གདན་སའི་དགེ་བཤེས་དང་བོད་ནས་གསར་དུ་འབྱོར་བ་བཅས་ལ་སྩལ་བའི་བཀའ་སློབ།

མདུན་ངོས། / གདན་སའི་དགེ་བཤེས་དང་བོད་ནས་གསར་དུ་འབྱོར་བ་བཅས་ལ་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ཉིན་བོད་ནས་གསར་དུ་འབྱོར་བ་དང་། རྒྱུད་སྟོད་ཁོངས་ཀྱི་གདན་སའི་དགེ་བཤེས་ ༦༠ སྐོར་བཅས་མཇལ་ཁའི་ཐོག་སྩལ་བའི་ལམ་སྟོན་གྱི་གལ་ཆེའི་བཀའ་སློབ།

 

ཀ༽ སེམས་གཏིང་གི་སྨོན་ལམ་དང་། དངོས་ཡོད་ཀྱི་ལག་ལེན། 

 

དེ་རིང་འདིར་གྲྭ་ས་ནས་དགེ་བཤེས་དམ་བཅའ་བཞག་སྟེ་རྒྱུད་པའི་རྒྱུད་ཀྱི་འཆད་ཉན་གྱི་ཆེད་དུ་ཆོས་ཐོག་སྐོར་མཁན་ ༦༠ ཙམ་ཞིག་ངོས་དང་ཐུག་འཕྲད་བྱ་རྒྱུ་ཞིག་འདུག་པ་མཇལ་ཁ་རྐྱང་དཀྱུས་ལྟ་བུ་མིན་པར་ངོས་རང་འཁྱུག་ཙམ་ཐུག་ན་སྙམ་པ་དང་། དེ་དང་ཆབས་ཅིག་རྒྱ་ནག་སྐམ་ས་ཆེན་པོ་དང་། ཐེ་ཝན། སིངྒ་པུར་བཅས་ནས་རྒྱ་རིགས་གང་འཚམ་ཞིག་སླེབས་ཡོད་པ་རྣམས་ཀྱང་འདིར་མཉམ་དུ་བསྡད་ན་སྙམ་བྱུང་། འདིར་ངོས་ཀྱི་མཐོང་ཚུལ་དང་བསམ་ཚུལ་འགའ་ཞིག་ཁོང་ཚོར་བརྗོད་འདོད་བྱུང་། 

ང་ཚོ་འོས་བསྡུ་བྱས་ཏེ་མང་གཙོའི་ཐོག་ཏུ་འགྲོ་བཞིན་ཡོད། ཁྱེད་རང་ཚོ་འོས་ཤོག་འཕེན་པར་ཕྱིན་པ་ཡིན་ནམ། འོས་ཤོག་སུ་ལ་འཕེན་མིན་ནང་ཁུལ་གོ་བསྡུར་བྱ་རྒྱུ་བྱུང་ངམ། གོ་བསྡུར་བྱས་ཡོད་ན་འོས་ཤོག་འཕེན་ཡུལ་ལ་ཁ་མ་འཆམ་པར་རྩོད་པ་ཤོར་བའི་ཉེན་ཁ་ཡོད། འདིར་ཡོད་པའི་ཕྱི་རྒྱལ་བའི་མི་སྣ་རྣམས་ད་ལན་གྱི་འོས་བསྡུའི་ཐོག་ཟུར་གནས་ཉམས་ཞིབ་བྱེད་པར་ཕེབས་པ་རེད། 

ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༥༧ འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་བློ་ཧ་ཅང་ཕམ་པོ་རེད། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་ནང་ནས་ཕལ་ཆེར་ལོ་ངོ་མང་ཤོས་བཙན་བྱོལ་བ་བྱས་ནས་སྡོད་མཁན་ངོས་རང་ཆགས་ཡོད། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལ་བལྟས་ན་སེམས་ཧ་ཅང་སྐྱོ་པོ་ཞིག་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོར་གོ་སྐབས་ཧ་ཅང་བཟང་པོ་བྱུང་བ་ལྟ་བུ་ཞིག་ཆགས་ཡོད། ང་ཚོ་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མ་ཐག་གི་གནས་སྐབས་སུ་ངོ་ཤེས་པ་ས་དང་གནམ་ལས་མེད་པ་ཞིག་ཡིན་ཞེས་ ངོས་ནས་རྟག་ཏུ་བརྗོད་བཞིན་ཡོད། དེ་རྗེས་རིམ་བཞིན་འབྲེལ་བ་མང་པོ་ཞིག་བྱུང་བ་དང་། ངོ་ཤེས་པ་མང་པོ་ཞིག་ཀྱང་རིམ་བཞིན་ཆགས་ཤིང་། དེ་ཡང་རྒྱ་རིགས་ལ་ཆ་མཚོན་ན། ཐེ་ཝན་ནས་ངོ་ཤེས་གྲོགས་པོ་མང་པོ་ཞིག་བྱུང་བ་དང་། དེ་བཞིན་སིངྒ་པུར་དང་། མ་ལེ་ཤི་ཡ་སོགས་ནས་ངོ་ཤེས་མང་པོ་ཞིག་བྱུང་ཡོད། བར་སྐབས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་མཁན་མང་པོ་ཞིག་ངོས་དང་ཐུག་འཕྲད་ཡོང་གི་ཡོད། གཞན་ཡང་ཉི་ཧོང་དང་། ཝི་ཏི་ནམ། ཀོ་རི་ཡ་སོགས་ནས་ངོ་ཤེས་གྲོགས་པོ་མང་པོ་ཞིག་ཀྱང་ཆགས་ཡོད། དེ་མིན་ནུབ་ཕྱོགས་ཡུལ་གྲུའི་ནང་ནས་ཀྱང་ངོ་ཤེས་མང་པོ་ཞིག་ཆགས་ཡོད། 

དེ་དག་ལ་ཕྱོགས་བསྡོམས་ཤིག་བརྒྱབ་ན། དེང་སྐབས་འཛམ་གླིང་འདིའི་ཐོག་ཏུ་མིས་བཟོས་པའི་དཀའ་ངལ་དང་། མིས་མིས་གསོད་རེས་གཏོང་བའི་ཐབས་སྡུག་གི་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། མིས་མི་ལ་དགྲ་ཟླ་དགྲ་ཤེད་ཆགས་རྗེས་དགྲ་བོ་ཇི་ཙམ་མང་བ་གསོད་ཐུབ་ན་དེ་ནི་རྒྱལ་ཁ་དང་། དཔའ་བོར་བརྩི་བ་ལྟ་བུ་ཞིག་ཆགས་ཡོད། འབྱུང་བའི་གནོད་པའི་རིགས་རྣམས་མིས་ཐད་ཀར་བཟོས་པ་ཞིག་མིན་པས་བྱ་ཐབས་གང་ཡང་མེད། འོན་ཀྱང་མི་རང་ཉིད་ཀྱིས་བཟོས་པའི་དཀའ་ངལ་རྣམས་མིས་བཟོས་པ་ཞིག་ཡིན་སྟབས་དཀའ་ངལ་དེ་དག་ལ་ཇི་མི་སྙམ་པར་རང་གར་འཇོག་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཡོད། 

ང་ཚོ་ནང་པ་ཞིག་གིས་ངོས་ནས་བཤད་ན། སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་འདེབས་བཞིན་ཡོད། སེམས་ཅན་ཐམས་ཅད་ཅེས་བརྗོད་སྐབས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་རྣམས་ལ་སྨོན་ལམ་རྒྱག་རྒྱུ་ཙམ་ལས་ང་ཚོ་དང་ཐད་ཀར་འབྲེལ་བ་གང་ཡང་མེད། ང་ཚོར་འབྲེལ་བ་ཡོད་པ་ནི་འཛམ་གླིང་འདི་གཅིག་པུ་ཡིན། འཛམ་གླིང་འདིའི་ཐོག་ལ་ཆ་མཚོན་ནའང་། དུད་འགྲོ་ཉ་རིགས་སོགས་སྲོག་ཆགས་གྲངས་ཀྱིས་མི་ལངས་པ་ཞིག་ཡོད་ཀྱང་། དེ་དག་ལ་ང་ཚོས་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་ཙམ་ལས་བྱ་རྒྱུ་གང་ཡང་མེད། འོ་ན་ང་ཚོས་སྨོན་ལམ་བརྒྱབ་ནས་བསྡད་པ་མིན་པར་ཐབས་ཤེས་བྱས་ན་བྱེད་རྒྱུའི་གོ་སྐབས་ཤིག་ཡོད་པ་ནི། མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཡིན་ལ། དེ་དག་ལ་སྐད་ཡིག་ཡོད་སྟབས་སྐད་ཡིག་གི་ཐོག་ནས་གོ་བརྡ་སྤྲོད་ཐུབ་པ་དང་། འབྲེལ་བ་བྱེད་ཐུབ་པ། ཕན་ཚུན་ཉམས་མྱོང་སྤེལ་རེས་བྱེད་ཐུབ་པ་སོགས་ཀྱི་ལམ་བུ་ཞིག་ཡོད། དེས་ན་ང་ཚོས་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་འདེབས་བཞིན་པ་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱི་ཐོག་བསམ་བློ་གཏོང་སྐབས། འཛམ་གླིང་འདིའི་སྟེང་དུ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཡིན། མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་རང་ཉིད་དང་མཚུངས་པར་སྡུག་བསྔལ་མི་འདོད་ཅིང་། བདེ་བ་འདོད་པ་གཅིག་མཚུངས་ཆགས་ཡོད། འོན་ཀྱང་སྡུག་བསྔལ་མང་པོ་ཞིག་ང་ཚོ་རང་ཉིད་ཀྱིས་རྙོག་དྲ་བཟོས་པའི་ཐོག་ནས་ཡོང་གི་ཡོད།

ཉེ་ཆར་སུད་སིའི་འཇེ་ནི་ཝར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་གི་ཚོགས་འདུ་ཞིག་འཚོགས་པའི་སར་ངོས་ལ་སྐད་ཆ་ཞིག་བཤད་རོགས་གྱིས་ཞེས་གསུངས་པ་ལྟར། སྐབས་དེར་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ངོ་མ་གཅིག་དང་། སྐུ་ཚབ་གཅིག་བཅས་ཁོང་གཉིས་དང་ངོས་རང་བཅས་ནས་སྐད་ཆ་བཤད་པ་དང་། དེ་བཞིན་ཉེ་ཆར་ཨ་རིའི་གྲོང་ཁྱེར་མེ་ཌི་སོན་ནང་རྟེན་གཞི་བྱས་པའི་ཝི་སི་ཀོན་སིན་ (University of Wisconsin) གཙུག་ལག་སློབ་གཉེར་ཁང་དུ་སེམས་ཀྱི་བདེ་སྐྱིད་དམ། སེམས་ཀྱི་བདེ་ཐང་ཞེས་པའི་བརྗོད་གཞིའི་ཉིན་གཅིག་དང་ཕྱེད་ཀྱི་རིང་ཚོགས་འདུ་འཚོགས་པ་དང་། ངོས་ནས་གཏམ་བཤད་བྱས་པ་ཡིན། མི་མང་པོ་ཞིག་གིས་སེམས་ཀྱི་དཀའ་ངལ་སེལ་ཐབས་ལ་དོ་སྣང་ཆེན་པོ་ཞིག་བྱེད་བཞིན་ཡོད། 

 

ཁ༽ སེམས་ཁམས་རིག་པ་དང་། ཀུན་བཏུས་སློབ་དེབ།

 

རྒྱ་གར་ནང་དུ་ཆ་མཚོན་ནའང་། བར་སྐབས་ནས་བཟུང་སྟེ་རྒྱ་གར་གྱི་གནའ་རབས་ཀྱི་གཞུང་ལུགས་ཁག་ཏུ་གསལ་བའི་སེམས་ཁམས་རིག་པའི་རྣམ་གཞག་སྟེ། ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ཡོད་པའི་ཕྱི་ནང་གི་གཞུང་ལུགས་ཁག་ནས་གསུངས་ཡོད། ཞི་ལྷག་ཅེས་བརྗོད་སྐབས་ཕྱི་ཡི་ལུས་རྩལ་སོགས་ཀྱི་ཐོག་ནས་ཡོང་ཐབས་མེད་པར་ནང་སེམས་ཀྱི་ཐོག་ནས་ཡོང་དགོས། དེར་བརྟེན་བྱིང་བ་དང་རྒོད་པ། དྲན་པ་དང་ཤེས་བཞིན་སོགས་ཚང་མ་ཤེས་པའི་རྣམ་གཞག་གི་ཐོག་ནས་གསུང་གི་ཡོད། མདོར་ན་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་གྱི་རྣམ་གཞག་བཤད་རྒྱུ་ཡོད་པའི་ཆོས་ལུགས་ཚང་མར་སེམས་ཁམས་རིག་པའི་རྣམ་གཞག་གི་ཐོག་ཏུ་འགྲེལ་བཤད་མང་པོ་ཡོད་པ་ཞིག་རེད་འདུག དེ་སྔའི་མུ་སྟེགས་པའི་གཞུང་དང་། ནང་པ་སངས་རྒྱས་པའི་གཞུང་བཅས་ནས་སེམས་ཁམས་རིག་པའི་རྣམ་གཞག་གསུངས་པ་རྣམས་རང་ཉིད་ཀྱི་ཆོས་ལུགས་དང་འབྲེལ་ནས་གསུང་གི་ཡོད། 

