ཉི་ཧོང་གི་གསར་འགྱུར་ལས་ཁུངས་ཀྱིས་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པ།

མདུན་ངོས། / ཉི་ཧོང་གི་གསར་འགྱུར་ལས་ཁུངས་ཀྱིས་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༩ ཉིན་གྱི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཊོག་ཀྱོ་གྲོང་ཁྱེར་གྱི་ཧ་ནི་ཏ་གནམ་ཐང་ནས་མཁའ་ལམ་བརྒྱུད་ཆིབས་ཞལ་བསྒྱུར་ཏེ་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཨོ་ས་ཁའི་ཨི་ཏ་མིས་གནམ་ཐང་ལ་ཕེབས་འབྱོར་གནང་། དེ་ནས་བཞུགས་གནས་མགྲོན་ཁང་དུ་༧ཞབས་སོར་བཀོད། ཉིན་གུང་གསོལ་ཚིགས་གྲུབ་མཚམས་ཉི་ཧོང་རྒྱལ་ཡོངས་གསར་ཁང་NHKགི་གསར་འགོད་པ་མ་ཀོ་ཏོ་ཨོ་རྡ་དང་ཨེ་སུའུ་ཀེ་ཏཱ་ཀ་ཧ་ཤིས་Makoto Oda and Eisuke Takahashiགཉིས་ཀྱིས་བཀའ་འདྲི་ཁག་གཅིག་ཕུལ་པར་བཀའ་ལན་སྩལ་ཡོད་པ་རེད།  

དེ་ཡང་གསར་འགོད་པ་གཉིས་ཀྱིས་ཐོག་མར་བོད་ནང་གི་ད་ལྟའི་དངོས་ཡོད་གནས་ཚུལ་སྐོར་ལ་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་ཉི་ཧོང་གི་གསར་འགོད་པ་ཚོ་དངོས་སུ་བོད་ཀྱི་ས་ཁུལ་གང་སར་བསྐྱོད་ནས་ཞིབ་འཇུག་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད། ཅེས་དང་།   

རིག་གནས་གསར་བརྗེའི་སྐབས་དང་བསྡུར་ན་ད་ལྟ་བོད་དང་རྒྱ་ནག་གི་གནས་ཚུལ་ཡག་པོ་ཡོད། འོན་ཀྱང་བོད་ནང་བསམ་བློ་མཁྲེགས་བཟུང་ཅན་གྱི་རྒྱ་རིགས་དཔོན་པོ་འགའ་ཤས་ཡོད་པ་རེད། ཁོ་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་། ཆོས་སོགས་རྒྱ་ནག་དང་མི་འདྲ་བའི་རིག་གཞུང་གོམས་སྲོལ་གང་ཡོད་པ་ཚང་མ་རྒྱ་བོད་ཁ་བྲལ་དུ་འགྲོ་བའི་རྐྱེན་རྩར་མཐོང་སྟེ། ཞེད་སྣང་དབང་གིས་བོད་ནང་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད། 

སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་བསླབ་མ་ཆོག་པ་དང་། བསླབ་ཆོག་པ་རེ་གཉིས་ཡོད་པ་དེ་ལའང་སྟངས་འཛིན་ནན་པོ་བྱས་ཏེ་སློབ་ཀྱི་ཡོད་པ་རེད།  བོད་རིགས་སློབ་ཕྲུག་རྣམས་བོད་ཡིག་གི་ཐོག་ནས་སློབ་སྦྱོང་ཧ་ཅང་ཡག་པོ་ཐོན་ཡང་ཁོང་ཚོར་ལས་ཀ་ཡག་པོ་རག་རྒྱུའི་གོ་སྐབས་བཀག་སྟེ། རྒྱ་ཡིག་སློབ་སྦྱོང་ཡག་པོ་ཐོན་པ་ཚོར་ལས་ཀ་སྤྲོད་པ་དང་། མཐོ་རིམ་སློབ་གྲྭར་འགྲོ་རྒྱུའང་ལས་སླ་བོ་བཟོས་ཡོད། 

