན་རིག་གཞུང་དང་ལྟ་གྲུབ་ཀྱི་ཐོག་ནས་བཤད་ནའང་ཕལ་ཆེར་ཡང་རྩེ་ལྟ་བུ་ཆགས་ཡོད། དེ་ཕལ་ཆེར་ངོས་ཀྱིས་བརྗོད་ཐུབ་ཀྱི་འདུག ངོས་ཀྱིས་བརྗོད་པ་རྣམས་བདེན་པ་ཡིན་མིན་ཁྱོད་རང་ཚོས་བརྟག་དཔྱད་བྱོས་དང་། ངོས་ནས་ཕྱི་རྒྱལ་གྱི་མི་ཁ་ཤས་ལ་རྩེད་མོ་དང་སྦྲགས་བཤད་ཀྱི་ཡོད། ངོས་ཀྱིས་བརྗོད་པ་དེ་བདེན་པ་ཡིན་དང་མིན་ཁྱོད་རང་ཚོས་བརྟག་དཔྱད་བྱོས། བརྟག་དཔྱད་བྱེད་པར་སྔོན་ལ་ཁྱོད་རང་ཚོས་ལོ་ཉི་ཤུ་སུམ་ཅུར་སློབ་སྦྱོང་བྱེད་དགོས་པ་རེད། ཅེས་བརྗོད་ཀྱི་ཡོད། ཁྱོད་རང་ཚོས་ཀྱང་ངོས་ཀྱིས་བཤད་པ་བདེན་པ་ཡིན་དང་མིན་ལ་བརྟག་དཔྱད་ཆེད་སྔོན་ལ་སློབ་སྦྱོང་ཏོག་ཙམ་བྱོས་དང་། སོ་སོའི་བོད་སྐད་ཐོག་ལ་སློབ་ཐུབ་ཀྱི་ཡོད་པས་ཉུང་མཐའ་ཡང་ལོ་བཅུ་དང་བཅོ་ལྔར་སློབ་སྦྱོང་བྱེད་དགོས་ཀྱི་རེད། ལོ་བཅུ་བཅོ་སྔར་སློབ་སྦྱོང་བྱས་ཏེ་ངོས་ཀྱིས་བཤད་པ་བདེན་པ་ཡིན་དང་མིན་ལྟོས་ཤིག 

གང་ལྟར་ང་ཚོའི་བོད་མི་རིགས་ནི་དེ་ལྟ་བུ་ཞིག་རེད། བར་སྐབས་ང་ཚོར་རྐྱེན་ངན་མང་པོ་ཞིག་བྱུང་ཡང་གཙོ་ཆེ་ཤོས་གཞིས་བཞུགས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ནི་ངོ་མཚར་སྐྱེས་དགོས་པ་ཞིག་རེད། དེ་དང་ཆབས་ཅིག་ལྷག་བསམ་དང་སྙིང་སྟོབས་ནི་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་ཡོང་གི་ཡོད། གཞིས་བཞུགས་རྒྱ་ཆེའི་མི་མང་གིས་དེ་ལྟ་བུའི་དཀའ་ལས་དང་སྙིང་སྟོབས་འཁྱེར་ཡོད་པས་ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་གཞིས་བཞུགས་རྒྱ་ཆེའི་མི་མང་གི་ཚབ་བྱེད་དགོས་ཀྱི་ཡོད། འདས་པའི་ལོ་ལྔ་བཅུ་ང་བདུན་རིང་ལ་ང་ཚོ་ཚང་མས་ཧུར་བརྩོན་བྱས་པ་རེད། ཐོག་མའི་དུས་སུ་གཙོ་བོ་རྒྱ་གར་གཞུང་གི་རོགས་རམ་དང་རྒྱལ་སྤྱིའི་ཚོགས་པ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་གཞི་མེད་སར་གཞི་བཙུགས་ཏེ། སྲིད་སྐྱོང་གིས་གསུངས་པ་བཞིན་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་བསྡད་ཡོད་པ་རེད། 

