༄༅། །པན་ཅ་མ་རིར་བཟོ་ལས་སློབ་གྲྭ་སྒོ་འབྱེད་གནང་སྐབས་ཀྱི་བཀའ་སློབ།

བོད་ཧིན་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་པོའི་ནང་གཙོ་གལ་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་འཁོད་ངེས།
(ཕྱི་ལོ་ ༡༩༦༦ ཟླ་ ༥ ཚེས་ ༩ ཉིན།)
    ྋམི་རྗེ་མཆོག་དང༌། སྐུ་མགྲོན་ལྷན་རྒྱས། བརྩེ་བའི་བོད་ཕྲུག་ཚོ་བཅས་ལ་ཞུ་རྒྱུར། དེ་རིང་འདི་ག་པན་ཅ་མ་རིར་བཟོ་ལས་སློབ་གཉེར་ཁང་གསར་འཛུགས་སྒོ་འབྱེད་བྱ་རྒྱུའི་གོ་སྐབས་བྱུང་བ་འདིར་དགའ་སྤྲོ་ཆེན་པོ་བྱུང༌། རྒྱ་གར་དང༌། འབྲུག འབྲས་ལྗོངས་བཅས་པར་བོད་མི་སྟོང་ཕྲག་ལྔ་བཅུ་བརྒལ་བ་ཞིག་ཡོད་པ་རྣམས་ནམ་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་བར་ཁྱིམ་མཚེས་ཡུལ་ཁག་ནང་རང་མཁོ་རང་འདང་ཐོག་ནས་གཞིས་ཆགས་བྱ་དགོས་ཤིང༌། རང་མཁོ་རང་འདང་གི་འཚོ་བ་དེ་ཡང་བཟང་ཞིང་གྱ་ནོམ་པ་ཞིག་བྱུང་བ་ལ་བཟོ་ལས་ཀྱི་ཐབས་ལ་མ་བརྟེན་མཐུ་མེད་ཡིན། བཟོ་ལས་ལ་བརྟེན་དགོས་ན་བཟོ་ལས་སྣ་ཚོགས་ཀྱི་སློབ་གཉེར་ཁང་འདི་འདྲ་ཞིག་མ་བྱུང་ཐབས་མེད་ཡིན་པས། དེ་འདྲའི་དགོས་མཁོ་ཆེ་བའི་བཟོ་ལས་སློབ་གཉེར་ཁང་འདི་ལྟ་བུ་གསར་འཛུགས་ཀྱི་འཁུར་འགན་བཞེས་མཁན་རྒྱ་གར་གཞུང་དང༌།    བོད་ཀྱི་སློབ་གྲྭའི་ཚོགས་པ། ས་གནས་གཞུང༌། འདིའི་ཆེད་དུ་ཞལ་འདེབས་གནང་མཁན་རོགས་རམ་ཚོགས་ཁག་བཅས་ལ་ངས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    དེ་ཙམ་དུ་མ་ཟད། རྒྱ་གར་གཞུང་ནས་ལྷག་བསམ་དཀར་ཞིང་གཏོང་ཕོད་ཆེ་བའི་སྒོ་ནས་ཧིན་སྒོར་འབུམ་ཕྲག་དུ་མའི་འགྲོ་གྲོན་བཏང་སྟེ་གཏན་འཇགས་སློབ་གྲྭ་ཁག་བདུན་ནང་བོད་ཕྲུག་ཕོ་མོ་བཞི་སྟོང་སྐོར་དང༌། གཞིས་ཆགས་སོགས་ཉིན་མོའི་སློབ་གྲྭ་ཁག་ནང་བོད་ཕྲུག་ཆིག་སྟོང་བརྒལ་བར་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་སྒྲུབ་གནང་བཞིན་ཡོད། འདི་ལྟ་བུའི་ཤ་ཚ་དང༌། དྲིན་འཇགས་ཆེ་བའི་རོགས་རམ་གནང་བ་ནི་བོད་མི་རྣམས་ནས་དུས་ནམ་ཡང་བརྗེད་མི་ཐུབ་ལ། གནས་ཚུལ་འདི་དག་མི་ལོ་༡༣༠༠ ཙམ་གྱི་གོང་ནས་བྱུང་བའི་བོད་ཧིན་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་པོའི་ནང་གཙོ་གལ་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཏུ་འཁོད་ངེས་ཡིན།
 
    དཀའ་ངལ་ལ་བཟོད་འཁུར་ཆེ་ཙམ་བྱས་ཏེ། བོད་མི་རིགས་སྤྱིའི་ཁེ་ཕན་དང་དམིགས་ཡུལ། རྒྱ་གར་གཞུང་གི་བཀའ་དྲིན་གསབ་ཆེད་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་བྱེད་དགོས།
 