དངོས་ཡོད་གནས་ཚུལ་ལྟར་དུ་ང་ཚོས་ཉམས་མྱོང་གི་ཐོག་ནས་ཕྱོགས་བསྡོམས་བརྒྱབ་ན། སེམས་ཁམས་རིག་པའི་རྣམ་གཞག་སྐོར་ཆོས་ཕྱོགས་དང་འབྲེལ་བའི་གཞུང་ལུགས་ཁག་ཏུ་གསལ་བ་རྣམས་ཟུར་དུ་ཕྱུང་ནས་དེ་དག་ཆོས་དང་མ་འབྲེལ་བར་འགྲོ་བ་མི་སྤྱི་ལ་ཕན་ཐོགས་དང་དགོས་མཁོ་ཡོད་པའི་སེམས་ཁམས་རིག་པའི་རྣམ་གཞག་གི་ཤེས་ཡོན་སློབ་སྦྱོང་གི་ཁོངས་སམ། མདོར་ན་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་སློབ་སྦྱོང་བྱེད་རྒྱུ་ཞིག་བྱུང་ན་ཡག་པོ་འདུག་ཅེས་ཕྱི་ལོ་ ༢༠༡༠ ནས་བཟུང་སྟེ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་གི་ནང་ནས་སེམས་ཁམས་རིག་པའི་རྣམ་གཞག་དང་། གཙོ་བོ་ང་ཚོས་སློབ་དེབ་ཕྱོགས་བསྒྲིགས་བྱས་པ་དེ་དག་གི་ནང་དུ་གཞལ་བྱ་ཡུལ་གྱི་རྣམ་གཞག་དང་། འཇལ་བྱེད་བློ་ཡི་རྣམ་གཞག འཇལ་བྱེད་བློ་ཡིས་གཞལ་བྱ་ཇི་ལྟར་འཇལ་བའི་ཚུལ་སྟེ། དེའི་ནང་དུ་བློ་རིག་བདུན་གྱི་འགྲོ་སྟངས་བཤད་པ་དང་། འཇལ་བྱེད་ཀྱི་ཐབས་བཤད་པའི་སྐབས་སུ་མཐའ་གཅིག་འཛིན་གྱི་ལོ་རྟོག་སེལ་བའི་ཐལ་འགྱུར་དང་། རྗེས་དཔག་སྐྱེ་བའི་གཏན་ཚིགས་རིགས་པའི་རྣམ་གཞག་སོགས་བང་རིམ་བསྒྲིགས་ནས་པར་སྐྲུན་བྱས་པའི་དེབ་དེ་དག་ཁྱེད་རང་ཆོས་མཐོང་ཡོད་ཤས་ཆེ། 

དེབ་དེ་དག་དབྱིན་ཇིའི་སྐད་ཡིག་ཏུ་བསྒྱུར་རྒྱུ་ཟླ་བ་ཁ་ཤས་ནང་གྲུབ་འཆར་ཡོད། རྒྱ་ཡིག་ཏུའང་བསྒྱུར་བཞིན་པས་རིམ་བཞིན་ཐོན་ཡོང་ངེས་ཡིན། དེ་བཞིན་ཉི་ཧོང་གི་སྐད་ཡིག་དང་། སོག་སྐད། ཨུ་རུ་སུ། འཇར་མན་གྱི་སྐད་ཡིག་སོགས་སུ་རིམ་བཞིན་ཐོན་འཆར་ཡོད། དེ་ལྟ་བུའི་རྒྱུ་ཆ་ཞིག་ང་ཚོར་ཡོད་མུས་ཡིན། དེ་དག་ནི་ང་ཚོས་ལོ་ངོ་བཅུ་ཕྲག་ལྷག་གི་གོང་ནས་བསམ་བློ་བཏང་སྟེ། བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་དུ་ཡོད་པའི་ནང་པའི་གཞུང་ལུགས་ནང་སེམས་ཁམས་རིག་པའི་རྣམ་གཞག་གསུངས་པ་རྣམས་ལོགས་སུ་བཏོན་ནས་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་སློབ་སྦྱོང་སྤྲོད་རྒྱུ་ཞིག་བྱུང་ན། འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཞིག་ཡོང་ངེས་ཡིན། སེམས་ཁམས་རིག་པའི་རྣམ་གཞག་རྣམས་བཀའ་འགྱུར་དང་བསྟན་འགྱུར་ཞེས་ནང་པའི་ཕྱག་དཔེའི་ནང་དུ་རང་འཇགས་བཞག་ན། ནང་པའི་ལྷ་ཁང་དང་། ནང་པ་ལས་དེ་མིན་རྣམས་ལ་འབྲེལ་བ་མེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྔར་ནས་སློབ་དེབ་ཕྱོགས་སྒྲིག་བྱས་ནས་པར་དུ་ཐོན་ཟིན་པ་རེད། 

དུས་ད་ལྟ་བར་དུ་རྒྱ་གར་མཁས་པའི་སེམས་ཁམས་རིག་པའི་རྣམ་གཞག་ཡོད་པ་རྣམས་ལོ་ངོ་བརྒྱ་ཕྲག་གི་རིང་ལ་རྒྱ་གར་ལ་མཚོན་ན། དེ་ལྟའི་མཁས་དབང་རེ་ཟུང་ཡོད་ན་ལས་སྤྱི་ཡོངས་ནས་ཉམས་ཆགས་ཕྱིན་ཟིན་པ་རེད། རྒྱ་གར་ནང་ཆོ་ག་འདོན་པ་དང་། སྨོན་ལམ་འདེབས་པ་ལྟ་བུ་ལས། ང་ཚོ་ལྟར་ཧ་ཅང་ཞིབ་ཚགས་ཀྱི་སློབ་སྦྱོང་བྱེད་སྲོལ་གྱི་དམིགས་ལྟོས་བཟང་པོ་དེ་དག་མེད་པར་གྱུར་ཟིན་པ་རེད། རྒྱ་གར་ནང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཧ་ཅང་ཡག་པོ་ཡོད། འོན་ཀྱང་དེའི་ནང་དུ་སེམས་ཁམས་རིག་པའི་རྣམ་གཞག་སོགས་སླེབས་མི་ཐུབ་ལ། ཕྱི་ནང་དབྱེར་མེད་ཀྱི་རྒྱ་གར་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་ཞིབ་འཇུག་བྱས་ཏེ་སེམས་ཁམས་རིག་པའི་རྣམ་གཞག་སོགས་ཡོད་པ་རྣམས་བདག་པོ་རྒྱག་མཁན་ང་ཚོ་བོད་པ་གཅིག་པུ་རེད་འདུག 

 

ག༽ བོད་མིའི་ཤེས་ཚད་དང་། འཛམ་གླིང་གི་དཀའ་ངལ།

 

རྩ་བ་རྒྱ་ནག་གི་ནང་པའི་ཆོས་བརྒྱུད་དང་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་གཉིས་ཀ་དཔལ་ནཱ་ལེནྡྲར་ཁུངས་གཏུགས་ནས་བྱུང་བ་གཅིག་གྱུར་ཆགས་ཡོད། དེ་བཞིན་བོད་རྒྱ་གཉིས་ཀ་ཤེས་རབ་སྙིང་པོ་འདོན་མཁན་གཅིག་མཚུངས་ཡིན། འོན་ཀྱང་ཤེས་རབ་སྙིང་པོ་སློབ་སྦྱོང་ལེགས་པོ་ཞིག་བྱེད་པ་ལ་ཚད་མའི་གཞུང་ལུགས་རྣམས་ཤེས་དགོས་པ་ཡིན། རྒྱ་ནག་ལ་ཚད་མའི་གཞུང་གི་སློབ་སྦྱོང་བྱེད་རྒྱུའི་རིགས་མེད། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱི་ཚད་མའི་གཞུང་ལུགས་རྣམས་བོད་ཡིག་གི་ཐོག་ཏུ་ཆ་ཚང་བསྒྱུར་ཡོད་ཀྱང་རྒྱ་ཡིག་ཏུ་བསྒྱུར་མི་འདུག དེའི་ཐོག་བོད་མི་རང་ཉིད་ལ་ཆ་མཚོན་ན། ཆོས་རྗེ་ས་པཎ་གྱིས་ཚད་མ་རིགས་གཏེར་ལྟ་བུ་བོད་ཀྱི་མཁས་པས་ཚད་མའི་གཞུང་ལ་རྩེད་རྩོམ་མཛད་ཡོད་ལ། ཆ་པ་ཆོས་སེང་ཡབ་སྲས་ཀྱིས་རིགས་ལམ་གྱི་འགྲོ་ལུགས་ཐད་དམིགས་བསལ་གྱི་ཐུགས་སྣང་གནང་ཡོད། དེ་ལྟ་བུའི་སློབ་སྦྱོང་བྱས་ཏེ་ཚད་མའི་འགྲོ་སྟངས་དང་། རིགས་ལམ་གྱི་ཐོག་ནས་སློབ་སྦྱོང་བྱེད་སྲོལ་སོགས་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་ཆ་ཚང་ཡོད་པ་ཞིག་ཆགས་ཡོད། དེ་སྔ་ཡིན་ན། རྗེ་བདག་ཉིད་ཆེན་པོས།

མདོ་སྔགས་ལེགས་བཤད་འབྱུང་གནས་ས་སྐྱ་པ། །

ཞེས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། བར་སྐབས་དང་ད་ལྟའི་དངོས་ཡོད་གནས་ཚུལ་ལ་གཞུང་ཆེན་གྱི་སློབ་གཉེར་དང་། དེ་ཡང་རིགས་ལམ་དང་ཚད་མའི་གཞུང་གི་འགྲོ་ལུགས་ཀྱི་ཐོག་ནས་སློབ་སྦྱོང་ལེགས་ཤོས་རི་བོ་དགེ་ལུགས་པ་ཆགས་ཡོད། 

དེར་བརྟེན་ཁྱེད་རང་རྣམས་དེ་རིང་ཐུག་འཕྲད་བྱེད་དགོས་དོན་ནི། བར་སྐབས་ཀྱི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་བྱེད་སྐབས། སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ཤུགས་ཇེ་ཆེར་འགྲོ་བ་ཞིག་དང་། དེ་ཡང་སྔར་མི་སྣ་རེ་ཟུང་གིས་བྱས་པ་ལྟ་བུ་མིན་པར་དེང་སྐབས་མཁས་དབང་དང་། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་གི་འགོ་བྱེད་མི་སྣ་སོགས་ཀྱི་ཐོག་ནས་དོ་སྣང་གསར་པ་ཞིག་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། ཉེ་ཆར་ཨ་རིའི་ཝི་སི་ཀོན་སིན་ (Wisconsin) ས་གནས་སུ་བགྲོ་གླེང་གོ་བསྡུར་བྱེད་སྐབས་ནང་ཆོས་ཀྱི་འགྲེལ་བཤད་རྒྱག་མཁན་དགེ་རྒན་གྱི་གྲས་ནས་གཅིག་འདུག་ལ། སྤྱི་ཡོངས་ནས་ཧ་ཅང་ཡག་པོ་རེད། འོན་ཀྱང་བློ་རིག་དང་རྟགས་རིགས་སྦྱངས་ནས་ནང་ཆོས་ཀྱི་ཐོག་ལ་འགྲེལ་བཤད་བྱེད་ཐུབ་མཁན་མེད་པ་ལྟ་བུ་ཞིག་འདུག དེར་བརྟེན་ཁོང་ཚོས་འགྲེལ་བཤད་རྒྱག་སྐབས་ཧ་ཅང་ལག་ཐོགས་པོའི་ཐོག་ནས་འགྲེལ་བཤད་བྱེད་ཀྱི་འདུག ཁོང་རང་ནང་ཆོས་ཉམས་ལེན་བྱས་ནས་ལོ་ངོ་ ༢༠ ལྷག་ཕྱིན་སོང་ཞེས་བརྗོད་ཀྱི་འདུག ཧ་ཅང་ཡག་པོ་རེད། ཁོང་གིས་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་བསྐྱོན་སྐབས་བློ་ལྡོག་རྣམ་བཞིའི་ཐོག་ནས་འགྲེལ་བཤད་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག བློ་ལྡོག་རྣམ་བཞི་ཞེས་བརྗོད་སྐབས། དལ་འབྱོར་དོན་ཆེ་རྙེད་དཀའ། འཆི་བ་མི་རྟག་པ། ལུས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སོགས་ཀྱི་སྐོར་བརྗོད་དགོས་པ་ཞིག་ཡིན། དེ་དག་ནི་ནང་ཆོས་དང་འདྲེས་པ་ཞིག་ཡིན་པ་ལས། ནང་ཆོས་དང་མ་འབྲེལ་བའི་སློབ་སྦྱོང་སྤྲོད་སྟངས་ལ་རན་ཐབས་མེད། བློ་རིག་དང་རྟགས་རིགས་ཀྱི་སྐོར་བཤད་ན། ནང་ཆོས་དང་མ་འབྲེལ་བའི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ཡོང་ངེས་ཡིན།

