༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་མཛད་འཕྲིན་བསྐྱངས་པ།

མདུན་ངོས། / ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་མཛད་འཕྲིན་བསྐྱངས་པ།

༄༅།ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༦ ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་༸ཞབས་སོར་འཁོད་དེ་རེ་ཌི་སན་གསོལ་མགྲོན་ཁང་དུ་སྐུའི་ངལ་གསོ་མཛད་པ་དང་། ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད། དེ་ཡང་ཉི་ཧོང་གི་ཊོག་ཁྱོའི་ Tokyo གྲོང་ཁྱེར་གྱི་ན་རི་ཏ་གནམ་ཐང་དུ་ཉིན་གུང་ཙམ་ལ་༸ཞབས་སོར་འཁོད་སྐབས་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཉི་ཧོང་འབྲེལ་ཡོད་ལས་བྱེད་པ་ཁག་གཅིག  དེ་བཞིན་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་ས་གནས་བོད་རིགས་དང་ཧི་མ་ལ་ཡི་རི་རྒྱུད་ཀྱི་མི་རིགས། དེ་བཞིན་ཉི་ཧོང་གི་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༥༠ བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་ཕྱེ་མར་ཆང་ཕུད་སོགས་ཐོགས་ཏེ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས།  

ཚེས་ ༩ ཉིན་གྱི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཊོག་ཀྱོ་གྲོང་ཁྱེར་གྱི་ཧ་ནི་ཏ་གནམ་ཐང་ནས་ཆུ་ཚོད་གཅིག་གི་རིང་མཁའ་ལམ་བརྒྱུད་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཨོ་ས་ཁའི་ཨི་ཏ་མིས་གནམ་ཐང་ལ་ཆིབས་བསྒྱུར་བསྐྱངས་པ་དང་། གནམ་ཐང་ནས་ཆིབས་ཐོན་གྱིས་ཉིན་གུང་གསོལ་ཚིགས་མཚམས་སུ་བཞུགས་གནས་མགྲོན་ཁང་དུ་༧ཞབས་སོར་འཁོད། གསོལ་ཚིགས་གྲུབ་མཚམས་ཉི་ཧོང་རྒྱལ་ཡོངས་གསར་ཁང་NHKགི་གསར་འགོད་པ་མ་ཀོ་ཏོ་ཨོ་རྡ་དང་ཨེ་སུའུ་ཀེ་ཏཱ་ཀ་ཧ་ཤིས་Makoto Oda and Eisuke Takahashiགཉིས་ཀྱི་བཀའ་འདྲི་ལ་བཀའ་ལན་སྩལ་བ་དང་། 

ཚེས་ ༡༠ ཉིན་གྱི་སྔ་དྲོ་ཉི་ཧོང་གི་ཨོ་ས་ཀ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་དང་། ཐེ་ཝན། སོག་པོ། སིན་གྷ་པུར་དང་ཀོ་རི་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ ༢༧༠༠ ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་༸གོང་ས་མཆོག་ཚོགས་ཁང་དེར་༸ཆིབས་བསྒྱུར་སྐབས་སུ་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་དགའ་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་བཀའ་སློབ་སྩལ་དོན། ཁྱེད་རྣམ་པས་མཁྱེན་གསལ་རེད། ད་ཆ་ངོས་རང་ལོ་ན་ ༨༡ མཚམས་ལ་བསླེབས་ཡོད། སྤྱིར་ཆོས་བཤད་འགོ་མ་འཛུགས་པའི་སྔོན་ལ་སྟོན་པར་སྐྱབས་སུ་འགྲོ་བའི་སྒོ་ནས་ཕྱག་འཚལ་དགོས་ཀྱང་། ད་ཆ་ངོས་ཀྱི་པུས་མོར་དཀའ་ངལ་ཕྲན་བུ་ཡོད་སྟབས་ཁག་པོ་འདུག འོན་ཀྱང་ངོས་ཀྱི་རིག་པ་ད་དུང་གྲུང་པོ་ཡོད། ཉིན་རེའི་ཉམས་ལེན་བྱེད་སྐབས་རིག་པའི་ལམ་ནས་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད། 