   བརྩེ་ལྡན་བོད་ཕྲུག་ཚོ། ང་ཚོ་དཀའ་ངལ་ཆེན་པོའི་དུས་སྐབས་སུ། འདི་ལྟ་བུའི་ཕན་གྲོགས་བྱེད་མཁན་བྱུང་བ་དང༌། འདི་འདྲའི་གོ་སྐབས་བཟང་པོོ་ཐོབ་པ་ནི་ཤིན་ཏུ་རྩ་ཆེན་པོ་ཡིན་པས་ཁྱེད་ཅག་ནས་རོགས་རམ་དང༌། གོ་སྐབས་བཟང་པོོ་འདི་དག་ཆུད་ཟོས་སུ་མ་བཏང་བར་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་གྲུབ་འབྲས་ཕན་རླབས་རྒྱ་ཆེ་ཡོང་བར་འབད་བརྩོན་ངེས་པར་བྱ་དགོས།
   
    རང་རེ་ཚང་མས་ཤེས་གསལ་ལྟར། ང་ཚོ་རང་གི་ཕ་ཡུལ་དང་མི་འདོད་དབང་མེད་དུ་བྲལ་ཏེ་བཙན་བྱོལ་བ་ཞེས་པའི་མིང་ཞིག་ཐོགས་ནས་ཡོད་པ་མ་ཟད། དེང་སང་འཛམ་གླིང་ན་ཡོད་པའི་བཙན་བྱོལ་བ་གཞན་དག་དང་མི་འདྲ་བར་ང་ཚོར་དཀའ་ངལ་ལྕི་ཞིང༌། ཆེས་མང་བ་ཡོད། བཙན་བྱོལ་བ་གཞན་དག་ཡིན་ན། རང་རང་གི་ལྟོ་གོས་འཚོ་ཐབས་འགྲིགས་ཙམ་བྱུང་ན་དེ་གས་ཆོག་ཀྱང༌། ང་ཚོ་དེ་ཙམ་གྱིས་མི་ཆོག་པར། ཁྲག་དང་མཆི་མའི་རྒྱུན་མི་ཆད་པའི་གཞིས་ལུས་བོད་མི་རྣམས་ཕྱི་རྒྱལ་གྱི་བཙན་དབང་མནར་གཅོད་སྡུག་བསྔལ་མི་བཟད་པ་ལས་གྲོལ་བའི་ཆེད་དུ་བོད་ཀྱི་རང་དབང་བརྩོན་ལེན་བྱེད་དགོས་པ་དང༌། རང་གི་ཆོས་དང་ཤེས་རིག་གོམས་སྲོལ་བཟང་པོ་རྣམས་སྲུང་སྐྱོབ་བྱ་དགོས་པ། མདོར་ན་བོད་པ་ཞེས་པའི་མི་རིགས་འདི་དག་སྲུང་སྐྱོབ་བྱེད་པའི་ལས་འགན་ཤིན་ཏུ་ལྕི་བ་ཞིག་བསྒྲུབ་དགོས། གང་ཡིན་ཞེ་ན། ང་ཚོའི་ཕ་ཡུལ་དུ་བཙན་འཛུལ་བྱེད་མཁན་དེ་ནི་ཡུལ་ཁག་གཞན་དག་དང་འདྲ་བར་སྲིད་དོན་གྱི་རྙོག་དྲ་ལྟར་སྣང་ཞིག་མ་ཡིན་པར་མི་རིགས་གཅིག་གིས་མི་རིགས་གཞན་ཞིག་ལ་བརྙས་བཅོས་དབང་སྒྱུར་བྱེད་པ་ཞིག་ཡིན་པ་དང༌། ཆོས་དང་ཤེས་རིག་ལ་བརྩི་བཀུར་སྲུང་སྐྱོབ་བྱེད་པ་མིན་པར་བོད་དུ་དར་བའི་སངས་རྒྱས་ཀྱི་ཆོས་དང་དེ་འབྲེལ་ཤེས་རིག་རྣམས་ལ་སྐྱོན་དང་དུག་ཏུ་བལྟས་ནས་རྩ་བརླག་ཏུ་གཏོང་བ། མི་རིགས་འདྲ་མཉམ་དང༌། མི་རིགས་ཕན་ཚུན་རོགས་རམ་གྱི་བྱ་སྤྱོད་མ་ཡིན་པར། བོད་མི་རིགས་རྩ་མེད་དུ་བཏང་ནས་ཧན་མི་རིགས་འབའ་ཞིག་གིས་བོད་ཡུལ་དབང་སྒྱུར་བྱ་རྒྱུའི་བསམ་སྦྱོར་ཇི་སྙེད་ཅིག་ངན་བརྩམས་ལག་ལེན་བསྟར་བཞིན་པ་རེད། 
   