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་དཀྱིལ་ཙམ་ནས་བོད་རིགས་ཚོའི་ཚོར་སྣང་ལ་སླར་ཡང་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་དམ་དྲག་དང་ཧ་ཅང་ཆ་འདྲ་བ་ཡོང་ཡོད། དེའི་རྐྱེན་གྱིས་ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་། བསམ་བློ་གུ་དོག་གིས་རྒྱུན་དམ་དྲག་ཤུགས་ཆེར་བྱ་རྒྱུའི་བསམ་ཚུལ་འཁྱེར་མཁན་གྱི་ས་གནས་ཀྱི་དཔོན་རིགས་ཚོར་རྒྱ་ནག་གཞུང་གི་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད།

ཕྱི་དངོས་པོའི་ཆ་ནས་ཁང་པ་དང་ཚོང་ཁང་སོགས་བོད་ནང་ཡར་རྒྱས་གང་འཚམས་བཏང་ཡོད་ཀྱང་། ནང་པའི་ཆོས་ནི་དགེ་བའི་བཤེས་གཉེན་ཚད་ལྡན་གྱི་དྲུང་ནས་ལོ་ཉི་ཤུ་ནས་སུམ་ཅུ་རིང་སློབ་སྦྱོང་བྱེད་དགོས་པས་ད་ལྟའི་ཆར་བོད་ནང་དེ་ལྟར་སློབ་སྦྱོང་ཐོན་རྒྱུ་ཁག་པོ་འདུག དེ་སྔ་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཡོད་ཀྱང་། མང་པོ་ཞིག་རྒྱའི་བཙོན་འོག་ཏུ་འདས་གྲོངས་སོང་བ་དང་། ཁག་གཅིག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་ད་ལྟའི་ཆར་ཉུང་ཤས་ལས་ལྷག་མེད། གྲྭ་ས་ཁག་ཏུ་གྲྭ་བའི་གྲངས་འབོར་ཡང་ཧ་ཅང་ཉུང་རུ་ཕྱིན་ཡོད། རྒྱལ་བ་སྐུ་ཕྲེང་གཉིས་པ་ཐམས་ཅན་མཁྱེན་པ་དགེ་འདུན་རྒྱ་མཚོ་མཁན་པོ་གནས་སའི་འབྲས་སྤུངས་ལ་ཆ་བཞག་ནའང་ཕྱི་ལོ་༡༩༥༨-༥༩ ལོར་ངོས་ཀྱིས་གྲྭ་སྐོར་དམ་བཅའ་འཇོག་སྐབས་དགེ་འདུན་པ་སྟོང་ཕྲག་བརྒྱད་ཡོད་པ་དང་། ད་ལྟའི་དུས་སུ་གྲྭ་བ་བཞི་བརྒྱ་ལས་བསྡད་ཆོག་གི་མེད། འབྲས་སྤུངས་ཀྱི་གྲྭ་རྒྱུན་ནི་སྔ་མོ་བོད་ཀྱི་ས་ཁུལ་གང་ས་ནས་ཡོང་གི་ཡོད་པར་མ་ཟད། དེ་མིན་ལུང་པ་གཞན་ནས་ཀྱང་གྲྭ་རྒྱུན་ཡོང་གི་ཡོད། ད་ལྟའི་ཆར་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ས་གཞན་ནས་སླེབས་པ་ཚོ་རང་རང་གི་ས་ཆར་ཕྱིར་ཕུད་བཏང་ཡོད་པ་མ་ཟད། འབྲས་སྤུངས་སུ་ཡོད་པའི་དགེ་འདུན་པ་ཚོ་ཡང་ནམ་རྒྱུན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་གཏོང་གི་ཡོད་པ་རེད།  