དེ་རིང་ཁ་སང་གི་དུས་ཚོད་འདིར་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། ད་དུང་ཡར་རྒྱས་འགྲོ་བཞིན་པ་རེད། ཕྱི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་གྱི་སློབ་སྦྱོང་ཧ་ཅང་ཚད་མཐོན་པོ་ཡོད་ཀྱང་དེ་ལྟ་བུའི་ཤེས་ཡོན་གྱིས་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་མི་འདུག དངོས་པོ་ཡར་རྒྱས་དང་དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་ཕྱིན་པའི་ལུང་པ་ཚོའི་ནང་དུ་དྲང་བདེན་མེད་པའི་གནས་ཚུལ་དང་སྐྱག་རྫུན། ཧམ་པ། ཐུབ་ཚོད། ལྐོག་བཟའ་རུལ་སུངས་སོགས་མ་ཡོང་བ་བྱེད་ཐུབ་ཀྱི་མི་འདུག ད་ལྟའི་འཛམ་གླིང་འདིར་རྙོག་དྲ་བཟོ་མཁན་དང་མགོ་བདེ་དྲན་འཁྲུལ་བཟོ་མཁན་རྣམས་དེང་དུས་ཀྱི་ཤེས་ཡོན་རྩེ་གྲ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དེང་དུས་ཤེས་ཡོན་གྱིས་མ་ལྡང་བ་དེང་སྐབས་མི་མང་པོས་ངོས་འཛིན་བྱེད་ཀྱི་འདུག དངོས་པོ་ཡར་རྒྱས་དང་ཤེས་ཡོན་ཐོག་ཧ་ཅང་ཡག་པོ་ཡོད་ཀྱང་། ཡ་རབས་སྤྱོད་བཟང་གི་ལྟ་སྤྱོད་ཀྱིས་ལྡང་གི་མི་འདུག་ཅེས་མི་མང་པོས་བཤད་ཀྱི་འདུག ང་ཚོས་དམིགས་བསལ་ཆོས་དང་མ་འབྲེལ་པའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུར་སྨོན་ལམ་བརྒྱབ་བསྡད་པ་དང་། ཁ་བཏོན་འདོན་པ་ཙམ་མ་ཡིན་པར་ཤེས་ཡོན་གྱི་ཐོག་ནས་ཡར་རྒྱས་གཏོང་རྒྱུར་འདས་པའི་ལོ་བཅུ་ཕྲག་རིང་འབད་བརྩོད་བྱས་ཡོད།  བོད་མི་བཙན་བྱོལ་བ་འབུམ་གཅིག་དང་ཕྱེད་ལྷག་ཡོད་པ་ཚོས་སོ་སོའི་མི་ཚེའི་འགྲོ་སྟངས་གཅིག་པུ་མ་ཡིན་པར་ཤེས་ཡོན་གྱི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པར་གཞན་གྱིས་རེ་བ་བརྒྱག་མཁན་ཡང་མང་དུ་མང་དུ་འགྲོ་བཞིན་པ་དང་། ང་ཚོ་ལའང་དེའི་ཆ་རྐྱེན་ཡོད་པ་ཞིག་རེད། ང་ཚོ་བཙན་བྱོལ་བ་ཚོས་ད་ལྟ་བར་དུ་ཧར་བརྩོན་བྱས་པ་རེད། ད་དུང་ཡིན་ནའང་སྲིད་སྐྱོང་གིས་གསུངས་པ་བཞིན་མུ་མཐུད་ནས་ཕྲ་ཚུགས་དང་བརྟན་པོ་ཡོང་རྒྱུར་ཚང་མས་གཟབ་གཟབ་དང་དཀའ་ལས་རྒྱག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་བསམ་བློ་བཏང་ན་སྤོབས་པ་སྐྱེས་དགོས་པ་ཞིག་རེད། 