དེ་རིང་རྒྱ་སྐད་དང་ཀོ་རི་ཡ། ཉི་ཧོང་། ཨུ་རུ་སུ། སོག་སྐད། ཨིན་སྐད་བཅས་ནང་ཐད་སྒྱུར་གནང་བཞིན་ཡོད་སྟབས་ངོས་ཀྱིས་བོད་སྐད་ནང་ཁར་ཐུག་འཆད་རྒྱུ་ཡིན། སྤྱིར་མི་ཚང་མར་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་ཡོད། འོན་ཀྱང་ཞེ་སྡང་དང་ང་རྒྱལ། ཕྲག་དོག་སོགས་ཀྱིས་གཞན་དབང་དུ་ཚུད་སྐབས་ལེགས་ཉེས་འབྱེད་རྒྱུའི་ནུས་པ་དེ་བརླག་གི་ཡོད། མིའི་རྣམ་དཔྱོད་ཀྱི་ཤེས་རབ་དཔྱིས་ཕྱིན་པ་ཞིག་བཀོལ་དགོས་ན་བསམ་བློར་ཞི་བདེ་ལྡན་པ་ཞིག་དགོས། ལག་པ་ཐལ་མོ་སྦྱར་ནས་སྐྱབས་སུ་མཆི་ཟེར་བ་ཙམ་གྱིས་ཕན་རྒྱུ་མེད། རྒྱུ་མཚན་ལ་བརྟེན་ནས་དཔྱད་པ་བྱེད་དགོས། བློའི་རྣམ་གཞག་སྐོར་མ་ཤེས་ན་དེར་འགྱུར་བཅོས་གཏོང་རྒྱུ་ཁག་པོ་རེད། དེར་བརྟེན་བློའི་རྣམ་གཞག་དང་བྱེད་ལས་སོགས་ཤེས་པའི་ཐོག་ནས་སེམས་འཁྲུག་པ་ལས་ཞི་བདེ་ལྡན་པ་ཞིག་འགྱུར་ཐབས་བྱེད་དགོས། 

དང་པོ་ཐོས་པ་བྱེད་པ་དང་། དེ་ནས་ཐོས་པའི་དོན་ལ་བསམ་བློ་བཏང་། མཐར་སྒོམ་པ་ཡིན་ན་ཕན་ཐོགས་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་ལས་གསུང་གི་མཛད་པ་དེ་མཆོག་ཡིན། བཅོམ་ལྡན་འདས་ལ་དད་པ་ཙམ་གྱི་རྗེས་སུ་འབྲངས་ནས་སྐྱབས་སུ་མི་འགྲོ་བར་སངས་རྒྱས་དཀོན་མཆོག་ཟེར་བ་ཅི་ཞིག་ཡིན་པ་ལ་དཔྱད་པ་བྱེད་དགོས། དབང་རྟུལ་དད་པའི་རྗེས་འབྲང་བྱས་ནས་ཕྱིན་པ་ཡིན་ན་བསྟན་པ་ཡུན་རིང་གནས་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལས་ལྡོག་སྟེ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ལྟར་རིག་པའི་དཔྱད་པ་བྱས་ནས་ཕྱིན་པ་ཡིན་ན་བསྟན་པ་ཡུན་རིང་དུ་གནས་ཐུབ། ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་གྲུབ་བསྟུན་ཆོས་འབྲེལ་དབུ་འཛུགས་མཛད་དེ་གསུང་ཆོས་དབུ་འཛུགས་མཛད་པ་དང་། 