ཏང་གིས་དུས་རྒྱུན་ཐམས་ཅད་ཕུན་སུམ་ཚོགས་པོ་ཡོད་ལུགས་བརྗོད་ཀྱི་ཡོད་ཀྱང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་སོགས་ཡོད་པ་མ་རེད། གཞུང་གི་ངོས་ནས་གསར་འགྱུར་གྱི་རིགས་སྟངས་འཛིན་བྱས་ཏེ་མི་མང་ལ་ཕྱོགས་གཅིག་གི་གནས་ཚུལ་མ་གཏོགས་མཐོང་གི་འཇུག་གི་ཡོད་པ་མ་རེད། ཅེས་དང་། 

ཡང་གསར་འགོད་པས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་ལྟའི་བར་རང་ལུས་མེར་བསྲེགས་གནང་མཁན་ ༡༤༠ ལྷག་བྱུང་བ་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཁོ་ཚོ་མི་རེ་བཞིན་མེར་བསྲེགས་བཏང་བའི་གནས་ཚུལ་གོ་དུས་ཧ་ཅང་བློ་ཕམ་བྱུང་། ཁོ་ཚོར་རང་ལུས་མེར་བསྲེགས་གཏོང་བའི་བློས་གཏོང་ཆེན་པོ་ཡོད་ཀྱང་མི་གཞན་སུ་ལའང་འཚེ་བ་མི་བྱེད་པའི་སེམས་ཤུགས་ནི་ཧ་ལས་དགོས་པ་ཞིག་རེད། བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཐོག་མར་བྱུང་བའི་སྐབས་སུ་ BBC ཡི་གསར་འགོད་པ་ཞིག་གི་དྲིས་ལན་དུ་འདི་ལྟ་བུའི་ལས་འགུལ་སྤེལ་བ་ཡིན་ན་ད་ལྟའི་གནས་བབ་འོག་དངོས་སུ་ཕན་ཐོགས་ཡོད་མེད་ཐེ་ཚོམ་རེད་ཅེས་བརྗོད་རྒྱུ་བྱུང་། ཞེས་དང་། 

ང་ཚོས་རང་བཙན་རྩོད་ཀྱི་མེད། དུས་རབས་བདུན་པ་དང་བརྒྱད་པ། དགུ་བའི་སྐབས་ཀྱི་རྒྱའི་ལོ་རྒྱུས་དེབ་ཐེར་ནང་དུ་འདྲ་མཉམ་གྱི་བཙན་རྒྱལ་གསུམ་བཤད་ཀྱི་ཡོད། དེ་ནི་རྒྱ་ཧོར་བོད་གསུམ་རེད། ཡིན་ནའང་། དེ་ནི་འདས་པའི་ལོ་རྒྱུས་ཆགས་ཡོད། ང་ཚོས་མ་འོངས་པར་བསམ་བློ་གཏོང་དགོས། ཡུ་རོབ་མཐུན་ཚོགས་ཀྱི་ཁུངས་མི་ཡིན་པའི་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་གཅིག་པུའི་ཁེ་ཕན་ལས་ཡུ་རོབ་ཐུན་མོང་གི་ཁེ་ཕན་གལ་ཆེར་བརྩིས་པ་དེ་ནི་ངོས་ཀྱིས་གལ་ཆེན་དུ་བརྩི་བཞིན་ཡོད། བོད་ནང་ལ་ཕྱིའི་དངོས་པོའི་འཛུགས་སྐྲུན་ངེས་པར་དུ་དགོས་པ་དེའི་ཐོག་རྒྱ་ནག་གིས་རོགས་རམ་བྱེད་ཐུབ་པ་དང་། དེ་དང་ཆབས་གཅིག་ང་ཚོར་བོད་རང་གི་ཆོས་དང་རིག་གཞུང་མ་ཉམས་རྒྱུན་འཛིན་བྱེད་རྒྱུའི་དབང་ཆ་དགོས་པ་ཡིན།  