རྒྱ་གར་ནང་དུའང་དེང་སྐབས་དོ་སྣང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་འདུག རྒྱ་གར་བ་རྣམས་ལ་ཆ་མཚོན་ན། རིག་གནས་གསར་པ་ཞིག་སློབ་ཁྲིད་བྱེད་ཀྱི་མེད་པར་རྒྱ་གར་རང་ཉིད་ལ་ཕ་མེས་ནས་ཡོད་པ་ཞིག་ཡིན་པ་དང་། དེ་ཡང་བར་སྐབས་ཉམས་དམས་སུ་ཕྱིན་པའི་རིག་གཞུང་ཞིག་བསྐྱར་གསོ་བྱེད་པ་ལས་གསར་པ་སློབ་པ་ཞིག་མིན། ཟླ་ ༤ ཚེས་ ༧ ཉིན་ངོས་རང་ལྡི་ལིར་རྒྱ་གར་བའི་མཁས་པ་འགའ་ཞིག་དང་ཐུག་འཕྲད་ཀྱིས་གཙོ་བོ་སློབ་དེབ་ཀྱི་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན། འདིའི་སྐོར་ཁྱེད་རང་ཚོར་བརྗོད་རྒྱུའི་དོན་ཚན་ནི། དེང་སྐབས་འཛམ་གླིང་འདིའི་ཐོག་སེམས་ཁམས་རིག་པའི་རྣམ་གཞག་གི་ཐོག་ཏུ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། དེ་ཡང་ཆོས་ལ་དད་པ་ཡོད་མེད་ཇི་ལྟར་ཡང་། མདོར་ན་ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ནའང་ཁྱད་པར་གང་ཡང་མེད། སེམས་ཁམས་རིག་པའི་རྣམ་གཞག་གི་སྐོར་རྣམས་དེང་སྐབས་འཛམ་གླིང་འདིའི་ཐོག་མི་རྣམས་རང་སེམས་འཁྲུག་བཞིན་པའི་གནས་སྐབས་འདིར་སེམས་མ་འཁྲུག་པ་དང་། སེམས་ལ་ཞི་བདེ་ཡོང་བ་ཚང་མར་འབྲེལ་བ་ཡོད་པ་ཞིག་ཡིན། དེ་དག་ལ་དོ་སྣང་བྱེད་བཞིན་འདུག དཔེར་ན། འཛམ་གླིང་འདིའི་སྟེང་དམག་འཁྲུག་ཧ་ཅང་མང་པོ་ཞིག་རྒྱག་བཞིན་ཡོད། 

 

ང༽ འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། 

 

ཉེ་སྔོན་ངོས་རང་སུད་སིའི་ཇི་ནི་ཝར་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་གི་སྐོར་ལ་གཏམ་བཤད་བྱེད་སྐབས། མིས་མི་གསོད་རེས་གཏོང་བ་ནི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག་གཏོང་བའི་ནང་གི་ཐབས་སྡུག་ཤོས་ཤིག་ཆགས་ཡོད་ལ། དམག་འཁྲུག་ཅེས་པ་ནི་འགྲོ་བ་མིའི་ཚེ་སྲོག་ལ་བརྩིས་མེད་རྡོག་རོལ་གཏོང་བ་སྡུག་ཤོས་ཤིག་ཆགས་ཡོད་ཅིང་། དེ་ནི་མིས་བཟོས་པ་ཞིག་ཡིན། དམག་འཁྲུག་གི་ཐོག་ནས་འཚེ་བ་ཡོང་བ་ནི་གོ་མཚོན་གྱི་ཐོག་ནས་བྱུང་བ་ཞིག་མིན་པར་འགྲོ་བ་མིའི་བྱ་སྤྱོད་ཀྱི་ཐོག་ནས་འཚེ་བ་རྣམས་ཡོང་བཞིན་ཡོད་ལ། མིའི་བྱ་སྤྱོད་གང་ཞིག་ཡིན་ནའང་། ཀུན་སློང་དང་འབྲེལ་ནས་ཡོང་གི་ཡོད་པ་དང་། སེམས་མ་དུལ་ན་གོ་མཚོན་དེ་དག་གི་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་རྣམས་ཡོང་བཞིན་ཡོད། རང་སེམས་དུལ་ན་གོ་མཚོན་གཅིག་པུས་རྙོག་དྲ་བཟོ་ཐབས་མེད། 

དེར་བརྟེན་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་གི་སྐད་ཆ་ཤོད་སྐབས། འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག་འགྲོ་བའི་རྒྱུ་གང་ཞིག་ཡིན་པ་དང་། རྐྱེན་གང་ཞིག་ཡིན་པ་དེ་དག་ལ་ང་ཚོས་བསམ་བློ་གཏོང་དགོས། ས་གནས་འདི་དང་འདི་ལ་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག་འགྲོ་བཞིན་པ་དང་། དཀའ་སྡུག་འཕྲད་ཀྱི་འདུག་སྡུག་སྐད་བརྒྱབ་ནས་ཕན་ཐོགས་མེད། ཐོབ་ཐང་བརྡལ་བཤིག་འགྲོ་བའི་རྒྱུ་རྐྱེན་རྩད་ཞིབ་ཀྱིས་དེ་དག་བཅོས་སུ་ཡོད་མེད་དང་། བཅོས་སུ་ཡོད་ན་བྱ་ཐབས་གང་ཞིག་བྱ་རྒྱུ་ཡོད་མེད་སོགས་ལ་བསམ་བློ་གཏོང་རྒྱུའི་དུས་སུ་སླེབས་འདུག་ཅེས་ངོས་ནས་དེ་ལྟར་བརྗོད་རྒྱུ་བྱུང་ལ། དེ་ལྟར་ནམ་རྒྱུན་ནས་བརྗོད་བཞིན་ཡོད། 

དམག་འཁྲུག་ལངས་པ་སོགས་ལ་བསམས་ནས་ང་ཚོས་འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཅེས་བརྗོད་པ་ལྟར། དམག་འཁྲུག་ལ་བལྟས་ནས་ཞི་བདེར་དགའ་མོས་དང་། ཞི་བདེ་ཡོང་བར་ཤོག་ཅེས་ཚང་མས་འདོད་པ་བྱེད་བཞིན་ཡོད། དེ་བཞིན་སྨོན་ལམ་ཡང་འདེབས་བཞིན་ཡོད། འོན་ཀྱང་སྨོན་ལམ་བརྒྱབ་ནས་འཛམ་གླིང་ཞི་བདེ་ཡོང་ཐུབ་པ་ཞིག་མིན། དེ་ཡང་ལོ་ཤས་སྔོན་ངོས་རང་ཉི་ཧོང་གི་ཧི་རུ་ཤི་མར་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གང་འཚམ་ཞིག་དང་བཅས་ལྷན་ཚོགས་ཤིག་འཚོགས་ཤིང་། སྐབས་དེར་ཁོང་ཚོ་མང་པོ་ཞིག་གིས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་བཏབ་ནས་འཛམ་གླིང་ཞི་བདེ་ཡོང་བའི་སྐོར་བཀའ་སློབ་གནང་སོང་། ངོས་རང་མཇུག་ཏུ་གཏམ་བཤད་བྱ་རྒྱུ་ཡིན་སྟབས། ངོས་ནས་འཛམ་གླིང་ཞི་བདེ་དཀོན་མཆོག་ལ་སྨོན་ལམ་བཏབ་ནས་ཡོང་ཐབས་མེད། ཞི་བདེ་ཞེས་པ་ནི་མི་རང་ཉིད་ཀྱིས་ཐབས་ཤེས་བྱས་ཏེ་ཞི་བདེ་སྒྲུབ་དགོས་པ་དང་། མིའི་བྱ་སྤྱོད་ཀྱི་ཐོག་ནས་ཞི་བདེ་བསྐྲུན་དགོས་པ་ལས། སྨོན་ལམ་བརྒྱབ་ནས་ཞི་བདེ་ཡོང་ཐབས་མེད་ཅེས་བརྗོད་པ་ཡིན། 

དེང་སྐབས་ངོས་ནས་འདི་ལྟར་བརྗོད་བཞིན་ཡོད། ནང་པ་ཞིག་ལ་ཆ་མཚོན་ན། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཤོག་ཅེས་བཅོམ་ལྡན་འདས་ལ་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་ལ། ཡེ་ཤུ་ཡིན་ན་སྟོན་པ་མ་ཤི་ཀར་གསོལ་བ་འདེབས་པ་དང་། ཁ་ཆེ་ཡིན་ན་ཨེ་ལ་ལ་གསོལ་བ་འདེབས་བྱེད་བཞིན་ཡོད། གལ་སྲིད་བཅོམ་ལྡན་འདས་དང་། ཡེ་ཤུ་མ་ཤི་ཀ ཨེ་ལ་བཅས་མཇལ་ནས་ཁོང་རྣམ་པར་འཛམ་གླིང་ཞི་བདེ་ཡོང་བ་ཞིག་སྐྱབས་འཇུག་གསོལ་འདེབས་ཞུས་ན། སྟོན་པ་རྣམས་ཀྱིས་ཞི་བདེ་ཁྱེད་རང་ཚོས་དཀྲུགས་པ་རེད། དམག་འཁྲུག་ཀྱང་ཁྱེད་རང་ཚོས་བཟོས་པ་ལས་དེ་དག་དཀོན་མཆོག་གིས་བཟོས་པ་མིན། དེར་བརྟེན་ཞི་བདེ་ཡོང་བ་ལ་ཞི་བདེ་མེད་པར་བཟོ་མཁན་དང་། དམག་འཁྲུག་བཟོ་མཁན་ཁྱེད་རང་ཚོས་ཐབས་ཤེས་བྱེད་དགོས་པ་དང་། འགན་འཁྱེར་དགོས་པ་ལས་དཀོན་མཆོག་ལ་འགན་མེད་ཅེས་ཕལ་ཆེར་གསུང་སྲིད་པ་རེད་ཅེས་བརྗོད་ཀྱི་ཡོད།

འཛམ་གླིང་འདིར་རྙོག་དྲ་ཧ་ཅང་པོ་མང་པོ་ཞིག་ཡོད་ལ། ད་ལྟའི་གནས་སྐབས་འདིར་ཆ་མཚོན་ན། ང་ཚོ་འདིར་ཞི་བདེ་ལྷིང་འཇགས་ངང་བསྡད་ཡོད་ལ། དེ་རིང་གནམ་གཤིས་ཀྱང་ཧ་ཅང་པོ་འདུག་པས་ཚང་མ་སེམས་སྐྱིད་པོའི་ཐོག་གནས་ཡོད། འཛམ་གླིང་འདིའི་ཐོག་དུས་ད་ལྟ་རང་མི་ཇི་ཙམ་ཞིག་གསོད་རེས་གཏོང་གི་མེད་དམ། ལྷག་པར་བྱིས་པ་དང་། རྒན་རྒོན་ཟ་འཐུང་མ་ཐོབ་པར་ལྟོགས་ཤི་ཐེབས་མཁན་ཇི་ཙམ་མི་འདུག་གམ། ལུང་པར་དམག་འཁྲུག་ལངས་ནས་བདག་མེད་སྐྱབས་མེད་མགོན་མེད་དུ་ལུས་མཁན་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་གིས་ཚད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད། དེ་དག་ང་ཚོ་དང་མཚུངས་པར་འགྲོ་བ་མི་ཡིན་པ་དང་། འཛམ་གླིང་གཅིག་གི་ཐོག་ཏུ་གནས་ཡོད། ང་ཚོས་དེ་དག་འཆར་ཅན་ལྟ་བུ་ཞིག་ཏུ་བརྩིས་ནས་བསྡད་ན་འགྲིག་ཐབས་གཏན་ནས་མེད་པར་ཐབས་ཤེས་ཤིག་བྱེད་དགོས་པ་ཡིན། ལྷག་པར་དུ་སེམས་ཅན་ཐམས་ཅད་ཅེས་བརྗོད་མཁན་ཞིག་ཡིན་ན། ཐབས་ལམ་ཞིག་འཚོལ་དགོས་ངེས་ཡིན། 