ཚེས་ ༡༡ ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔོན་ལ་ངོས་ནས་སྤྱི་བཤད་ལྟ་བུ་ཕྲན་བུ་ཞུ་འདོད་བྱུང་། ལོ་ ༢༦༠༠ གོང་ལ་སྟོན་པ་ཤཱཀྱའི་རྒྱལ་པོ་ཤཱཀྱ་སེང་གེ་བྱུང་བ་ལོ་རྒྱུས་ནང་གསལ་ཡོད། དུས་ཚིགས་ག་དུས་བྱུང་མིན་མི་མཐུན་པ་ཕྲན་བུ་ཡོང་གི་ཡོད་པ་མ་གཏོགས་གཞན་དེ་ལྟ་བུའི་སྐྱེས་བུ་དམ་པ་ཁྱད་པར་ཅན་ཞིག་བྱུང་བ་ཚང་མར་ཡོངས་གྲགས་ཆགས་ཡོད། བཅོམ་ལྡན་འདས་སྐུ་ཚེ་དེ་ག་རང་ལ་གསར་དུ་སངས་རྒྱས་པ་རེད་དམ། ཡང་ན་མཆོག་གི་སྤྲུལ་སྐུའི་རྣམ་པ་བྱོན་པ་མ་གཏོགས་སྐལ་པ་མང་པོའི་སྔོན་ནས་སངས་རྒྱས་པ་ཞིག་རེད། ཅེས་པ་དེ་ལ་པཱ་ལིའི་གཞུང་ངམ་ཉན་ཐོས་སྡེ་པའི་གཞུང་གི་ཡོངས་གྲགས་བྱས་ནས་གསུང་ཡོང་དུས།  བཅོམ་ལྡན་འདས་རྡོ་རྗེ་གདན་གྱི་གནས་སུ་མངོན་པར་རྫོགས་པ་སངས་མ་རྒྱས་པའི་བར་དུ་སོ་སོའི་སྐྱེ་བོ་བྱས། དེ་ནས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག་ནས་སྦྱོར་ལམ་ནས་བཟུང་མི་སློབ་ལམ་བར་དུ་མཉམ་བཞག་ཐུན་གཅིག་ལ་རྟོགས་པ་མངོན་ཏུ་གྱུར་ནས་སངས་རྒྱས་པ་དེ་ལྟར་གསུངས་བཞིན་ཡོད།

བྱམས་པ་མགོན་པོའི་བརྒྱུད་བླ་མའི་སྐབས་ནས་མཛད་པ་བཅུ་གཉིས་གསུངས་སྟེ་དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་ནས་བལྟམས་པ་སོགས་ཚང་མ་སངས་རྒྱས་ཀྱི་མཛད་པར་བཞག་གི་ཡོད། ཁ་སང་ཞུས་པའི་ངོ་བོ་ཉིད་སྐུ། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དེ་ལྟ་བུར་མཉམ་བཞག་ལ་གཡོ་བ་མེད་བཞིན་དུ་སྤྲུལ་པའི་རོལ་པ་སྣ་ཚོགས་ཤར་རྒྱུ་ཡིན་སྟབས། སྐྱེ་བ་མངོན་པར་སྐྱེ་བ་ནས་བཟུང་མཛད་པ་དེ་དག་ཚང་མ་སངས་རྒྱས་ཀྱི་མཛད་པ་ཡིན། འོ་ན་རྡོ་རྗེ་གདན་དུ་གསར་དུ་སངས་རྒྱས་པའི་མཛད་པ་དེ་ནི་གདུལ་བྱ་ཐུན་མོང་ལ་གསར་དུ་སངས་རྒྱས་པའི་མཛད་པ་མཛད་པ་རེད་ཅེས་སོགས་བཀའ་སྩལ་རྗེས་གསུང་ཆོས་དངོས་གཞི་གནང་བ་དང་། 