རྩ་བ་བློ་འཛིན་དང་འགྲེལ་བ་རིགས་ལམ་རྩོད་པའི་ལམ་ནས་བརྡར་ཤ་བཅད་དེ་སློབ་གཉེར་བྱེད་པ་དང་། བརྡར་ཤ་བཅད་ནས་གཏན་ལ་ཕབ་པའི་དོན་ཉམས་ལེན་བྱེད་རྒྱུ་ཡོད་པའི་ཁྱད་ཆོས་ཅན་གྱི་ན་ལེནྡྲའི་སྲོལ་རྒྱུན་ཆ་ཚང་བ་གྲ་མ་ཉམས་གྲུ་མ་ཞིག་པར་ང་ཚོ་བོད་ཀྱིས་བདག་པོ་བརྒྱབ་ཡོད། 

བོད་ཀྱི་ནང་བསྟན་ཆོས་ལུགས་གནས་དང་མི་གནས་ནི་བོད་མི་ས་ཡ་དྲུག་གི་དོན་དག་ཁོ་ན་མ་ཡིན་པར་རྒྱ་རིགས་ས་ཡ་བཞི་བརྒྱ་དང་། ཉི་ཧོང་དང་བཅས་པའི་ཁེ་ཕན་ལ་ཐུག་ཡོད། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་སེམས་ཀྱི་ཞི་བདེ་དེ་མི་སྒེར་དང་ཁྱིམ་ཚང་། རྒྱལ་ཁབ་བཅས་ཀྱི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། བདེ་སྐྱིད་ནི་སེམས་ཀྱི་མྱོང་བ་དང་འབྲེལ་བ་ཡོད་པས་འཕྲུལ་རིགས་དང་ཕྱི་དངོས་པོ་ཡར་རྒྱུས་ཙམ་གྱིས་ལྡང་གི་ཡོད་པ་མ་རེད། དེར་བརྟེན་ང་ཚོར་ལུས་ཀྱི་བདེ་ཐང་ཆེད་ལུས་ཀྱི་འཕྲོད་བསྟེན་དགོས་ཀྱི་ཡོད་པ་བཞིན་སེམས་སྐྱིད་པོ་དང་བདེ་སྐྱིད་ཡོང་ཆེད་མྱོང་བའི་འཕྲོད་བསྟེན་ཡང་དགོས་ཀྱི་ཡོད། བོད་ཀྱི་ནང་བསྟན་སྲོལ་རྒྱུན་ནང་སེམས་ཀྱི་ཉོན་མོངས་ལ་ཁ་གཏད་གཅོག་སྟངས་སྐོར་གྱི་ཤེས་ཡོན་རྒྱ་ཆེ་གཏིང་ཟབ་ཡོད་པས་ང་ཚོར་དེ་སྲུང་སྐྱོབ་བྱེད་པའི་རང་དབང་ཡོད་པར་མ་ཟད། དེས་གཞན་མང་པོ་ཞིག་ལའང་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་སྩལ་བ་དང་། 

གཞན་ཡང་བོད་རྒྱ་འབྲེལ་མོལ་ཐད་གསར་འགོད་པས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་བཀའ་ལན་ཕེབས་དོན། ཏིན་ཞོ་ཕིན་གྱིས་ངོས་ཀྱི་འབྲེལ་མཐུད་པ་(emissary)ཞིག་བརྒྱུད་ནས་་“ བོད་རང་བཙན་མ་ཡིན་པའི་གནད་དོན་གང་ཡིན་ཡང་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་ཆོག་གི་རེད།”ཅེས་བརྗོད་ཡོད། ཕྱི་ལོ་༡༩༨༠ ལོ་ནས་བཟུང་ང་ཚོ་དང་རྒྱ་ནག་གཞུང་དབར་དངོས་སུ་འབྲེལ་བ་བྱུང་བ་རེད། ཕྱི་ལོ་ ༡༩༩༠ ནང་འབྲེལ་བ་དེ་ཆད་པ་དང་། ཅང་ཙེ་མིན་གྱི་སྐབས་སུ་འབྲེལ་བ་སླར་ཡང་མཐུད་པ་དང་། ཕྱི་ལོ་ ༢༠༡༠ ལོར་འབྲེལ་བ་སླར་ཡང་ཆད་པ་རེད། 

