ཞི་བདེའི་སྣེ་ཁྲིད་མཁན་གྱི་གཞོན་སྐྱེས་དང་ལྷན་དུ་བགྲོ་གླེང་།

མདུན་ངོས། / ཞི་བདེའི་སྣེ་ཁྲིད་མཁན་གྱི་གཞོན་སྐྱེས་དང་ལྷན་དུ་བགྲོ་གླེང་།

 

༄༅།།ཕྱི་ལོ་༢༠༡༦ཟླ་༥ཚེས་༣ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་ཞི་བདེ་སློབ་གཉེར་ཁང་དང་དགའ་ལྡན་ཕོ་བྲང་ཐུན་མོང་ཐོག་རྒྱལ་ཁབ་ཁག་༡༦ནས་ཕེབས་པའི་རྙོག་འཛིང་ཡོད་སའི་ས་ཁུལ་དུ་ཞི་བདེའི་སྣེ་ཁྲིད་མཁན་གྱི་གཞོན་སྐྱེས་ཁག་གཅིག་དང་ལྷན་དགོངས་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། 

 

དེ་ཡང་ཞོགས་པ་ཆུ་ཚོད་དགུ་བ་ཙམ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་༧གོང་ས་མཆོག་གིས་མགྲོན་འབོད་གནང་བའི་རྒྱ་གར་གྱི་ཁ་ཆེའི་དྲང་སྲོང་ཆེན་མོ་ཌི་ཝན་སི་ཡ་ཌི་ཛེ་ནལ་ཨ་བྷི་ཌེན་(SHEIKHUL MASHEIKH DEWAN SYED ZALNUL ABEDIN ALI KHAN) མཆོག་དང་།འབུམ་རམས་པ་སི་ཡ་ཌི་ཛེ་ཧྥུར་མ་ཧུམ་མོ་རྡུའུ་(DR.SYED ZAFAR MAHMOOD)དང་།ཨ་ཧྥུ་རི་ཁ་དང་ཨ་རབ་ཀྱི་རྒྱལ་ཁབ་ཁག་གཅིགརྒྱ་གར།འབར་མ།   ཧྥ་རན་སི།ཨ་རི་བཅས་ནས་མི་གྲངས་༥༠ལྷག་ཚོགས་འདུར་ཕེབས་ཡོད་པ་དང་།ཐོག་མར་༧གོང་ས་མཆོག་གིས་མགྲོན་འབོད་གནང་བའི་སྐུ་མགྲོན་གཉིས་ལ་ཁ་ཆེའི་སྨོན་ལམ་གསུང་འདོན་གནང་དགོས་པའི་སྐུལ་མ་གནང་བ་དང་།ཁ་ཆེའི་སྨོན་ལམ་གསུང་གྲུབ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུར་ཕེབས་པ་ཚང་མར་འཚམ་འདྲི་དང་འབྲེལ་རྒྱ་གར་དང་མ་ལེ་ཤི་ཡའི་ཁ་ཆེའི་ཆོས་པ་དག་ཆུང་བའི་སྐབས་ནས་ཆོས་ལུགས་གཞན་དང་འདྲིས་གཤིབ་གནང་ཡོད་པས་ཀུ་ཡངས་ཀྱི་རྣམ་པ་ཡོད་པ་དང་།ཨ་རབ་སོགས་སུ་ཁ་ཆེའི་ལུང་པ་རྐྱང་ཡིན་པས་ཁ་ཆེའི་ཆོས་པ་རྣམས་དེ་ལྟ་མ་ཡིན་པའི་སྐོར་ལ་གཟིགས་སྣང་བཀའ་གནང་བ་དང་།དེ་བཞིན་འགྲོ་བ་མི་རྣམས་སའི་གོ་ལར་མ་བརྟེན་པར་འཚོ་ཐབས་མེད་པའི་སྐོར་དང་།དེང་གི་སྐབས་སུ་གཅན་གཟན་གྱིས་མི་བསད་ཚེ་གསར་འགྱུར་སོགས་སུ་བཏང་སྟེ་ཡ་མཚན་མཚན་བྱེད་པ་དང་།མིས་མི་བསད་པ་ཡིན་ན་འཆར་ཅན་ལྟ་བུ་ཆགས་པའི་གནས་ཚུལ་ནི་ཧ་ཅང་མ་འོས་པའི་སྐོར་དང་། 

 