 

ཅ༽ འགྲོ་བ་མིའི་རང་བཞིན་དང་། ལྷན་སྐྱེས་ཀྱི་བྱམས་བརྩེ།

 

ངོས་ནས་ཕྱོགས་བསྡོམས་ཤིག་བྱེད་སྐབས། ཚན་རིག་པ་མང་པོ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ནས་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་རེད་ཅེས་ཕྱོགས་བསྡོམས་བརྒྱབ་ཡོད། དེའི་རྒྱུ་མཚན་གཅིག་ནི། བྱིས་པ་ཆུང་ངུ་སྐྱེས་ནས་ཟླ་བ་ལྔ་དྲུག་ཏུ་སོན་པ་ཞིག་ལ་འགུལ་རིས་ཅན་གྱི་གློག་བརྙན་བསྟན་པ་དང་། གློག་བརྙན་གྱི་ནང་དུ་བྱིས་པ་ཆུང་ངུ་གཉིས་ཕན་ཚུན་བརྩེ་བ་བྱེད་པ་དང་། རྩེད་མོ་རྩེས་ནས་བྱམས་བརྩེའི་རྣམ་འགྱུར་སྟོན་པའི་གློག་བརྙན་སྟོན་སྐབས་བྱིས་པ་ཆུང་ངུ་སྨྲ་བརྗོད་སོགས་གང་ཡང་མི་ཤེས་པ་དེས་ཀྱང་གད་མོ་དགོད་པ་དང་། འཛུམ་ཤིག་ཤིག་གིས་དགའ་སྣང་བྱེད་པ་དང་། ཡང་ཕྲུ་གུ་དེར་འགུལ་རིས་ཅན་གྱི་གློག་བརྙན་ནང་བྱིས་པ་གཉིས་ཕན་ཚུན་སེམས་ནག་བྱེད་རེས་བྱེད་པ་སྟེ།  གློག་བརྙན་ནང་བྱིས་པ་གཅིག་གིས་སྤོ་ལོ་གཅིག་མཐོ་སར་སྐྱེལ་སྐབས་ཕྲུ་གུ་གཞན་དེས་མར་གཡུག་པ་དང་། གཤིས་ཀ་སློག་ནས་མི་དགའ་བའི་རྣམ་འགྱུར་སྟོན་པ་ཞིག་མཐོང་སྐབས་མ་སྐྱིད་པ་བྱེད་པ་དང་། མི་དགའ་བའི་རྣམ་འགྱུར་སྟོན་པའི་གློག་བརྙན་དེ་ངོས་ནས་ཀྱང་མཐོང་བྱུང་། དེ་ལ་ཕྱོགས་བསྡོམས་བྱེད་སྐབས་དེ་ནི་མིའི་ལྷན་སྐྱེས་ཀྱི་བརྩེ་བ་ཞེས་དེ་རེད་ཅེས་བརྗོད་ཀྱི་འདུག 

དེ་ལ་རྒྱུ་མཚན་མང་དུ་བརྗོད་རྒྱུ་ཡོད། ང་རང་ཚོའི་ཕུང་པོའི་གྲུབ་ཆའི་རང་བཞིན་ལྷན་སྐྱེས་ལ་སེམས་ལ་བྱམས་བརྩེ་ཡོད་ན་སེམས་ལ་ཞི་བདེ་ཡོང་ཐུབ་པ་དང་། གཙོ་ཆེ་ཤོས་ཕ་མ་དང་དེའི་ནང་ཚན་ནས་མ་ཡིས་ཇི་ཙམ་གྱིས་བྱམས་བརྩེས་བསྐྱངས་པ་དེའི་ཚོད་ཀྱིས་ཕྲུ་གུའི་གཟུགས་གཞི་བདེ་བ་དང་། གཟུགས་གཞི་འཚར་ལོངས་བྱ་རྒྱུ་མགྱོགས་པ་བཅས་ཡོད་པ་ཧ་ཅང་གསལ་པོ་ཡིན། དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཀྱང་ཆགས་ཡོད། བུ་ཕྲུག་མ་ལས་བཙས་རྗེས་ཟླ་བ་གཅིག་གཉིས་རིང་མ་ཡི་ལུས་ལ་འབྱར་ནས་གསོ་སྐྱོང་བྱས་ན་ཀླད་པ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཚད་ལྡན་ཡོང་ཐུབ་པ་དང་། བུ་ཕྲུག་བཙས་རྗེས་ཟ་འཐུང་སྤྲོད་ཀྱི་ཡོད་ཀྱང་། མ་ཡི་ལུས་མ་འབྱར་བར་ཟུར་དུ་བཞག་ན་ཀླད་པའི་འཚར་ལོངས་ཞན་པ་ཡོད་ཚུལ་ཚན་རིག་པས་བརྗོད་ཀྱི་འདུག་ལ། དེ་བཞིན་དངོས་ཡོད་གནས་ཚུལ་ལའང་། ཇི་ཙམ་སེམས་འཁྲུག་པ་དང་། སེམས་འཁྲུག་པ་དེ་ཡང་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག འགྲན་སེམས་སོགས་ཀྱི་ཐོག་ནས་སེམས་འཁྲུག་ཡོང་གི་ཡོད། ཇི་ཙམ་སེམས་འཁྲུག་པ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལ་གནོན་སྐྱོན་ཤུགས་ཆེ་བ་ཡོད་པ་སྟེ། ལུས་ཟུངས་ཉུང་དུ་འགྲོ་གི་ཡོད་ཚུལ་བརྗོད་ཀྱི་འདུག སེམས་མ་འཁྲུག་པའི་ཐབས་ཤེས་ནི། རང་ཉིད་གནས་ས་དེ་བརྩེ་དང་ལྡན་པའི་ཁྱིམ་ཚང་དང་། མཛའ་བརྩེ་ལྡན་པའི་གྲོགས་པོ་སོགས་ཡོད་ན་སེམས་འཁྲུག་པ་ཉུང་བ་དང་། སེམས་པ་ལྷོད་ཅིང་བདེ་བ་ཡོང་གི་ཡོད། 

ཕྱོགས་གཞན་ཞིག་ནས་ང་ཚོ་མིའི་སྤྱི་ཚོགས་ནི། མཉམ་བསྡུས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་སྲོག་ཆགས་ཤིག་ཆགས་ཡོད། སྤྱི་ཚོགས་དང་འབྲེལ་བའི་སྲོག་ཆགས་ཤིག་ཡིན་སྟབས། ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་པ་དང་། བརྩེ་བ་བྱེད་རྒྱུ་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཡིན། ཡིད་ཆེས་དང་བརྩེ་བ་གཉིས་ནི་བྱམས་བརྩེ་ལ་ཐུག་ཡོད། ཡིད་ཆེས་དང་བརྩེ་བ་ཞེས་པ་ནི་རྒྱུ་དངོས་པོའི་གནད་དོན་ཞིག་དང་། སྟོབས་ཤུགས་ཀྱི་དོན་ཞིག་མིན་པར་སེམས་བཟང་པོ་བྱ་རྒྱུ་དང་། བསམ་པ་རྣམ་དག་བྱས་ན་ཡིད་ཆེས་ཡོང་ངེས་ཡིན་ལ། ཡིད་ཆེས་བྱུང་ན་ཕན་ཚུན་བརྩེ་བ་དང་བློས་ཐུབ་ཀྱི་གྲོགས་པོ་བཅས་ཡོང་ཐུབ་པ་ཡིན། དེ་དག་ནི་ཆོས་ཀྱི་དོན་དང་། སྐྱེ་བ་ཕྱི་མའི་བདེ་དོན། རྒྱལ་བ་དགྱེས་པའི་མཆོད་པ་སོགས་ཀྱི་སྐད་ཆ་གང་ཡང་མེད་པར་འཛམ་གླིང་འདིའི་ཐོག་གི་འགྲོ་བ་མི་རྣམས་མི་ཚེའི་ནང་ལུས་པོ་བདེ་ཐང་ཡོང་བ་དང་། སེམས་པ་བདེ་ཞིང་སྐྱིད་པ་ཞིག་ཡོང་བ། རང་ཉིད་ཀྱི་ཁྱིམ་ཚང་དེ་བཞིན་བདེ་སྐྱིད་ལྡན་པ་ཞིག་ཡོང་བ། དེ་ནས་རིམ་བཞིན་རྒྱ་སྐྱེད་ན་འཛམ་གླིང་སྤྱི་ཡོངས་འདི་ཉིད་ཁྱིམ་ཚང་གཅིག་ལྟ་བུ་ཆགས་ཐུབ་པའི་རེ་བ་ཡོད། དེ་ལྟ་བུའི་བདེ་སྐྱིད་ཡོང་བའི་རྩ་བ་བྱམས་བརྩེར་ཐུག་ཡོད། བྱམས་བརྩེ་ནི་མི་ལ་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་པ་ལས་གསར་དུ་སློབ་དགོས་པ་ཞིག་མིན། ང་ཚོའི་མ་རྩ་གཙོ་བོ་འདི་ཉིད་རེད་སྙམ། 

ངོས་ནས་འདི་ལྟར་བརྗོད་བཞིན་ཡོད། ངོས་ནས་ཚན་རིག་པ་རྣམས་དང་གོ་བསྡུར་བགྲོ་གླེང་བྱས་རྗེས་མིའི་ལྷན་སྐྱེས་དེ་བྱམས་བརྩེའི་རང་བཞིན་ཡིན་པའི་སྐད་ཆ་དེ་གོ་ཐོས་བྱུང་རྗེས་ངོས་ཀྱི་སེམས་སུ་རེ་བ་ཆེན་པོ་ཞིག་བྱུང་། རེ་བ་དེ་ཡང་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་རེ་བ་ཞིག་ཆགས་ཡོད། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་ན། ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་བྱམས་བརྩེ་དེ་ཉམས་པ་མེད་པ་དང་། ཉམས་པ་སོར་ཆུད་ཅིང་། མི་ཉམས་གོང་འཕེལ་ཡོང་བ་ཞིག་བྱེད་ཐུབ་ན། ལྷན་སྐྱེས་དེ་ཉིད་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་སྒྲུབ་ཐུབ་པ་ཞིག་ཡོད། མིའི་ལྷན་སྐྱེས་དེ་བཞིན་ཁོང་ཁྲོའི་རང་བཞིན་ཅན་ཞིག་ཡིན་ན་བྱམས་བརྩེའི་ཐོག་ལ་སློབ་སྦྱོང་སྤྲད་ནའང་འཕྲལ་སེལ་ཙམ་ནས་སྲ་བརྟན་ཕུགས་ཕན་ཞིག་བཟོ་ཐུབ་ཐབས་མེད། 

 

ཆ༽ ཤེས་ཡོན་གྱི་ལམ་སྲོལ་དང་། ནང་གི་བདེ་སྐྱིད།

 

དེར་བརྟེན་ཚན་རིག་པས་ཞིབ་འཇུག་བྱས་ནས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་མིའི་གཟུགས་པོའི་གྲུབ་ཆ་དེའི་སྟེང་ནས་བྱམས་བརྩེ་ཡོད་ན་སེམས་སྐྱིད་པ་དང་། གཟུགས་པོ་བདེ་བ། ཁྱིམ་ཚང་སྐྱིད་པ། སྤྱི་ཚོགས་བདེ་བ་ཞིག་ཡོང་ཐུབ་པ་དང་། གཞི་རྩ་དེའི་ཐོག་ང་ཚོས་ད་བར་འཐུས་ཤོར་གང་གི་ཐོག་ནས་ཕྱིན་ཡོད་ཅེ་ན། ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་ཐད་ལ་འཐུས་ཤོར་ཕྱིན་ཡོད། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འདི་ནི་དངོས་པོ་ཡར་རྒྱས་ལ་དམིགས་པའི་ཤེས་ཡོན་ཞིག་ཡིན་པ་ལས། ནང་གི་བདེ་སྐྱིད་ཡོང་ཐབས་དང་། བྱམས་བརྩེ་ཡོང་བའི་ཐོག་ཏུ་ད་ལྟའི་ཤེས་ཡོན་སློབ་སྦྱོང་དེ་དག་དམིགས་མེད། 