ངོས་ལ་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་ལ་ཕེབས་ཡོད། རྒྱ་ནག་གི་ནང་པ་ས་ཡ་མང་པོས་ངོས་ཀྱི་ས་ནས་ཆོས་ཉན་རྒྱུའི་འདུན་པ་ཆེན་པོ་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་རུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ཀྱང་ནང་ཆོས་ཀྱིས་རྒྱ་ནག་གི་རིག་གནས་དར་རྒྱས་ཁྲོད་འགན་ཆེན་པོ་ལེན་དགོས་ཞེས་གསུངས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སླར་ཡང་བསྐྱར་བཤད་གནང་ཡོད། དེ་བཞིན་ཉེ་བའི་ལོ་འགའི་རིང་ནས་རྒྱ་རིགས་རྩོམ་པ་པོ་ ༡༠༠༠ ལྷག་གིས་དབུ་མའི་ལམ་གྱི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་།  རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ཅེས་དང་། 

གཅིག་སྡུད་རིང་ལུགས་སྲིད་གཞུང་གིས་དམ་དྲག་བྱེད་པ་ནི་དུས་ལས་ཡོལ་བ་ཞིག་ཡིན་པས་སྲིད་བྱུས་ལྷུག་ཙམ་བྱས་པ་ཡིན་ན་རྒྱ་མི་རིགས་དང་རྒྱ་ནག་གཞུང་གཉིས་གར་ཁེ་ཕན་ཡོད་པ་རེད། རྒྱ་མི་རིགས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་པ་བྱ་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ། དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་ལེགས་ཉེས་རྣམ་པར་འབྱེད་པའི་རྣམ་དཔྱོད་ཀྱང་ཡོད་པ་རེད། དེ་ལྟ་བུའི་གནས་སྟངས་འོག་ཡུག་གཅིག་ལ་བཀག་ནས་དམ་དྲག་བྱེད་པ་ནི་བཟང་སྤྱོད་དང་མི་མཐུན་པ་དང་ནོར་འཁྲུལ་ཅན་གྱི་བྱེད་ཕྱོགས་ཤིག་རེད། ངོས་ཀྱིས་མ་ཁེ་སི་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་མེད། མ་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་སྲོལ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་། ལའེ་ཉིན་གྱི་དབང་ཆ་གཅིག་སྡུད་ཀྱི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། དེ་ཡིས་མ་ཁེ་སི་རིང་ལུགས་འཕྲོ་བརླག་ཏུ་བཏང་བ་རེད། ཅེས་དང་། 

༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་སྐོར་ལ་གསར་འགོད་པས་བཀའ་འདྲི་ཞིག་ཞུས་པར་༧གོང་ས་མཆོག་གིས་དེའི་སྐོར་སུ་ཤེས་སམ་ཞེས་བཀའ་ཕེབས་པ་དང་འབྲེལ། སྲོལ་རྒྱུན་གྱི་ཐོག་ནས་༧གོང་ས་མཆོག་ལ་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་སྐུ་དབང་ཆ་ཚང་ཡོད་པ་ཡིན་ནའང་སྤོབས་པ་ལྡན་པའི་ཐོག་ནས་དང་བླངས་ཀྱིས་སྲིད་དབང་རྩིས་སྤྲོད་གནང་བའི་སྐོར་ལ་བཀའ་གནང་བ་དང་། མ་འོངས་པ་ན་རྒྱལ་བ་རིན་པོ་ཆེ་ནི་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ་རིན་པོ་ཆེ་སོགས་ལྟ་བུའི་ཆོས་ཕྱོགས་ཀྱི་མི་སྣ་ཁོ་ན་ཆགས་ཀྱི་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡང་སྲིད་ཡིན་ཟེར་བ་དང་མགོན་པོ་ཀླུ་སྒྲུབ་ཀྱི་ཡང་སྲིད་ཡིན་ཟེར་བ་མེད་པ་རེད། ཡིན་ནའང་ཁོང་རྣམ་པའི་གསུང་རབ་ད་ལྟའང་འཛམ་གླིང་ནང་དར་ཁྱབ་ཏུ་འགྲོ་བཞིན་པ་རེད། ཅེས་དང་། ་དོན། འཚེ་བ་མེད་པ་ནི་མི་སྒེར་གཅིག་གི་འདོད་ཕྱོགས་ཙམ་མ་རེད། དཀའ་ངལ་སེལ་བའི་ཐབས་ལམ་ཡང་དག་པ་ཅིག་ཆགས་ཀྱི་ཡོད་པ་རེད། དེ་ནི་དཀྱིལ་ཤར་རྒྱལ་ཁབ་དག་ལ་བལྟས་པ་ཡིན་ན་ཤེས་གསལ་རེད། དྲག་པོའི་ལས་འགུལ་སྤེལ་ཏེ་མི་གསོད་ཁྲག་སྦྱོར་གྱི་ལས་བྱེད་འདོད་ཡོད་པའི་མི་སུ་གཅིག་ཀྱང་ཡོད་པ་མ་རེད། ཅེས་དང་།

ད་ཡོད་ཀྱི་ཤེས་ཡོན་ལམ་ལུགས་ནི་ཕྱི་དངོས་པོ་ཡར་རྒྱས་དང་ནང་བསམ་པའི་ཡར་རྒྱས་གཉིས་ཀ་འཛོམས་པའི་ལམ་ལུགས་ཆ་ཚང་བ་ཞིག་མ་ཡིན་པས། ནང་བསམ་བློའི་འགྲོ་སྟངས་དང་མིའི་མྱོང་ཚོར་གྱི་བྱེད་ལས་སོགས་ལ་ད་དུང་ཡིན་ནའང་སློབ་སྦྱོང་བྱེད་དགོས་པ་རེད། དེའི་ཐད་ལ་ད་ལྟའི་ཤེས་ཡོན་ལམ་ལུགས་ནང་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཡར་འཇུག་ཆེད་ཐབས་ལམ་གྱི་སློབ་དེབ་ཟིན་བྲིས་ཤིག་བཀོད་ཟིན་ཡོད། ཕྱི་དངོས་པོ་དང་ནང་བསམ་པའི་ཡར་རྒྱས་གཉིས་ཀར་དམིགས་པའི་ཤེས་ཡོན་ལམ་ལུགས་ཆ་ཚང་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་ཡོད།  

དེ་ལྟ་བུའི་ཤེས་ཡོན་ལམ་ལུགས་ཀྱི་གྲུབ་འབྲས་སུ་སྔར་ལས་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་ངོས་ཀྱི་མི་ཐོག་འདིར་མཐོང་དཀའ་ཡང་། མི་རབས་གཞོན་པ་ཚོར་ནང་བསམ་པའི་རིན་ཐང་དེ་ཚོ་ངོ་སྤྲོད་དང་འབད་བརྩོན་བྱས་པ་ཡིན་ན། ཁོང་ཚོས་སྔར་ལས་ལྷག་པའི་ཞི་བདེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་མཐོང་ཐུབ་རྒྱུའི་རེ་བ་ཡོད། མིས་བཟོས་པའི་དཀའ་ངལ་མིས་སེལ་ཐབས་བྱེད་དགོས། མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དང་། དེ་ནི་ང་ཚོའི་མ་འོངས་པའི་རེ་བ་རེད། 