ངོས་རང་ནི་འཛམ་གླིང་གི་མི་གྲངས་དུར་ཕྱུར་བདུན་ཅུའི་ནང་གི་གཅིག་ཡིན། ཁྱད་དུ་འཕགས་པ་གང་ཡང་མིན་ཞེས་རྒྱུན་དུ་བརྗོད་བཞིན་ཡོད། དེར་བརྟེན་ངོས་རང་བོད་མི་ས་དྲུག་གམ་བདུན་ནང་གི་མི་གཅིག་དང་བཙན་བྱོལ་བའི་ནང་གི་མི་གཅིག་རེད། ང་རང་ངོས་ནས་ད་ལྟ་བར་དུ་གང་ཡོང་བྱས་པ་ཡིན། ངོས་ཀྱིས་ཆབ་སྲིད་ཀྱི་ལས་ཀ་བཞག་ཟིན་པ་ཡིན་ཡང་།  མུ་མཐུད་ནས་ཆོས་དང་རིག་གཞུང་། ལྟ་གྲུབ། དེ་བཞིན་བོད་ཀྱི་ཁོར་ཡུག་ཐོག་ལ་མ་ཤི་བར་དུ་འགན་འཁུར་ལེན་གྱི་ཡིན། ངོས་ཀྱིས་ཧུར་ཐག་བྱེད་རྒྱུ་ཡིན་ལ་ཁྱོད་རང་ཚོས་ཀྱང་མདུན་ནས་འདྲ་ཆགས་པོ་ཞིག་དང་། ལས་བསྡོམས་འདྲ་ཆགས་པོ་ཞིག་བྱས་ཏེ་དོན་དག་དངོས་ཀྱི་ཐོག་ལ་ཐིགས་པ་སྣེ་ཤོར་འགྲོ་བསྡད་པ་དང་། ལྷོད་ཡངས་ཕྱིན་བསྡད་པ་ལྟ་བུ་མ་ཡོང་བ་བྱས་ཏེ་མངོན་ལྐོག་བྱེད་མ་དགོས་པར་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ང་རང་ཚོ་ཆོས་པར་མཚོན་ནའང་ཁ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཤོག་ཅེས་བརྗོད་དེ་ཉིན་རེའི་འཚོ་བའི་ནང་རྣམ་མཁྱེན་གོ་འཕང་སྒྲུབ་རྒྱུའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཕར་ཟད་མི་དགེ་བཅུ་བོའི་ཚུལ་ཁྲིམས་ཡང་ཡག་པོ་མེད་པ་ཡིན་ན། ཁ་ནས་འདྲ་ཆགས་པོ་བཤད་པ་མ་གཏོགས་ལག་ལེན་ཐོག་ཡོང་གི་མེད་པ་རེད། དབྱིན་སྐད་ཀྱི་Hypocrisy ( ཚུལ་འཆོས།) ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་ལས་ཀ་ཅི་ཞིག་བྱེད་པ་ཡིན་ནའང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདིར་མི་མང་པོ་འཛོམས་ཡོད་སར་གཏམ་བཟང་སའང་དེ་ཡིན། 

ཆོས་ཉིད་ལྟར་བཟང་པོ་ཡོད་ན་ངན་པ་ཡོད་དགོས་ཀྱི་རེད། བཟང་པོ་རྐྱང་རྐྱང་ཡིན་ཚེ་བཟང་པོ་ངོ་སོ་ཐོན་རྒྱུ་མི་འདུག གང་ལྟར་བློ་ཕམ་གྱི་རང་བཞིན་ངན་པའི་ཆ་ནས་བཤད་པ་ཡིན་ན་བར་སྐབས་འོས་བསྡུ་ཆེན་མོའི་སྐབས་སུ་ཡ་རབས་སྤྱོད་བཟང་གི་མཚམས་ནས་ཅུང་མར་བབས་བསྡད་པ་