ནང་གི་བྱམས་བརྩེའི་སྐོར་སོགས་ཀྱི་སྐད་ཆ་ཤོད་སྐབས། ལམ་སེང་ཆོས་ཕྱོགས་ལ་རེ་བ་རྒྱག་པ་དང་། དེ་ལ་ཆོས་ཕྱོགས་ཀྱི་ཐོག་ནས་བསླབ་བྱ་རྒྱག་དགོས་ཞེས་ཆོས་ཕྱོགས་ལ་འགན་དཀྲི་བཞིན་ཡོད། ཆོས་ཕྱོགས་ལ་འགན་དཀྲིས་ན་འཛམ་གླིང་འདིའི་ཐོག་དེང་སྐབས་མི་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ལྷག་ཙམ་ཞིག་ཆོས་དད་མེད་པ་ཆགས་ཡོད། ཆོས་ལ་དད་པ་བྱེད་མཁན་གྱི་ནང་དུའང་མི་བྱེད་དགུ་བྱེད་བྱེད་མཁན་མང་པོ་ཞིག་ཡོད། ལྷག་པར་ཆོས་དད་ཡིན་ཁུལ་གྱིས་མི་གསོད་རེས་གཏོང་བཞིན་ཡོད། དེར་བརྟེན་མི་རྣམས་བྱམས་བརྩེ་ལྡན་པ་ཞིག་བཟོ་རྒྱུར་ཆོས་ཕྱོགས་རྐྱང་པའི་ཐོག་ནས་འདང་ཐབས་མེད། 

འོན་ཀྱང་ཤེས་ཡོན་ཞེས་བརྗོད་ན་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཞིག་ཡིན་པས། ཤེས་ཡོན་གྱི་ནང་དུ་བྱམས་བརྩེའི་སློབ་སྦྱོང་སྤྲོད་རྒྱུ་ཞིག་བྱུང་ན། འཛམ་གླིང་གང་སར་གནས་པའི་རྒྱལ་ཁབ་ཚང་མས་ཤེས་ཡོན་དེ་གལ་གནད་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་ལ། ཕྲུ་གུ་ཆུང་ངུའི་སྐབས་ནས་སློབ་གྲྭར་བཏང་སྟེ་འཛིན་གྲྭ་དང་པོ་ནས་བཟུང་སྟེ་མཐོ་རིམ་བར་སློབ་སྦྱོང་བྱས་ནས་འགྲོ་བཞིན་ཡོད། དེ་དག་གི་ནང་དུ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་། ནང་གི་བདེ་སྐྱིད་དེ་སེམས་ཁམས་རིག་པའི་སྐོར་སོགས་ཀྱི་སློབ་སྦྱོང་རྣམས་མཉམ་དུ་སྤྲོད་ཐུབ་པ་ཞིག་བྱུང་ན། ཏན་ཏན་རེ་བ་ཆེན་པོ་ཡོད་པ་ལྟ་བུ་ཞིག་འདུག 

གྲུབ་འབྲས་དེ་དག་ངོས་ཀྱི་མི་ཚེའི་ནང་མཐོང་གི་མ་རེད། ངོས་རང་ལོ་ ༨༡ བརྒལ་ཟིན་པ་རེད། ལོ་དགུ་བཅུ་དང་ལོ་བརྒྱ་བཅས་མཐོ་ན་ལོ་ཉི་ཤུ་སྡོད་ཀྱི་རེད། དེར་བརྟེན་ངོས་ཀྱི་མི་ཚེའི་ནང་མཐོང་གི་མ་རེད། འོན་ཀྱང་ད་ལྟ་ང་ཚོས་འབད་བརྩོན་ཞིག་བྱས་ན་ང་ཚོའི་མི་རབས་འདི་དུས་རབས་ཉི་ཤུ་པའི་ནང་མི་ཇི་ཙམ་ཞིག་བསད་ཡོད་པ་མ་རེད་དམ། གོ་མཚོན་ཧ་ཅང་མང་པོ་ཞིག་བཟོས་ཡོད་ལ། དེ་དག་གི་ཐོག་ཏུ་འགྲོ་སོང་ཡང་ཧ་ཅང་མང་པོ་ཞིག་བཏང་ཡོད། དེ་ལ་བརྟེན་ནས་རྙོག་དྲ་མང་པོ་ཞིག་བྱུང་ཡོད། ད་ལྟའང་འཛམ་གླིང་འདིའི་ཐོག་རྙོག་དྲ་མང་པོ་ཞིག་ཡོད་མུས་ཡིན། 

དེ་དང་ཆབས་ཅིག་ལྐོག་ཟ་རུལ་སུངས་དང་། དྲང་བདེན་གྱིས་ཕོངས་པ། དབུལ་ཕྱུག་གི་དབྱེ་བ། ཐུབ་ཚོད་དང་དབང་ཡོད་ཤོད་པ་སོགས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད། དེ་དག་ནི་བྱམས་བརྩེས་མ་འདང་བའི་དབང་གིས་བྱུང་བ་ཞིག་ཡིན། ང་ཚོས་འཛམ་གླིང་འདིའི་ཐོག་འགྲིག་གི་མི་འདུག་ཅེས་སྡུག་སྐད་རྒྱག་པའི་རྩ་བ་ཐུག་ས་བྱམས་བརྩེས་ཕོངས་ཤིང་། ང་དང་ང་ཞེས་རང་གཅེས་འཛིན་ཁོ་ནའི་ཐོག་ཏུ་ཕྱིན་ཏེ་དཀའ་ངལ་དེ་དག་ཡོང་གི་ཡོད། དཀོན་མཆོག་ལ་སྨོན་ལམ་བརྒྱབ་ནས་ཞེས་པ་དེ་མིན་པར། ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ཡར་རྒྱས་གཏོང་དགོས། མི་ལ་ལྷག་བསམ་སྐྱེད་པའི་སྙིང་སྟོབས་ཤིག་ཡོད་པ་དང་། ཀླད་པ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ན། ཁོང་ཁྲོ་དང་བྱམས་བརྩེ་གཉིས་ལས་གང་ཞིག་ཕན་གནོད་ཆེ་མིན་བསམ་བློ་བཏང་ན་ཤེས་ངེས་ཡིན། 

 

ཇ༽ གཅིག་གྱུར་གྱི་འདུ་ཤེས་དང་། བྱམས་བརྩེའི་སློབ་སྦྱོང་།

 

 

ཕྲུ་གུ་ཆུང་ངུ་ཞིག་ལ་མ་ཡིས་གདོང་པ་ནག་པོ་སྟོན་པ་དང་། ཉེས་རྡུང་གཏོང་བ་ལེགས་པ་དང་། མ་ཡིས་གད་མོ་དགོད་པ་དང་། རྔན་པ་སྤྲད་པ་གང་ཞིག་ལེགས་མིན་ཕྲུ་གུ་ཆུང་ཆུང་ཞིག་ཡིན་ནའང་ཤེས་གསལ་ཡིན། ཕྲུ་གུ་ནང་ཚགས་ཤིག་ཡིན་ནའང་གད་མོ་དགོད་པ་དང་། རྩེད་མོ་མཉམ་དུ་རྩེས་ནས་ཧ་ཅང་འཆམ་པོ་བྱེད་བཞིན་ཡོད། ཕྲུ་གུ་ཕན་ཚུན་རྒྱག་རེས་བརྒྱབ་ན་མ་འཆམ་ཡོང་ངེས་ཡིན་པ་ལས། བྱམས་བརྩེ་ཡོད་ན་ཕྲུ་གུ་དེ་ཆོས་ལུགས་གང་ཞིག་ཡིན་མིན་དང་། དད་པ་ཡོད་མེད། ཁྱིམ་ཚང་དབུལ་ཕྱུག་གི་རྣམ་དབྱེ་མི་འབྱེད་པ་ཧ་ཅང་ཡག་པོ་ཡོད། 

ལོ་ན་གང་འཚམ་སོན་སྐབས་ང་ཚོ་བོད་མིར་ཆ་མཚོན་ན། ཆོལ་ཁ་གང་ཡིན་དང་། ཆོས་བརྒྱུད་གང་ཡིན་རྣམ་དབྱེ་འབྱེད་བཞིན་ཡོད། འོན་ཀྱང་ཕྲུ་གུ་ཆུང་ངུའི་སྐབས་སུ་དེ་ལྟའི་རྣམ་དབྱེ་འབྱེད་སྲོལ་མེད། རི་བོ་དགེ་ལུགས་པར་མཚོན་ན། གྲྭ་ས་གཅིག་གི་ནང་དུ་ཡིན་ནའང་། དཔེ་ཆ་བ་དང་ཞང་གོའི་དབྱེ་བ་འབྱེད་པ་དང་། དཔེ་ཆ་བའི་ཁྲོད་ནས་ཀྱང་ལྷ་རམས་པ་དང་ཚོགས་རམས་པ་དང་། དགེ་བཤེས་ཆུང་ཁག་དང་ཆེ་ཁག་སོགས་ཀྱི་དབྱེ་བ་མང་དུ་འབྱེད་རྒྱུ་ཡོད། ཕྲུ་གུ་ཆུང་ངུ་རྣམས་ཕན་ཚུན་གད་མོ་དགོད་པ་དང་། ཕན་ཚུན་རྩེད་མོ་རྩེ་བ་སོགས་ཀྱི་ཐོག་ནས་མཉམ་དུ་སྡོད་པ་ལས། དེ་ལྟ་བུའི་རྣམ་དབྱེ་གཏན་ནས་མི་འབྱེད་པ་ཡིན། ལོ་ན་རིམ་བཞིན་སོན་སྐབས་མི་འདྲ་བ་རྣམས་ཀྱི་ཐོག་ཏུ་གཙོ་ཆེར་འགྲོ་བ་ལས། ཐུན་མོང་གཅིག་གྱུར་ཡིན་པ་རྣམས་ལ་དོ་སྣང་དེ་ཙམ་མི་བྱེད་ལྟ་བུ་ཆགས་ཡོད། ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་མི་དུང་ཕྱུར་བདུན་ཅུ་ཚང་མར་མི་གཅིག་གྱུར་ཡིན་པའི་འདུ་ཤེས་སློབ་དགོས་ཀྱི་འདུག་ཅེས་ངོས་ནས་འཛམ་གླིང་འདིའི་ཐོག་འདི་ལྟར་བརྗོད་བཞིན་ཡོད།

འདི་ལྟར་བྱས་ཏེ་བར་སྐབས་ང་ཚོས་ཆོས་དང་མ་འབྲེལ་བ་དང་། ཕྱོགས་གཅིག་ནས་ཚན་རིག་གི་ཐོག་ནས་དངོས་ཡོད་གནས་ཚུལ་གང་ཞིག་ཤེས་རྟོགས་བྱུང་བ་རྣམས་གཞི་རྩར་བཞག་སྟེ། ཕྲུ་གུ་ཆུང་ངུ་རྣམས་ལ་སློབ་གསོ་བཏང་ནས་བྱམས་བརྩེ་ཞེས་པ་དེ་མི་ཚེའི་ནང་ཕན་ཐོགས་ཡོད་པ་དང་། གལ་གནད་ཆེན་པོ་ཡིན་པའི་རིགས་རྣམས་ཆུང་ངུའི་སྐབས་ནས་སློབ་སྦྱོང་སྤྲོད་རྒྱུ་ཡོད་པའི་སློབ་ཚན་ཞིག་ཀྱང་ང་ཚོས་བཟོས་ཡོད། དེ་ལྟར་བཟོས་ནས་ཕལ་ཆེར་ལོ་ངོ་གསུམ་བཞི་ཙམ་ཕྱིན་པ་རེད། དེ་ཡང་ཨ་རིའི་ཨེ་མོ་རིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གཞི་རྩའི་འགན་འཁུར་དང་། དེ་བཞིན་ཚན་རིག་པ་མང་པོ་ཞིག་ཀྱང་ཡོད། ཤེས་ཡོན་ཅན་མང་པོ་ཞིག་དང་འབྲེལ་བ་ཡོད་པ་རེད། སླར་ཡང་ཕྱི་ཟླ་ ༤ ཚེས་ ༧ ཉིན་ལྡི་ལིར་འཚོགས་འཆར་ཡོད། དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུའི་སློབ་ཚན་ཞིག་བཟོས་ཡོད། ད་ལན་ང་ཚོ་ལྡི་ལིར་འཚོགས་ནས་གོ་བསྡུར་བགྲོ་གླེང་གིས་རགས་ཙམ་གཏན་འབེབས་བྱས་པ་དང་། དེ་རྗེས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་སླར་ཡང་འཚོགས་འཆར་ཡོད། 