ཚེས་ ༡༢ ཉིན་གྱི་སྔ་དྲོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ཉིན་གསུམ་པ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན། དེ་རིང་ལམ་རིམ་གྱི་འགྲོ་སྟངས་སྐོར་ཏོག་ཙམ་བཤད་དགོས་དྲན་བྱུང་། ཁ་སང་བཤད་པ་བཞིན་དུས་རབས་བདུན་པ་དང་བརྒྱད་པ། ལྷག་པར་དུས་རབས་བརྒྱད་པ་ནས་བཟུང་མཁན་ཆེན་ཞི་བ་འཚོ། ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཆགས་ཡོད། ཁོང་གིས་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཚུགས་པ་རེད། དེ་ནས་མི་རབས་ཁ་ཤས་ཕྱིན་པའི་རྗེས་སུ་ཆོས་རྒྱལ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་ནས་བོད་སིལ་བུ་འགོ་ཚུགས་པ་དང་བསྟན་པ་ཉམས་ཆག་གང་ཙམ་ཕྱིན་པ་རེད།   

ཕྱིས་སུ་མངའ་རིས་མཐོ་ལྡིང་ནས་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་བྱུང་བ་དང་། ཁོང་གི་ཡབ་མེས་ཚོའི་སྐབས་སུ་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་སམ་བྷ་བ་སོོགས་གདན་འདྲེན་ཞུས་ཏེ་སངས་རྒྱས་ཀྱི་བསྟན་པ་ཚུགས་པ་དེ་ཉམས་ཆག་ཕྱིན་ཡོད་སྟབས་སླར་ཡང་རྒྱ་གར་ནས་སློབ་དཔོན་ཞིག་གདན་འདྲེན་ཞུ་དགོས་ཀྱི་འདུག་དགོངས་པ་དང་། དེ་དུས་ནཱ་ལེནྡྲ་ཉམས་ཆག་འགྲོ་བཞིན་པའི་མཚམས་ལྟ་བུ་ཞིག་ཡིན་འདུག ཅེས་དང་། བོད་རང་ལ་སྐབས་དེར་ལོ་ཆེན་རིན་ཆེན་བཟང་པོ་ཞེས་མངའ་རིས་ཕྱོགས་ནས་ཡིན་ཞིང་། ཧ་ཅང་གི་མཁས་པ་ཆེན་པོ་རེད་འདུག ཇོ་བོ་རྗེ་མངའ་རིས་མཐོ་ལྡིང་ལ་ཕེབས་ནས་མངའ་རིས་ཆོས་རྒྱལ་གྱིས་བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུང་རོགས་གནང་ཞེས་ཞུས་ནས་བྱང་ཆུབ་ལམ་སྒྲོན་མཛད་པ་རེད། ལམ་སྒྲོན་གྱི་དབུ་དེར་སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་བགྱི་བས་ཞེས་གསུངས་ནས་ལྷ་བླ་མ་ཡེ་ཤེས་འོད་ཇོ་བོ་རྗེ་གདན་འདྲེན་ཞུ་ཆེད་མཐར་སྐུ་སྲོག་ཤོར་བ་རེད་དེ་ཁོང་གི་གཅུང་པོ་བུང་ཆུབ་འོད་ཀྱིས་མཇུག་བསྐྱངས་གནང་ནས་ཇོ་བོ་རྗེ་ཡིས་ལམ་སྒྲོན་མཛད།