གཞན་ཡང་།འཛམ་གླིང་གི་ཆོས་བརྒྱུད་ཡོད་པའི་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་མཚུངས་ཡིན་པའི་སྐོར་བཀའ་གནང་བ་མ་ཟད། སེམས་ལ་ཞི་བདེ་ཡོད་ན་ལུས་བདེ་པོ་ཡོད་པ་དང་། མིང་དང་རྒྱུ་ཆེན་པོ་ཡིན་ཡང་།སེམས་མ་སྐྱིད་ཚེ་ལུས་མ་བདེ་བ་ཆགས་ཀྱི་ཡོད་པའི་སྐོར་བཀའ་སློབ་སྩལ་རྗེས།ཚོགས་འདུར་ཕེབས་པའི་ཚོགས་ཞུགས་པ་༡༦གིས་སོ་སོའི་ལུང་པའི་ནང་གི་གནས་སྟངས་སྙན་སྒྲོན་ཞུས་པ་དང་།  དེ་ནས་ཚོགས་ཞུགས་པའི་ནང་༧གོང་ས་མཆོག་ལ་བཀའ་འདྲི་དང་བཀའ་ལན་གནང་བ་སོགས་བགྲོ་གླེང་གནང་རྗེས། ༧གོང་ས་མཆོག་གིས་དེ་རིང་དམིགས་བསལ་གྱིས་ཧ་ཅང་དགའ་བོ་བྱུང་།ངོས་ཀྱིས་ནམ་རྒྱུན་གཞོན་སྐྱེས་ཚོར་འཛམ་གླིང་ལ་ཞི་བདེ་དང་བཟང་སྤྱོད་བསྐྲུན་རྒྱུ་འགན་ཡོད་པར་བཤད་ཀྱི་ཡོད་པ་དང་།དེ་རིང་འདིར་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་རང་གི་སྟེང་ནས་ལས་ཀ་བྱེད་པའི་ན་གཞོན་ཚོ་དང་མཉམ་དུ་འཛོམས་རྒྱུ་བྱུང་བ་ནི་ཧ་ཅང་དགའ་བོ་བྱུང་། ལས་ཀ་ཅུང་ཙམ་ལས་བྱས་མེད་ཀྱང་རིམ་བཞིན་བཞིན་ཡར་རྒྱུས་གཏོང་དགོས།དཔེར་ན།ནང་པ་སངས་རྒྱས་པའི་ཆོས་ལ་མཚོན་ནའང་དང་པོ་མི་ལྔ་ལ་ཆོས་གསུངས་པ་ནས་འགོ་བཙུགས་ཡོད་པ་དང་།ད་ལྟ་འཛམ་གླིང་གང་སར་དར་ཡོད།དེ་བཞིན་ཁ་ཆེའི་ཆོས་ལུགས་ལ་མཚོན་ནའང་དང་པོ་འགོ་འཛུགས་དུས་མི་ཉུང་ཉུང་ཞིག་ལས་མེད་ངེས།དེང་སང་འཛམ་གླིང་གང་སར་ཁྱབ་ཡོད་པ་རེད། 

 

དེར་བརྟེན་ལས་ཀ་ཅི་ཞིག་བྱེད་ནའང་སེམས་ཤུགས་མ་ཆགས་པར་མུ་མཐུད་དམིགས་ཡུལ་ལ་གདོང་ལེན་བྱས་པ་ཡིན་ན་གྲུབ་འབྲས་ཡོང་གི་རེད།ས་བོན་ཆུང་ཆུང་ཡིན་ནའང་རིམ་བཞིན་འབྲས་བུ་འཕེལ་ཡོང་བ་ལྟ་བུ་རེད།  ཁྱོད་རང་ཚོས་སོ་སོའི་ལུང་པའི་ནང་ཞི་བདེ་འཛུགས་བསྐྲུན་ཆེད་ལས་ཀ་བྱེད་དུས་རྒྱབ་སྐྱོར་མེད་པ་སོགས་ཀྱིས་ཁེར་རྐྱང་གི་ཚོར་བ་དང་སེམས་ཤུགས་ཆགས་པ་ལྟ་བུ་ཡོང་རྒྱུ་ཡིན་ཡང་།དེ་རིང་འདིར་སླེབས་དུས་ཞི་བདེ་འཛུགས་བསྐྲུན་ཆེད་ལས་ཀ་བྱེད་མཁན་གཞན་དང་གཞན་ཡང་ཡོད་པ་མཐོང་དུས་སེམས་ཤུགས་འཕར་བ་ཡོང་གི་རེད་ལ་ངོས་ལའང་སེམས་ཤུགས་དང་དགའ་སྤྲོ་སྐྱེས་སོང་། 

 

དཀའ་ངལ་འཕྲད་སྐབས་སྐྱོན་འཛུགས་བྱེད་པ་ཡོང་གི་ཡོད་ཀྱང་།སྐྱོན་འཛུགས་བྱེད་ཡུལ་གྱི་མི་ལ་བྱམས་བརྩེའི་བསམ་བློ་མ་དོར་བའི་ཐོག་ནས་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་པ་ཡིན་ན་དེ་ནི་བཟང་ཕྱོགས་ཀྱི་སྐྱོན་འཛུགས་ཡིན་པས་ལས་དོན་སྒྲུབ་པར་ཕན་གྱི་རེད།འཛམ་གླིང་འདིར་མི་ངན་པའི་རིགས་མང་པོ་ཡོད་པ་ལ་བལྟས་ཏེ་ངན་ཕྱོགས་སུ་མ་བསམ་པར་མི་བཟང་པོ་ཡང་ཧ་ཅང་མང་པོ་ཡོད་པ་ཤེས་དགོས།ཞེས་དང་།ཨ་རིའི་༩།༡༡དོན་རྐྱེན་རྗེས་ནས་ཁ་ཆེའི་ཆོས་ལུགས་ནི་འཇིགས་སྐུལ་བའི་ཆོས་ལུགས་སུ་བརྗོད་མཁན་དང་།ཆོས་ལུགས་ཁ་ཤས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཁ་ཆེའི་ཆོས་ལུགས་ལ་དགག་པ་རྒྱག་མཁན་བྱུང་དུས་ངོས་རང་མདུན་དུ་ཐོན་ནས་ཁ་ཆེའི་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།  ཅེས་སོགས་བཀའ་སློབ་ཟབ་རྒྱས་སྩལ་བ་བཅས།