ཨ་རིར་ཆ་མཚོན་ན། ཨ་རིའི་གྲོང་ཁྱེར་བཅུ་ཕྲག་ཙམ་ཞིག་གི་མིང་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་ཡོད། རྒྱ་གར་ནང་འདི་ལྟར་གཅིག་ཀྱང་མེད། དངོས་གནས་བྱས་ན་རྒྱ་གར་ནང་འཚེ་མེད་ཞི་བའི་ལྟ་སྤྱོད་སྔར་ནས་ཡོད་མུས་ཡིན། འོན་ཀྱང་འཚེ་བ་མེད་པའི་གྲོང་ཁྱེར་དང་། བྱམས་བརྩེའི་གྲོང་ཁྱེར་ཞེས་པ་ལྟ་བུའི་མིང་བཏགས་པ་གཅིག་ཀྱང་མེད། གཅིག་བྱས་ན་ཨ་རི་བ་རྣམས་མགོ་སླ་པོ་ཡིན་ཤས་ཆེ། ཕྱོགས་གཞན་ཞིག་ནས་བལྟས་ན་དངོས་ཡོད་གནས་ཚུལ་གྱི་ཐོག་ཏུ་འགྲོ་མཁན་ཞིག་ཡིན། བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་ཟིན་པའི་གྲོང་ཁྱེར་བཅུ་གྲངས་ཡོད་མུས་ཐོག་འདི་ལོའི་ཕྱི་ཟླ་ ༦ པའི་ནང་དེ་ལྟའི་གྲོང་ཁྱེར་ཉིས་བརྒྱ་ལྷག་ཙམ་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་རྣམས་མཉམ་འཛོམས་ཐོག་ལས་འགུལ་དེ་ཉིད་ཡར་རྒྱས་ཇི་ལྟར་དུ་གཏོང་དགོས་མིན་སོགས་ཀྱི་ཐོག་ཏུ་གོ་བསྡུར་བགྲོ་གླེང་བྱེད་འཆར་ཡོད། ད་ལྟ་འགྲོ་སྟངས་དང་གནས་སྟངས་འདི་ལྟར་དུ་སླེབས་ཡོད། 

ཕྲུ་གུ་ཆུང་ངུའི་སྐབས་ནས་བྱམས་བརྩེ་ཞེས་པ་དེ་ཕན་ཐོགས་ཡོད་པ་དང་། བྱམས་བརྩེའི་འགལ་རྐྱེན་ཞེ་སྡང་གིས་བྱེད་པ། ཞེ་སྡང་དེ་ཡང་རྒྱུ་དང་རྐྱེན་གང་དང་གང་ལས་བྱུང་མིན། དེ་དག་སེམས་ཁམས་རིག་པའི་རྣམ་གཞག་གི་ཐོག་ནས་ཧ་ཅང་ཞིབ་ཚགས་པོ་ཡོད། ང་ཚོའི་གཞུང་ནང་ཡོད་པ་ཙམ་ལ་འཇོག་རྒྱུ་ཞིག་མིན། ངོས་ཀྱི་ངོ་ཤེས་ཨ་རིའི་ཚན་རིག་པ་པོལ་ཨིག་མན་ཞུ་བ་ཞིག་ཡོད། ཁོང་གིས་ཞེ་སྡང་དང་བྱམས་བརྩེའི་ཕན་ཡོན་དང་ཉེས་དམིགས་གང་དང་གང་ཞིག་ཡོད་མེད་ཐོག་ཉམས་ཞིབ་བྱས་པ་དང་། འཕྲུལ་ཆས་ཤིག་ཀྱང་བཟོ་སྐྲུན་བྱས་ཡོད། མཛུབ་མོས་ཞེ་སྡང་ཞེས་པའི་ཐོག་ཏུ་མནན་ན་ཞེ་སྡང་གི་ངོ་བོ་དང་། ཁྱད་ཆོས་ཀྱི་རིགས་རྣམས་བཤད་པ་དང་། བྱམས་བརྩེ་ཞེས་པའི་ཐོག་ཏུ་མནན་ན་བྱམས་བརྩེའི་ངོ་བོ་དང་། ཁྱད་ཆོས་སོགས་ཀྱི་སྐོར་ཐོན་ཡོང་བ་ཞིག་བཟོས་ཡོད། ད་ཆ་དེ་དག་ཞིབ་ཚགས་སུ་གཏོང་འཆར་ཡོད་ལ། ཁོང་རང་ནད་ཀྱིས་མནར་འདུག་ཀྱང་ཁོང་གི་བུ་མོ་ཐུག་འཕྲད་བྱུང་། དེ་དག་གི་ཐོག་ཏུ་ཞིབ་ཚགས་གང་འཚམ་བཟོས་འདུག ཞེ་སྡང་ཞེས་ཚིག་གཅིག་མིན་པར་ཞེ་སྡང་ཆུང་ངུ་ནས་ཞེ་སྡང་ཚད་མཐོན་པོའི་བར་དུ་དབྱིན་སྐད་ནང་མིང་མི་འདྲ་བ་རེ་འདོགས་ཀྱི་འདུག ང་ཚོའི་བོད་ཡིག་གི་ཐོག་ཏུ་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ་བཅས་ཀྱི་ཁྲོད་དུ་དེ་ལྟ་བུའི་ཞིབ་ཚགས་ཨེ་ཡོད་སྙམ། དེ་རིགས་ཁོང་ཚོའི་ས་ནས་ང་ཚོས་སློབ་སྦྱོང་བྱ་རྒྱུ་འདུག 

 

ཉ༽ བོད་ཀྱི་ཆོས་རིག་དང་། འཛམ་གླིང་ལ་ལེགས་སྐྱེས།

 

མདོར་ན་སེམས་ཁམས་རིག་པའི་རྣམ་གཞག་གི་སྐོར་རྣམས་ང་རང་ཚོའི་མཛོད་ཀྱི་གཞུང་དུ་གསུངས་པ་དང་། ཚད་མ་རྣམ་འགྲེལ་སོགས་སུ་གསུངས་པ་རྣམས་གཞི་ལ་བཞག་པའི་ཐོག་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་རྒན་བློ་བཟང་རྒྱ་མཚོའི་བློ་རིག་གོང་མ་ཞེས་རྗེ་བདག་ཉིད་ཆེན་པོའི་གསུང་དབུ་མ་དགོངས་པ་རབ་གསལ་སོགས་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བློ་ཡི་རྣམ་གཞག་གི་སྐོར་རྣམས་ཟུར་དུ་བཏོན་པ་ཞིག་ཡོད། དེ་ལྟར་མཛོད་དང་རྣམ་འགྲེལ་གཅིག་པུ་མིན་པར་ང་རང་ཚོའི་མཁས་དབང་གི་ཁྲོད་ནས་གཞུང་གོང་མར་ཡོད་པ་རྣམས་ནས་ཕྱོགས་བསྡུས་བྱས་ཏེ་ལེགས་བཤད་ཐོན་ཡོད་ལ། འཛམ་གླིང་འདིའི་ཐོག་གི་དེང་སྐབས་ཚན་རིག་པ་རྣམས་ནས་ཀྱང་ཉམས་ཞིབ་བྱས་ཏེ་སེམས་ཀྱི་ས་ཁྲའི་ཡིག་ཆ་ཕྱོགས་བསྒྲིགས་ཀྱིས་དཔར་འགྲེམས་བྱས་ན་ངོ་ཤུས་ཤིག་ང་ཚོར་རགས་ཐབས་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ནས་སེམས་ཁམས་རིག་པའི་སྐོར་ལ་གོ་བསྡུར་བགྲོ་གླེང་བྱེད་སྐབས་དེ་ངེས་པར་དུ་དགོས་པ་ཞིག་རེད་འདུག དེ་ཧ་ཅང་གལ་གནད་ཆེན་པོ་འདུག དེ་བཞིན་ཚན་རིག་པ་རྣམས་ཀྱི་ཐོག་ནས་སེམས་ཁམས་རིག་པའི་སྐོར་ཉམས་ཞིབ་བྱས་པ་སྟེ། དཔེ་ཆ་གཞིར་བཞག་བརྗོད་པ་མིན་པར་མིའི་གདོང་གི་རྣམ་འགྱུར་ལ་བལྟས་པ་དང་། གསོད་དང་བཏུབ་ཅེས་བརྗོད་སྐབས་ཞེ་སྡང་ཚད་མཐོ་ཤོས་སུ་སླེབས་ཡོད་པས་དེ་ཙམ་མིན་པར། ཨ་ཕའི་རོ་ཞེས་བརྗོད་པ་སོགས་རྒྱབ་བཤད་བརྒྱབ་པ་ལྟ་བུ་ཞེ་སྡང་ཡིན་ནའང་ཞེ་སྡང་ཤུགས་ཆེན་པོ་དེ་ཙམ་མེད་པ་སོགས་ཁོང་ཚོས་དེ་ལྟ་བུའི་རྣམ་དབྱེ་འབྱེད་བཞིན་ཡོད། མིའི་གདོང་གི་རྣམ་འགྱུར་ཤུགས་དྲག་ལོས་ཀྱི་ཐོག་ནས་ཞེ་སྡང་ལ་རིམ་པ་མང་པོ་ཞིག་བཞག་འདུག དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག 

འདི་དག་གི་སྐོར་ངོས་ནས་ཁྱེད་རང་ཚོར་བརྗོད་དགོས་དོན་ནི། ད་ལྟའི་དུས་འདིར་དངོས་གནས་དྲང་གནས་ང་ཚོས་དུས་ད་ལྟ་བར་དུ་རྒྱ་གར་མཁས་པའི་གཞུང་གི་ལེགས་བཤད་མང་དུ་ཡོད་པ་དེ་དག་བདག་པོ་བརྒྱབ་པ་རྣམས་ད་ཆ་འཛམ་གླིང་འདིའི་ཐོག་ཏུ་ཞབས་འདེགས་སྒྲུབ་རྒྱུ་ཞིག་དང་། འཛམ་གླིང་ཡོངས་ལ་ང་ཚོའི་ཤེས་ཚད་རྣམས་བགོ་བཤའ་བྱེད་ཆོག་པ་ཞིག་སྟེ། དངུལ་ཞིག་ལ་ཆ་མཚོན་ན། རང་ཉིད་ཀྱི་དངུལ་ཁུག་ཏུ་བཅུག་ནས་ཨམ་ཕྲག་ཏུ་ཉར་བ་ལྟ་བུ་མིན་པར་དངུལ་དེ་དག་གིས་ཚོང་ཞིག་བརྒྱབ་པའི་དབང་དུ་བཏང་ན་ཁེ་གཙང་རག་ངེས་ཡིན་པ་ལས་གྱོང་གཏན་རག་ཉེན་མེད། དེ་ལྟར་བྱེད་རྒྱུའི་དུས་སུ་སླེབས་འདུག དེའི་སྐོར་ཁྱེད་རང་ཚོར་བརྗོད་འདོད་བྱུང་། 

 

ཏ༽ ཆགས་སྡང་གི་རྒྱུ་རྐྱེན་དང་། ཆོས་ཚན་གྱི་གྲུབ་དོན།

 

ང་ཚོས་ད་ལྟ་བར་དུ་སློབ་སྦྱོང་བྱས་པ་རྣམས་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་རྒྱུ་དང་། འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་དུས་ལ་བབས་འདུག འོན་ཀྱང་དཔེ་ཆ་མི་ཤེས་མཁན་ཞིག་ཡིན་ན་བྱ་རྒྱུ་གང་ཡང་མེད། ཚིག་གཅིག་གཉིས་འགྲེལ་བཤད་བྱེད་ཐུབ་ན་འགྲེལ་བཤད་བྱེད་པ་ལས། དེའི་རྒྱུ་དང་རྐྱེན་གང་ཞིག་ཡིན་མིན་དང་། རྐྱེན་ལའང་རྒྱུ་རྐྱེན་དང་། དེ་མ་ཐག་རྐྱེན། དམིགས་རྐྱེན། བདག་རྐྱེན་བཅས་གང་དང་གང་ཞིག་ཡིན་ཞེ་ན། དཀོན་མཆོག་གསུམ། སྡིག་པ་ཁུར་ཞེས་འཇོག་པ་ལས་བརྗོད་རྒྱུ་གང་ཡང་མེད་པ་ཆགས་ཉེན་ཡོད། དེ་དག་མཐའ་མ་འགག་པར་བཤད་ཐུབ་པ་ཞིག་བྱེད་དགོས། 