ལྟ་བུ་ཡོང་གི་འདུག ལྷག་པར་དུ་རེ་ཟུང་རེ་ཟུང་གི་བྱེད་ལས་ཀྱི་རྐྱེན་པས་ཆོལ་ཁའི་འཐེན་འཁྱེར་གྱི་རྣམ་པ་ཕྲན་བུ་ཐོན་ཡོང་གི་འདུག དེ་ལ་ཧ་ཅང་བློ་ཕམ་བྱུང་། ང་ཚོས་སྤོབས་པ་བྱེད་རྒྱུ་དང་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོད་པ་དེ་ཉམས་དམས་སོ་སོས་གཏོང་གི་ཡོད་པ་རེད། དངོས་གནས་ཡ་རབས་སྤྱོད་བཟང་དང་། དྲང་བདེན། རྒྱབ་མདུན་ངོ་ལྐོག་མེད་པ། ཕྱི་གསལ་ནང་གསལ་ངང་འཛམ་གླིང་འདིར་གདོང་སྟོན་ཐུབ་པའི་ཆ་རྐྱེན་གཙོ་བོ་དེ་དག་བསྟན་པ་མགོ་ནས་བཤིག་པ་ལྟ་བུ་ཆགས་ཡོང་དུས་ཧ་ཅང་བློ་ཕམ་ཡོང་གི་འདུག དེ་ནི་ཉེ་བའི་འཆར་རེད། 

མང་ཆེ་བ་སྐྱོན་ཡོད་པ་མ་རེད། རེ་ཟུང་རེ་ཟུང་གིས་མགོ་བདེ་དང་། མིག་རྒྱག་ཐུང་ཐུང་དང་འཕྲལ་སེལ་ཙམ་ལ་མ་གཏོགས་ཆེ་ས་ལ་བསམ་བློ་མ་ཐོངས་མཁན་ཚོར་ཆོལ་ཁའི་འཐེན་འཁྱེར་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཡོང་གྲབས་བྱེད་ཀྱི་འདུག དེ་དག་སྐྱོན་ཡིན་པར་ངོས་འཛིན་བྱས་ཏེ་མ་ཡོང་བ་བྱེད་དགོས། ཆོལ་ཁ་གསུམ་ནི་སྔར་དུས་རབས་བདུན་པ་བརྒྱད་པ། དགུ་བ་བཅས་སུ་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་འོག་ལ་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། དེ་བཞིན་ཐུན་མོང་མ་ཡིན་པ་གཅིག་ནི་དེ་སྔ་ཞང་ཞུང་སྨར་ཡིག་ཟེར་བ་ཞིག་ཡོད་ནའང་འདྲ་མེད་ནའང་འདྲ་གང་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཐོན་མི་སམ་བྷོ་ཊས་གཏན་འབེབས་གནང་བའི་ཡི་གེའི་ནང་ང་ཚོའི་བཀའ་འགྱུར་བསྟན་འགྱུར་ཡོད་པ་རེད། སྐད་ཀྱི་གདངས་མི་འདྲ་བ་ཡོད་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དང་ཧི་མ་ལའི་རི་རྒྱུད་དང་བཅས་པར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དག་གཅིག་མཚུངས་ཀློག་ཤེས་ཀྱི་ཡོད་པ་རེད།  བོད་པ་གཅིག་གྱུར་དེས་བཟོས་ཡོང་གི་ཡོད། 

ཆབ་སྲིད་ཀྱི་འཕོ་འགྱུར་ཇི་ལྟ་བུ་བྱུང་ཡང་དེ་ལ་ལྟོས་པ་མེད་པར་ང་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་དེ་བོད་ཆོལ་ཁ་གསུམ་གཅིག་སྦྲེལ་གྱི་འོག་ནས་འདས་པའི་ལོ་སྟོང་ཕྲག་རིང་ལ་ཉར་ཚགས་བྱས་པ་རེད། མ་འོངས་པར་ཡང་བོད་ཆོལ་ཁ་གསུམ་གཅིག་ཏུ་སྦྲེལ་བའི་ཐུན་མོང་གི་ནུས་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐུབ་པ་ཞིག་རེད། འཕྲལ་སེལ་གྱི་དགོས་པ་ཆུང་ཆུང་ཞིག་ལ་དམིགས་ནས་ཆོས་ལུགས་ཀྱི་འཐེན་