ལམ་སྒྲོན་གྱི་འཁྲིད་སྟངས་དེ་འབྲོམ་སྟོན་པས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་པོ་སྟེ། །དམ་པ་སྐྱེས་བུ་གསུམ་གྱི་མཛད་པ་ཡིས། །བཀའ་གདམས་རིན་ཆེན་གསེར་གྱི་འཕྲེང་བ་འདི། །འགྲོ་བ་གང་གིས་འབྲངས་ཀྱང་དོན་ཡོད་འགྱུར། །ཞེས་གསུངས་ཡོད། རྒྱལ་བའི་བཀའ་དང་བསྟན་བཅོས་དེ་དག་གི་བརྗོད་བྱ་བསླབ་པ་གསུམ། བརྗོད་བྱའི་ཆ་ནས་སྡེ་སྣོད་གསུམ། དེ་ལྟ་བུའི་སྡེ་སྣོད་གསུམ་གྱི་དོན་བསྟན་ཐོག་གཅིག་ལ་གང་ཟག་གཅིག་གིས་སྔ་ཕྱི་རིམ་པས་ཉམས་ལེན་བྱེད་རྒྱུ་ཡོད་པ། དཔེར་ན་མངོན་རྟོགས་རྒྱན་ལྟ་བུར་ཆ་བཞག་ན། བསྟན་ཐོག་གཅིག་ལ་ཉམས་ལེན་བྱེད་སྟངས་ཐད་ཀར་གོ་རིམ་བསྒྲིགས་ནས་གསུང་ཡོད་མ་རེད། ལམ་རིམ་གྱི་རྣམ་མཁྱེན་བསྒྲུབ་པའི་ལམ་རིམ་པ་བཞིན་དུ་ཉམས་ལེན་བྱེད་ཆོག་པ་ཞིག་ཡིན་སྟབས། ལམ་རིམ་ཞེས་པའི་མཚན་དེ་འདྲ་བྱས་ནས་བྱུང་བ་རེད། ཇོ་བོ་རྗེས་ལམ་སྒྲོན་མཛད། དེ་མིན་གྱི་ཇོ་བོ་རྗེ་ཡི་གསུང་ཉུང་ངུ་རེ་ཡོད་པ་རེད། ཡོངས་གྲགས་ཁྱབ་བརྡལ་ཆེ་བ་དེ་ལམ་སྒྲོན་ཞེས་པ་དེ་བྱུང་བ་རེད་ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་མཚམས་བཀའ་ཆོས་མུ་མཐུད་སྩལ་བ་དང་། 

ཉིན་རྒྱབ་ཆོས་འབྲེལ་མཇུག་མ་བསྒྲིལ་གོང་། སྤྱོད་འཇུག་གི་ལེའུ་ཆ་ཚང་ཕྱིན་མེད། གཙོ་བོ་བསམ་བློ་གཏང་དགོས། ངོས་ཀྱིས་སྤྱོད་འཇུག་གི་དོན་དག་རོབ་བསྡུས་ཞུས་པ་རེད། ཁྱེད་རང་ཚོས་སྤྱོད་འཇུག་གི་དཔེ་ཆ་རྒྱུན་དུ་ཉར་ནས་སྐབས་རེ་བཀླག་ཙམ་བྱས་ཚེ་ངོས་ཀྱིས་འགྲེལ་བཤད་བརྒྱབ་པ་དེས་ལྡེ་མིག་ལྟ་བུར་ཕྲན་བུ་ཕན་ཐོགས་ཡོང་སྲིད་པ་རེད། གལ་ཆེ་ཤོས་ཁྱེད་རང་ཚོས་རྒྱུན་དུ་དཔེ་ཆ་དེ་ཉར་ནས་ཡང་ཡང་བལྟ་དགོས།  བལྟས་པ་དེ་ཡང་ལོ་རྒྱུས་ཀྱི་དེབ་བཀླགས་པ་ལྟ་བུ་མིན་པར་དོན་དག་ལ་བསམ་བློ་བཏང་དགོས། དེ་ནས་ཟླ་བ་དང་ལོ་བྱས་ནས་རིམ་པས་གོ་བ་ཟབ་ཏུ་འགྲོ་བ་དང་། ཇི་ཙམ་གྱི་གོ་བ་ཟབ་ཏུ་ཕྱིན་པ་དེའི་ཚོད་ཀྱིས་སེམས་ལ་ངེས་པ་ཐོབ་རྒྱུའང་ཤུགས་ཆེ་རུ་འགྲོ་རྒྱུ་རེད།  ཇི་ཙམ་གྱིས་ངེས་པ་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་སེམས་ལ་འགྱུར་བ་ཐེབས་རྒྱུ་ཞིག་ཏན་ཏན་ཡོང་རྒྱུ་རེད། སེམས་ལ་འགྱུར་བ་ཞེས་པ་དེ་སེམས་ལ་ཕུང་བྱེད་ཀྱི་རྣམ་རྟོག་ཤུགས་ཆུང་དུ་ཕྱིན་ནས་རང་གཞན་ཀུན་ལ་ཕན་པའི་རང་བཞིན་གྱི་རྟོག་པ་དེ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་གཅེས་འཛིན་གཉིས་ཀྱི་སྐྱོན་དང་ཡོན་ཏན་གྱི་ཐོག་བསམ་བློ་གཏང་རྒྱུ་མུ་མཐུད་ནས་ཤུགས་ཆེ་རུ་འགྲོ་བ་ཡོང་གི་རེད།  འདི་སེམས་ལ་ཞོག་ཅེས་དང་། 