དེ་བཞིན་ཞེ་སྡང་ཇི་ལྟར་བྱས་ཏེ་ཡོང་མིན། ཕྱི་ཡི་འཕྲལ་རྐྱེན་ཡོང་ངེས་ཀྱང་། གཙོ་བོ་ནང་གི་རྐྱེན་ཇི་ལྟ་བུའི་ཐོག་ནས་ཡོང་མིན་དང་། དེ་དང་མཚུངས་ལྡན་གྱི་འགྲོ་སྟངས་གང་དག་ཡོད་མེད། ཞེ་སྡང་གཅིག་མཚུངས་ཡིན་ནའང་སྙིང་རྗེས་ཀུན་ནས་བསླངས་པའི་ཞེ་སྡང་ཡིན་ན་ཕན་པའི་རང་བཞིན་དང་། གནོད་སེམས་རང་གི་ཐོག་ནས་སྐྱེས་པའི་ཞེ་སྡང་ཡིན་ན་གནོད་པ་འབའ་ཞིག་ལས་མེད་པས་དེ་དག་གི་ཁྱད་པར་རང་གིས་ཤེས་པ་དང་། གཞན་ལ་འགྲེལ་བརྗོད་བྱེད་ཐུབ་པ་ཞིག་དགོས་གལ་ཆེ་ལ། དེ་དག་ཁྱེད་རང་ཚོས་གོ་ཐོས་བྱུང་ཡོད་ངེས། འོན་ཀྱང་ངོས་ནས་འདིར་བརྗོད་འདོད་བྱུང་། 

ཞེ་སྡང་སྐྱེ་སྐབས་ཞེ་སྡང་སྐྱེ་ཡུལ་དེ་ཆེས་མི་སྡུག་པ་ཞིག་མཐོང་བཞིན་ཡོད། དེའི་མི་སྡུག་པའི་ཆ་བརྒྱ་ཆ་དགུ་བཅུ་ཐམ་པ་ཞེ་སྡང་སྐྱེ་མཁན་རང་ཉིད་ཀྱི་རྣམ་རྟོག་གིས་བཅོས་པ་རེད་ཅེས་ཚན་རིག་པས་བརྗོད་བཞིན་འདུག དེ་ཡང་ངོས་ཀྱི་ངོ་ཤེས་ཨ་རིའི་ཚན་རིག་པ་ཞིག་ཡོད་ཅིང་། ཁོང་འདི་ལོ་ལོ་ན་ ༩༨ ལ་སླེབས་ཡོད། སྔ་ལོ་ངོས་གཉིས་མཇལ་འཕྲད་བྱུང་ལ། ལོ་བཅུའི་གོང་དུ་མཇལ་སྐབས་ཤིག་ཏུ་ཁོང་གིས། ཞེ་སྡང་སྐྱེ་སྐབས་ཞེ་སྡང་སྐྱེ་སའི་ཡུལ་དེ་ཉིད་ཆེས་བློ་ངོར་མི་བཟོད་པ་ལྟ་བུའི་མི་སྡུག་པ་ཞིག་བློ་ངོར་འཆར་གྱི་ཡོད་ཀྱང་། མི་སྡུག་པའི་བརྒྱ་ཆ་དགུ་བཅུ་ཐམ་པ་རང་ཉིད་ཀྱི་རྣམ་རྟོག་གིས་བཅོས་པ་ལས་དངོས་ཡོད་གནས་ཚུལ་མིན་ཞེས་བརྗོད་བྱུང་། དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ལོ་ངོ་ཉིས་སྟོང་ལྷག་གིས་གོང་ནས་གསུངས་པ་སྟེ། དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས། 

ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །

ཞེས་གསུངས་པ་ལྟར་ལས་དེ་ཉོན་མོངས་ལས་སྐྱེ་བ་དང་། ཉོན་མོངས་དེ་ཉིད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་སྐྱེ་ཞིང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་བདེན་འཛིན་གྱི་སྤྲོས་པ་ལས་སྐྱེ་ཚུལ་གསུངས་པ་དང་ཏག་ཏག་འགྲོ་གི་ཡོད། ང་ཚོས་མགོན་པོ་ཀླུ་སྒྲུབ་ཀྱིས་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་མི་དགོས་པར་ཚན་རིག་པས་བརྟག་ཞིབ་བྱས་ནས་གྲུབ་དོན་གྱི་ཐོག་ནས་བརྗོད་བཞིན་ཡོད། གོང་གསལ་གྱི་ཚིགས་སུ་བཅད་པའི་རྐང་མ་ཕྱི་མ་གཉིས་སུ། 

དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །

ཞེས་བྱེད་སྒྲ་སྦྱར་ན་ལམ་བདེན་དང་། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་གནས་གཞིའམ་དེ་ཉིད་ལྟ་བུར་སྦྱར་ན་འགོག་བདེན་སྟེ། ཉོན་མོངས་གང་དུ་ཟད་དམ་ཞེ་ན། ཆོས་ཀྱི་དབྱིངས་སུ་ཟད་པ་དང་། སེམས་ཀྱི་རང་བཞིན་ལ་དྲི་མས་བསླད་པ་མེད་ཅིང་། སེམས་རང་བཞིན་གྱི་འོད་གསལ་བ་དེའི་ངང་དུ་འགགས་པར་བརྟེན། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་སེམས་ཆོས་ཉིད་ཀྱི་ངང་དུ་འགགས་པ་དང་། དེ་འགོག་བྱེད་གང་ཞིག་ཡིན་ཞེ་ན། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བྱེད་སྒྲ་སྦྱར་ན་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད། 

ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་ངོས་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་བཤད་ལུང་མདོར་བསྡུས་ཤིག་ཞུས་པ་ཡིན། ཚིགས་སུ་བཅད་འདིའི་སྐབས་སུ་འདི་ལྟར་གསུང་གི་འདུག རྩ་བ་ཤེས་རབ་ཀྱི་ལེགས་སྦྱར་རང་གི་གོ་བར་གཞིགས་ན། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པའི་བྱེད་སྒྲར་གོ་བ་དང་། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་པའི་གོ་བ་དེ་ཡང་སླེབས་ཀྱི་འདུག་ཅེས་གསུངས་བྱུང་། ཤོ་ལོ་ཀ་འདིའི་རྐང་པ་སྔ་མ་གཉིས་ཀྱིས་ཀུན་འབྱུང་བདེན་པ་དང་། སྡུག་བསྔལ་བདེན་པ་བསྟན་པ་དང་། རྐང་མ་ཕྱི་མ་གཉིས་ཀྱིས་འགོག་བདེན་དང་ལམ་བདེན་གཉིས་བསྟན་པ་ཞིག་ཆགས་ཡོད། མདོར་ན་ང་རང་ཚོའི་གཞུང་ལུགས་ཁག་ཏུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་ཆགས་སྡང་སྐྱེ་བར་གསུངས་ཡོད། 

མཁས་དབང་ཁོང་བསམ་གྱིས་མི་ཁྱབ་པ་ཞིག་རེད། ལོ་གཉིས་ཀྱི་གོང་དུ་མཇལ་སྐབས་འདོད་ཆགས་ཀྱི་སྐོར་ཇི་ལྟར་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། འདོད་ཆགས་ནི་གནས་ཚུལ་ཐ་དད་རེད་ཅེས་གསུངས་བྱུང་། ནུབ་ཕྱོགས་པ་རྣམས་ཀྱིས་འདོད་ཆགས་དང་ལེན་བྱེད་བཞིན་ཡོད་ལ། འདོད་ཆགས་དང་ལེན་བྱེད་པ་ཙམ་མིན་པར་འདོད་ཆགས་གོང་དུ་སྤེལ་བཞིན་ཡོད། དེ་ཡང་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་བཟོ་བ་དང་། ལྷག་པར་འཁྲིག་པའི་འདོད་ཆགས་ཤུགས་ཆེ་སྤེལ་བཞིན་འདུག་པས་འདོད་ཆགས་ལ་སྐྱོན་གང་ཡང་མི་ལྟ་བ་ལྟ་བུ་ཞིག་ཆགས་ཡོད། 

ང་རང་ཚོའི་སེམས་ཁམས་རིག་པའི་ཐོག་ནས་བཤད་ན། ཞེ་སྡང་སྐྱེ་བའི་རྩ་བ་འདོད་ཆགས་ཀྱིས་བྱེད་བཞིན་ཡོད། རང་དང་རང་གི་གཉེན་ལ་ཇི་ཙམ་ཆགས་པ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་དེའི་མི་མཐུན་ཕྱོགས་ལ་སྡང་བའི་བློ་དེ་སླེབས་བཞིན་ཡོད་པ་ཧ་ཅང་གསལ་པོ་ཡིན། དེས་ན་ཞེ་སྡང་གི་རྩ་བ་འདོད་ཆགས་ཀྱིས་བྱེད་པ་དང་། ཆགས་སྡང་གི་རྩ་བ་གཏི་མུག་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པའི་སྐོར་གྱི་རྣམ་གཞག་རྣམས་ནི་ཧ་ལས་དགོས་པ་ཞིག་རེད་འདུག 

 

ཐ༽ ངར་འཛིན་གྱི་གཉེན་པོ་དང་། བླ་མེད་ཀྱི་ལམ་སྟོན། 

 

ཉེ་སྔོན་ངོས་རང་སྨན་བཅོས་བྱེད་སའི་མ་ཡོ་སྨན་ཁང་དུ་ཡེ་ཤུའི་བཙུན་མའི་དགོན་པ་ཞིག་ཡོད་ཅིང་། སྔར་ངོས་རང་དེར་བསྐྱོད་ནས་མཉམ་དུ་སྨོན་ལམ་འདེབས་པ་སོགས་བྱེད་མྱོང་ཡོད་ལ། ཉེ་སྔོན་ཡང་དེར་སྐད་ཆ་ཤོད་པར་ཡོང་རོགས་ཞེས་བརྗོད་པ་ལྟར་ཕྱིན་པ་ཡིན། བཙུན་མ་གང་འཚམ་མང་པོ་འདུག དེའི་ཁྲོད་ནས་བཙུན་མ་གཅིག་གིས་སེམས་སུ་ང་ཞེས་འཛིན་པ་དམ་པོ་ཞིག་སྐྱེས་པ་དེས་སེམས་མ་སྐྱིད་པ་ཡོང་གི་འདུག དེ་ལ་གཉེན་པོ་གང་ཞིག་བསྟེན་དགོས་སམ་ཞེས་བརྗོད་བྱུང་། ངོས་ནས་འདི་ལྟར་བརྗོད་པ་ཡིན། ཕྱོགས་གཅིག་ནས་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མས་བྱམས་བརྩེ་དང་། བཟོད་པ། འཁོན་འཛིན་མི་བྱེད་པ་སོགས་གསུང་གི་ཡོད་པས་དེ་དག་ཉམས་ལེན་བྱེད་དགོས། དེ་དག་གི་ཐོག་ནས་ང་ཞེས་སེམས་དྲག་པོའི་རང་གཅེས་འཛིན་གྱི་ལྡོག་ཟླ་གཞན་གཅེས་འཛིན་ལ་ཕན་ངེས་ཡིན། 

ནང་པ་སངས་རྒྱས་པའི་གཞུང་ནས་བདག་མེད་པའི་ལྟ་བ་གསུངས་ཡོད། ཁྱེད་རང་ཚོ་ཡེ་ཤུའི་ཆོས་པའི་ངོས་ནས་ཆ་མཚོན་ན། དེ་ལྟ་བུའི་ཐོག་ལ་བསམ་བློ་གཏོང་རྒྱུ་མེད་དམ་ཞེས་བརྗོད་པ་ཡིན། ཁྱེད་རང་ཚོའི་བློ་ངོར་ང་ཞེས་འཛིན་པ་དམ་པོ་ཞིག་སྐྱེ་སྐབས་ང་དཀོན་མཆོག་གིས་བཀོད་པ་ཞིག་དང་། འཇིག་རྟེན་གྱི་སྣོད་བཅུད་ཡོངས་རྫོགས་དཀོན་མཆོག་གིས་བཀོད་པའི་ནང་དུ་རང་ཉིད་ཆ་ཤས་ཤིན་ཏུ་ཕྲ་མོ་ཞིག་ཡིན་པ་ལས། ང་ཞེས་མཆོག་ཏུ་བལྟ་རྒྱུ་གང་ཡང་མེད་པ་དང་། མཐའ་མེད་པའི་སྣོད་བཅུད་འདི་དག་དཀོན་མཆོག་གིས་བཀོད་པའི་ནང་དུ་རང་ཉིད་རྡུལ་ཕྲན་ལྟ་བུ་ཆུང་ངུ་ཞིག་ཡིན་པ་དེ་དག་གི་ཐོག་ལ་བསམ་བློ་གཏོང་དགོས་ཞེས་བརྗོད་པ་ཡིན། དེ་ལ་གོ་རྒྱུ་ཞིག་མི་འདུག་གམ། 