འཆམ་མཐུན་ནི་ཧ་ཅང་གལ་ཆེན་པོ་ཡིན། མི་གཞན་ལ་བརྩེ་སེམས་ཀྱི་ཐོག་ནས་གུས་ཞབས་དང་བཅས་སེམས་ཁུར་བྱས་པ་ཡིན་ན་དེ་ཡིས་ཕན་ཚུན་དབར་ཡིད་ཆེས་ཀྱི་གཞི་རྩ་འདིང་རྒྱུ་དང་།  ཡིད་ཆེས་སླེབས་པ་ནི་འཆམ་མཐུན་གྱི་གཞི་རྩ་རེད། ཉེ་ཆར་BBC གསར་འགྱུར་ནས་གནས་ཚུལ་ཐོས་པར་འཛམ་གླིང་གི་མི་སེར་ཡིན་ཞེས་བརྗོད་མཁན་གྱི་གཞོན་སྐྱེས་མང་དུ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་དགའ་སྤོབས་སྐྱེས་དགོས་པ་དང་། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད། ཅེས་དང་། 

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དམག་ཆེན་གཉིས་པའི་སྐབས་ཉིང་རྡུལ་གཡུགས་སའི་ཉི་ཧོང་གི་ཧེ་རོ་ཤེ་མར་(Hiroshima)འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པའི་སྐོར་བརྒྱུད་ལམ་ཁག་ནས་གླེང་སློང་བྱེད་ཀྱི་ཡོད་པ་རེད། དེའི་ཐོག་༧གོང་ས་མཆོག་ལ་དགོངས་ཚུལ་ཅི་ཞིག་ཡོད་ཅེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་དེ་ཕེབས་ཐུབ་ན་ཧ་ཅང་ཡག་པོ་རེད། འཇར་མན་དང་ཉི་ཧོང་གཉིས་དམག་ཆེན་གཉིས་པའི་སྐབས་སུ་ཐལ་བར་བསྒྱུར་ཀྱང་བློ་སྤོབས་མ་ཉམས་པར་སླར་ཡང་འཛུགས་སྐྲུན་བྱེད་ཐུབ་པར་མ་ཟད། སོ་སོ་གཏོར་མཁན་ལ་ཞེ་འཁོན་མེད་པ་བྱེད་ཐུབ་པ་དེ་ནི་ཧ་ཅང་དགའ་སྣང་ཡོང་གཞི་ཞིག་རེད། ཅེས་དང་། 

དེང་སང་རྒྱལ་ཁབ་སོགས་མང་པོས་རྒྱ་ནག་ལ་གུས་གུས་ཞུམ་ཞུམ་བྱེད་པ་དེས་༧གོང་ས་མཆོག་ལ་མཛད་དཀའ་ཡོང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོའི་ཐོག་ནས་བཤད་ན་བདེན་པའི་སྟོབས་ཤུགས་དེ་མེ་མདའི་སྟོབས་ཤུགས་ལས་ཀྱང་ཆེ་བ་ཡིན་པ་དང་། ཕྱི་རྒྱལ་གྱི་དབུ་ཁྲིད་མང་པོ་ཞིག་བོད་ལ་ཤ་ཚ་ཡོད་པ་རེད། བོད་པ་ཚོ་འཚེ་མེད་ཞི་བའི་ལམ་ལ་མཐའ་གཅིག་ཏུ་ཤར་བསྐྱོད་བྱེད་མཁན་ཞིག་ཡིན། མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བཟང་པོ་ཡིན་པ་དེ་ཡིས་ལོ་བརྒྱད་ཅུ་གྱ་གཅིག་ལ་ཉེ་བའི་ལོ་རྒན་ངོས་རང་ཡང་བསམ་པ་གུ་ཡངས་པོ་བྱས་ཏེ་སྡོད་ཐུབ་ཀྱི་འདུག ཅེས་བཀའ་སྩལ་ཡོད་པ་རེད།