སང་ཉིན་ཞོགས་པར་སེམས་བསྐྱེད་འདོན་དགོས་བསམ་པ་དྲན་སོང་། ནམ་རྒྱུན་སེམས་བསྐྱེད་ཀྱི་སྔོན་ལ་སོ་ཐར་གྱི་སྡོམ་པ་གང་ཡང་རུང་བ་ཞིག་ཡོད་ན་བྱང་སེམས་ཀྱི་སྡོམ་པ་ཞུ་རྒྱུ་དེ་ཡག་པ་དང་རླབས་ཆེ་བ་ཡོང་གི་རེད། ནམ་རྒྱུན་སྔོན་ལ་དགེ་བསྙེན་བསྒྲུབ་རྒྱུ་མདོར་བསྡུས་ཤིག་བྱེད་ཀྱི་ཡོད། དགེ་བསྙེན་བསྒྲུབས་རྗེས་སེམས་བསྐྱེད་གསུང་རྒྱུ་དང་། དེ་རྗེས་གང་བློ་མའི་བསྟོད་སྒྲུབ་འདི་ལྟར་བྱེད་རྒྱུ་ཡིན།  སང་ཉིན་ཞོགས་པ་སྔ་ཐོག་ཤེས་རབ་སྙིང་པོ་འདོན་རྒྱུ་ཡིན། ལུང་པ་འདིའི་བདག་པོ་དེ་ཉི་ཧོང་བ་ཡིན་དུས་དང་པོ་ཉི་ཧོང་གི་སྐད་ཐོག་ནས་ཤེས་རབ་སྙིང་པོ་འདོན་རྒྱུ་དང་། དེ་ནས་ཆོས་ཞུ་བ་མང་བ་དེ་རྒྱ་རིགས་ཡིན་དུས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་འདོན་རྒྱུ། དེ་ནས་ང་ཚོ་བོད་པ་དང་ཝེ་ཐ་ནམ། ཀོ་རི་ཡ། རུ་སོག་ཁྱེད་རང་ཚོས་སོ་སོའི་སྐད་ཀྱི་ཐོག་འདོན་ན་མ་འགྲིག་པ་མེད། ཅེས་བཀའ་སློབ་སྩལ་ཏེ་ཉིན་གསུམ་པའི་ཆོས་འབྲེལ་ལེགས་པར་གྲུབ།

ཚེས་ ༡༥ ཉིན་ཚེས་ ༩ ནས་ ༡༣ བར་གྱི་ཉི་ཧོང་ཁུལ་གྱི་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་ནས་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཀྱིམཛད་གཙོ་རྣམ་པས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་སོགས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་བཞུགས་སྒར་ཕོ་བྲང་དུ་༧ཞབས་སོར་འཁོད་ཡོད་པ་བཅས།། །།