ང་ཚོས་བདག་མེད་ཀྱི་ལྟ་བ་བརྗོད་བཞིན་ཡོད། ཡེ་ཤུས་བདག་མེད་བརྗོད་ཀྱི་མེད། འོན་ཀྱང་བསམ་བློ་དེ་ལྟར་གཏོང་རྒྱུ་མེད་དམ་ཞེས་བརྗོད་རྒྱུ་བྱུང་། ངོས་ནས་རིགས་པ་གང་འདྲ་ཞིག་བཏང་འདུག་གམ། དེ་ལ་སྐྱོན་འདུག་གམ་མི་འདུག རང་ཉིད་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་པས་བདག་ཏུ་ལྟ་བ་ཞིག་ཡོད། དེ་ནི་སོ་སོའི་གྲུབ་མཐའི་རྩ་བ་ཆགས་ཡོད། ཁོང་རང་ཚོ་རང་ཉིད་ཀྱི་ལྟ་གྲུབ་བཤད་པ་དེ་དག་གཞིར་བཞག་གི་ཐོག་ནས་ང་ཞེས་པའི་འཛིན་པ་དམ་པོ་དེ་ཤུགས་ཆུང་དུ་གཏོང་ཐབས་དེ་ལྟར་བྱེད་ཡོང་ཆོག་པ་ལྟ་བུ་ཞིག་མི་འདུག་གམ། 

དེ་ནི་མིའི་བསམ་བློའི་འགྲོ་སྟངས་ལ་ང་རྒྱལ་དང་ཕྲག་དོག་ཧ་ཅང་ཤུགས་སྐྱེས་པའི་སྐབས་སུ་ང་ཞེས་པའི་འཛིན་པ་ཧ་ཅང་དམ་པོ་ཞིག་ཡོང་སྐབས། ང་བཏགས་དོན་བཙལ་ན་མཛུབ་མོ་འཛུགས་ས་མེད་ཅིང་། ངེས་པར་དུ་ནང་པའི་སྐད་ཆ་མིན་པར་སྤྱི་ཡོངས་ནས་དེ་ལྟར་བརྗོད་ཆོག་པ་ཞིག་ཡིན། སེམས་ཁམས་རིག་པའི་སྐོར་ང་ཚོའི་གཞུང་ལུགས་སུ་གསལ་བ་དང་། དེ་བཞིན་བདེན་པ་གཉིས་ཀྱི་རྣམ་གཞག་ཕྱེ་ནས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཞེས་པ་ནི་ཕྱི་རོལ་མུ་སྟེགས་པས་ཀྱང་བརྗོད་ཀྱི་ཡོད། དེ་ལྟ་བུའི་ལྟ་ཚུལ་ཡོད་པ་རྣམས་ནི་ཧ་ཅང་གལ་གནད་ཆེན་པོ་རེད་འདུག སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་སྐོར་ཚན་རིག་པ་རྣམས་ཀྱིས་ཀྱང་བརྗོད་ཀྱི་འདུག་ལ། ལྷག་པར་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་བརྗོད་སྐབས་སྣང་ཚུལ་ལ་ཡུལ་གྱི་ངོས་ནས་ཡོད་པ་ཞིག་སྣང་བཞིན་ཡོད་ཀྱང་། གནས་ཚུལ་ལ་ཡུལ་གྱི་ངོས་ནས་གྲུབ་པ་གཏན་ནས་མི་འདུག་ཅེས་བརྗོད་ཀྱི་འདུག 

དེ་ཡང་ཟླ་ཤས་ཀྱི་གོང་དུ་ཀ་ལི་ཀ་ཏར་རྒྱ་གར་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་མགྲོན་འབོད་བྱས་པ་ལྟར་ངོས་རང་བསྐྱོད་དེ་གཏམ་བཤད་བྱས་པ་ཡིན། སྐབས་དེར་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ལ་སྐད་ཆ་བྱུང་ཞིང་། སློབ་གྲྭ་དེའི་དགེ་རྒན་མཁས་དབང་ཞིག་འདུག་པ་ཁོང་དང་ཟུར་དུ་ཐུག་འཕྲད་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ལ་ངོས་གཉིས་གོ་བསྡུར་ཕྲན་བུ་བྱས་པ་ཡིན། ཡུལ་འཛིན་གྱི་བློ་དེ་ཡོད་ན་ཡུལ་དེ་ཡོད་པ་སྟེ། སེམས་ཙམ་པའི་ལུགས་སུ་སྔོན་འཛིན་མི་ཤེས་ཡོད་ན་སྔོན་པོ་ཡོད་པ་དང་། སྔོན་འཛིན་མི་ཤེས་འགགས་ན་སྔོན་པོ་མེད་ཅེས་གསུངས་པ་ནི། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་ངེས་ལས།

ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །

ཞེས་གསུངས་པའི་ལྟ་གྲུབ་དེ་དང་གཅིག་མཚུངས་ཤིག་བརྗོད་ཀྱི་འདུག 

 

ད༽ མ་འོངས་པའི་དགོས་མཁོ་དང་། དགེ་རྒན་གྱི་གྲ་སྒྲིག

 

འདིའི་སྐོར་ཁྱེད་རང་ཚོར་བརྗོད་དོན་ནི། ཁྱེད་རང་རྣམས་དཔེ་ཆ་བ་ཡིན་ཅིང་། དེའི་ནང་ནས་དགེ་བཤེས་ཤ་སྟག་ཆགས་ཡོད། ངེས་པར་དུ་ད་ལྟ་བར་ང་ཚོས་བདག་པོ་བརྒྱབ་པ་དེ་དག་ནང་ཆོས་སྤེལ་བའི་ཀུན་སློང་དང་འདུ་ཤེས་མེད་པར་ཆོས་དད་རང་མོས་ཁོ་ནའི་ཐོག་ནས་དང་། རང་ཉིད་ལ་ཆོས་དང་ཡོད་མེད་ཇི་ལྟར་ཡང་། དེ་དག་ལ་ཆོས་དད་སྤེལ་རྒྱུའི་ཀུན་སློང་མེད་པར་བསམ་པ་རྣམ་དག་གི་ཐོག་ནས་གཞུང་གང་ཞིག་ནས་བྱུང་རུང་། ད་ལྟ་འཛམ་གླིང་འདིའི་ཐོག་ཏུ་ཕན་ཐོགས་ཡོད་པ་དང་། འབྲེལ་བ་ཡོད་པ། དགོས་མཁོ་ཡོད་པའི་རིགས་རྣམས་ཇི་ལྟར་བྱས་ཏེ་གཞན་ལ་སློབ་སྟོན་བྱེད་མིན་གྱི་ཐོག་ལ་རིམ་བཞིན་གོ་སྐབས་བྱུང་ན་དེ་དག་སེམས་བཅངས་བྱེད་དགོས་ལ། ངོས་རང་ཕྱོགས་མང་པོ་ཞིག་གི་ཐོག་ནས་འབྲེལ་བ་ཡོང་གི་ཡོད་པས། དེ་ལྟའི་དགེ་རྒན་གཏོང་རོགས་གྱིས་ཞེས་བརྗོད་སྐབས་དེའི་དམིགས་སྒོ་དགེ་བཤེས་ལས་གཞན་མེད། དེའི་སྐོར་ཁྱེད་རང་ཚོར་བརྗོད་འདོད་བྱུང་།

ཁྱེད་རང་ཚོས་རྒྱུད་སྟོད་ཀྱི་ཆོས་ཐོག་བསྐོར་བ་ཡིན། ལས་ཀ་ཚང་མ་ཚར་སོང་། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལྟར་བྱས་ཏེ་མ་སྡོད་ཨང་། དགྲ་བཅོམ་པ་བྱ་བ་བྱས་པ། ཟག་པ་ཟད་པ་ཞེས་བརྗོད་པ་ལྟར་ཆོས་ཐོག་ནི་བསྐོར་ཟིན། ད་ནི་ཧ་ཅང་སྐྱིད་པོ་ཡིན་ཞེས་བརྗོད་དེ་གཞན་གང་ལའང་དོ་སྣང་གཏན་ནས་མེད་པར་སྡོད་རྒྱུ་མེད། ད་ལྟ་ད་ལྟའི་འཛམ་གླིང་གི་གནས་ཚུལ་ཇི་འདྲ་ཞིག་ཡོད་མེད་དེ་རིགས་ལ་མུ་མཐུད་ནས་དོ་སྣང་དང་། ངོས་ནས་ད་ལན་འབོད་སྐུལ་བྱས་པ་རྣམས་མ་འོངས་པར་འཛམ་གླིང་འདིའི་ཐོག་ཏུ་ང་ཚོས་ཤེས་པའི་སེམས་ཁམས་རིག་པའི་སྐོར་དང་། ལྟ་གྲུབ་ཀྱི་རྣམ་གཞག་རྣམས་གཞན་ལ་འགྲེལ་བརྗོད་བྱ་རྒྱུའི་ཐོག་ནས་ཕན་ཐོགས་བྱེད་ཐབས་གང་ཡོད་ལ་བསམ་བློ་གཏོང་དགོས། དེ་ལྟར་བྱུང་ན་བོད་ཀྱི་མཚན་མཐོང་ཡང་རང་བཞིན་གྱིས་ཡར་རྒྱས་འགྲོ་ངེས་ཡིན། བོད་དོན་མ་བརླག་པ་ཡང་འདིའི་ཐོག་ནས་ཕན་ཐོགས་ཡོང་ངེས་ཡིན། རྒྱ་རིགས་གྲོགས་པོ་ཧ་ཅང་མང་པོས་དངོས་གནས་བོད་གངས་ཅན་གྱི་ལྗོངས་སུ་དུས་ད་ལྟ་བར་དུ་ཉར་ཚགས་བྱས་པའི་ཆོས་དང་རིག་གཞུང་དེ་དག་གི་ཐོག་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་ཡོང་བཞིན་ཡོད། རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་རྒྱ་རིགས་ས་ཡ་དང་དུང་ཕྱུར་མང་པོས་ནང་ཆོས་ལ་དོ་སྣང་བྱེད་བཞིན་ཡོད་པས་མ་འོངས་པར་དེ་དག་ལ་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་ཡོང་ངེས་ཡིན་ལ། དེ་དག་ལ་ཞབས་འདེགས་ཞུ་རྒྱུའི་ལས་འགན་ཡོང་ང་ཚོར་ཡོད་པ་ཞིག་ཡིན། 

ཁྱེད་རང་ཚོའི་ཁྲོད་དུ་དབྱིན་ཇིའི་སྐད་ཡིག་དང་། རྒྱའི་སྐད་ཡིག་ཤེས་མཁན་འགའ་ཞིག་འདུག་ལ། སྐད་ཡིག་ཕྲན་བུ་ཤེས་པ་རྣམས་མུ་མཐུད་ནས་ཡར་རྒྱས་གཏོང་ཐུབ་པ་བྱེད་དགོས། མ་འོངས་པར་བོད་སྐད་གཅིག་པུས་འདང་ཐབས་མེད། ཁ་སྔོན་ཚོགས་འདུ་ཞིག་གི་སར་མཁས་དབང་གང་འཚམ་ཞིག་འདུག་ལ། སྐབས་དེར་ངོས་ནས་འགྲེལ་བཤད་བྱས་རྗེས་རྩེད་མོ་དང་བཅས་ཏེ་ངོས་ནས་བརྗོད་པ་རྣམས་ཏག་ཏག་ཡིན་མིན་ཁྱེད་རང་ཚོས་ཞིབ་འཇུག་བྱེད་དགོས། ཞིབ་འཇུག་བྱེད་པའི་ཐོག་མར་ཁྱེད་རང་ཚོས་བོད་སྐད་སློབ་སྦྱོང་བྱེད་དགོས་ལ། བོད་ཀྱི་སྐད་ཡིག་ཤེས་པར་ལོ་ངོ་བཅོ་ལྔ་ཉི་ཤུ་ཙམ་འགོར་ངེས་ཡིན། དེ་རྗེས་གཞི་ནས་ངོས་ཀྱིས་བཤད་པ་རྣམས་ལ་ཞིབ་འཇུག་བྱེད་དགོས་ཞེས་བརྗོད་པ་ཡིན། 

དེར་བརྟེན་ཁྱེད་རང་ཚོས་མུ་མཐུད་དབྱིན་ཇི་དང་། རྒྱའི་སྐད་ཡིག་ཤེས་པ་རྣམས་ཡར་རྒྱས་གཏོང་ཐབས་དང་། དེ་བཞིན་ཧིན་དྷིའི་སྐད་ཡིག་སྦྱོང་བརྡར་བྱེད་རྒྱུར་དོ་སྣང་བྱེད་དགོས། དེ་ག་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ།།   །།

 ཡིག་ཐོག་ཕབ་བཤུ་བ།  རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།