འཁྱེར་དང་ལུང་ཚན་གྱི་འཐེན་འཁྱེར་བྱས་པ་ཡིན་ན་དངོས་གནས་བློ་ཆུང་ཕན་བཏགས་ཟེར་བ་ཆགས་ཀྱི་ཡོད། ཁྱོན་ནས་ཡག་པོ་མེད། ང་ཚོ་ཆོལ་ཁ་གསུམ་པོ་སྐྱིད་པོ་བྱུང་ན་སྐྱིད་གཅིག་དང་སྡུག་པོ་བྱུང་ན་སྡུག་གཅིག་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཡིན་མ་གཏོགས་ཆོལ་ཁའི་དབྱེ་བ་བྱས་ཏེ་འགྲོ་རྒྱུ་ནམ་ཡང་མ་ཡོང་བ་ཁྱོད་རང་ཚོ་ཚང་མའི་སེམས་ལ་འཇོག་དགོས། འགོ་ཁྲིད་མཁན་ཚོ་ཡིན་ནའང་དེ་སེམས་ལ་ཞོག  ལས་ཀ་བྱེད་མཁན་ཚོ་ཡིན་ནའང་དེ་སེམས་ལ་ཞོག མི་མང་ཚོ་ཡིན་ནའང་དེ་སེམས་ལ་ཞོག 

བླ་མ་དགེ་བཤེས་ཁ་ཤས་ཁ་ཤས་ཡོད་པ་རེད། དེ་རིང་འདིར་ང་ཚོས་བཤད་པ་གསན་འགྲོ་གི་རེད། ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་མ་དགེ་བཤེས་ཚོ་ཡིན་ནའང་དེ་སེམས་ལ་ཞོག ང་ཚོ་སྟོན་པ་བཅོམ་ལྡན་འདས་གཅིག་གི་རྗེས་འབྲངས་དང་། ཡང་སྒོས་དཔལ་ན་ལེནྡྲའི་མགོན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་རྗེས་སུ་འབྲངས་མཁན་གཅིག་མཚུངས་རེད། དེ་ལྟ་བུ་ཡིན་བཞིན་སོ་སོའི་ཞྭ་མོའི་ཚོས་གཞི་མི་འདྲ་བ་ཙམ་དང་། དགོན་པ་ཆུང་ཆུང་ཞིག་གིས་ང་དང་ཁྱོད་ཟེར་ནས་བཤད་བསྡད་པ་ཡིན་ན་བྱབ་ཆུང་རེད། དེ་རིང་ཁ་སང་ཨ་རབ་ལུང་པའི་ནང་དུ་ལྟོས་དང་ཡི་ཤི་ཆོས་ལུགས་པ་དང་ཁ་ཆེ་ཆོས་ལུགས་པའི་དབར་རྒྱག་རེ་བརྒྱག་བཞིན་པ་དང་།  ནོར་ཐེན་ཨེར་ལེན་ཊི་(Northern lreland) ནང་ཁའེ་ལིས་ཁུ་ (catholic )དང་ཕོར་ཊེ་སུ་ཊེན་ཊུ་(Protestant) ཕུར་ཁྲ་སིན་གཉིས་རྒྱག་རེས་བརྒྱག་བཞིན་འདུག དེ་བཞིན་ཁ་ཆེ་ཡུལ་གྲུ་གཅིག་གི་ནང་དུ་སོན་ནི་Sunniདང་ཞིས་ཨ་shiaརྒྱག་རེ་བརྒྱག་བཞིན་འདུག ང་ཚོ་བོད་ཀྱི་འདས་པའི་ལོ་རྒྱུས་ནང་ཞྭ་དམར་སེར་དབར་རྒྱག་རེས་བརྒྱབ་པ་དང་། དེ་བཞིན་ས་སྐྱ་དང་དགེ་ལུགས་དབར་རྒྱག་རེས་བརྒྱབ་པ་བྱུང་མྱོང་བ་རེད། དེ་དག་ངོ་ཚོ་དགོས་པ་རེད། ང་ཚོ་མི་རབས་གསར་བར་སླེབས་པ་དང་། དུས་རབས་གཉན་འཕྲང་ཅན་གྱི་སྐབས་ལ་སླེབས་ཡོད་པ་རེད། འཛམ་གླིང་སྤྱི་ལ་ཕལ་ཆེར་བློ་སྤོབས་དང་འབྲེལ་ནས་བཤད་རྒྱུར་བརྩོན་བཞིན་པའི་གནས་ཚུལ་གྱི་སྐབས་ལ་ཞབས་འདྲེན་ང་ཚོའི་ནང་ནས་ཞུས་པ་ཡིན་ན་ཐབས་སྐྱོ་པོ་དང་ངོ་ཚ་དགོས་པ་རེད། ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། བཅོམ་ལྡན་འདས་ཀྱིས་ཅི་ཞིག་དགོངས་ཀྱི་རེད། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ཅི་ཞིག་དགོངས་ཀྱི་རེད། ང་རང་ཚོའི་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་པའི་སྐྱེས་བུ་དམ་པ་ཚོས་ཅི་ཞིག་དགོངས་ཀྱི་རེད། དད་པ་མེད་ན་གནས་ཚུལ་ཁ་ཁ་རེད། ཆོས་ལ་སྐྱོན་ལྟོས། ཆོས་ལ་གཏོར་བཤིག་ཐོངས་དང་སོ་སོའི་རང་དབང་རེད། ཆོས་བྱེད་ཀྱི་ཡོད་ན་བྱེད་སྟངས་དེ་འདྲ་མ་རེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉམས་ལེན་ཡག་པོ་བྱོས། ཁ་ནས་བཤད་པ་གཅིག་པུས་འགྲིག་གི་མེད་པར་སོ་སོའི་ལག་ལེན་ལ་འཁྱེར་ཏེ་མྱོང་བ་ཐོན་པ་བྱུང་ན་བྲོ་བ་ཡོང་གི་རེད། དེ་མིན་ཁ་ནས་བརྒྱ་བཤད་སྟོང་བཤད་པ་ཡིན་ནའང་དོ་སྣང་དང་ལག་ལེན་མ་བྱས་ཚེ་བྲོ་བ་ཁ་གི་མ་རེད། དེ་མཁས་པའི་ཚིག་བཤད་དམ་ཚིག་སྐམ་པོའི་བཤད་པ་ལྟ་བུ་ཞིག་ཡིན་པ་ལས་དགོས་པ་རྒྱུ་མཚན་མི་འདུག སོ་སོའི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་སྦྱོང་ཡག་པོ་བྱོས། ཉམས་ལེན་ཡག་པོ་བྱོས། ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མ་བྱེད།

 ངོས་ལ་གྲོགས་པོའི་འདུ་ཤེས་ཅུང་ཙམ་ཡོད་ན་ང་ལ་ཉན་དགོས། ༧རྒྱལ་བ་རིན་པོ་ཆེ་ཞེས་མདུན་ལ་ཐོན་དུས་ཧ་ཅང་ཡིན་མདོག་བྱེད་པ་དང་། རྒྱབ་ལོག་ནས་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་པ་དང་ཆོལ་ཁའི་འཐེན་འཁྱེར་བྱེད་པ། སྐྱག་རྫུན་བཤད། ཧམ་པ་བཤད་ན་ཡག་པོ་ཡོད་པ་མ་རེད། ཤེས་སོང་ངམ། ཞེས་བཀའ་སྩལ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་ལྷན་བཞུགས་ཀྱི་སྐུ་པར་སྒྲོན་པ་དང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ལྷོ་ཁ་གནམ་རབ་ཀྱི་འཁྲབ་གཞས་ཞེས་པ་གཟིགས་འབུལ་ཞུས་རྗེས་༧གོང་ས་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཏེ་སྲིད་སྐྱོང་དམ་འབུལ་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།