    དེ་ལྟ་བུའི་དཀའ་ངལ་དང༌། ཉེན་ཁའི་གནས་ཚུལ་དང་བསྟུན་ནས་རང་ཅག་བྱེས་འབྱོར་བོད་མི་རྣམས་ནས་ཀྱང་རང་ཉིད་གཅིག་པུའི་ཁེ་ཕན་ཁོ་ནར་མི་བལྟ་བར་བོད་མི་རིགས་སྤྱིའི་འཕྲལ་ཕུགས་ཁེ་གྱོང་ལ་བལྟས་ཏེ། བསམ་བློ་གཏིང་རིང་ཙམ་གཏོང་བ་དང༌། དཀའ་ངལ་ལ་བཟོད་འཁུར་ཆེ་ཙམ་བྱས་ཏེ། བོད་མི་རིགས་སྤྱིའི་ཁེ་ཕན་དང་དམིགས་ཡུལ་སྒྲུབ་ཐབས་ལ་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་བྱ་རྒྱུ་ནི་འདོར་ཐབས་མེད་པའི་ཁུར་འགན་ཡིན་ལ་ཤིན་ཏུ་དོ་གལ་ཆེན་པོ་ཡིན།
   
    དེས་ན་ཐོག་མར་རང་རེས་ཇི་ལྟར་བྱ་དགོས་སྙམ་ན། རང་ཅག་ཕྱི་རྒྱལ་ཁྱིམ་མཚེས་ཡུལ་ཁག་ཏུ་འབྱོར་བའི་བོད་མི་ཚོས་རང་མཁོ་རང་འདང་གི་གཞིས་ཆགས་གདེང་འཁེལ་ཞིག་འཛུགས་སྐྲུན་བྱ་དགོས། དེ་ཡོང་བ་ལ་ས་ཞིང་གི་ཐོན་སྐྱེད་གཅིག་པུས་དགོས་མཁོ་འདང་ངེས་འབྱུང་དཀའ་བས་བཟོ་ལས་སྣ་ཚོགས་ཀྱི་ལས་ཐབས་ལ་བརྟེན་ནས་རང་ཅག་བོད་མི་རྣམས་ཀྱི་དགོས་མཁོ་འདང་བས་མ་ཚད། དཔལ་འབྱོར་གྱི་ཁ་ཚུགས་ཏེ་རྒྱ་གར་གཞུང་གི་བཀའ་དྲིན་གསབ་ཐུབ་པ་དང༌། རྒྱ་གར་མི་མང་ལ་ཕན་གྲོགས་བྱ་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས།
   
   དེང་དུས་འཛམ་གླིང་ནང་བཟོ་ལས་དར་རྒྱས་བྱུང་བའི་ཡུལ་ཁག་རྣམས་དཔལ་འབྱོར་གྱི་གནས་ཚད་མཐོན་པོར་གྱུར་པ་དང༌། བཟོ་ལས་མ་དར་བའི་ཡུལ་ཁག་རྣམས་དཔལ་འབྱོར་རྗེས་ལུས་སུ་གྱུར་པ་ཚང་མས་མཐོང་ཆོས་བཞིན་ང་ཚོ་བོད་རིགས་གཞོན་ནུ་རྣམས་ནས་ཀྱང་བཟོ་རིག་པའི་ལས་ཐབས་རྣམ་པ་སྣ་ཚོགས་ལ་སྦྱང་བརྩོན་བྱས་ཏེ་བོད་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་གོང་མཐོར་གཏོང་བའི་ཁུར་འགན་ལེན་དགོས།
 
   ལས་རིགས་སྣ་ཚོགས་ལ་མཁས་པ་མེད་དུ་མི་རུང་བ་ལས། སྣག་ཤོག་བེད་སྤྱོད་བྱེད་མཁན་ཤ་སྟག་གིས་འགྲིགས་ཐབས་མེད།  བོད་ཀྱི་ཕྱི་ལོགས་ཁྱིམ་མཚེས་ཡུལ་ཁག་ཏུ་གནས་པའི་བོད་མི་ན་གཞོན་ཚོས་བཟོ་རིག་པའི་ལས་ཐབས་སྣ་ཚོགས་ལ་སྦྱང་བརྩོན་བྱས་ཏེ་རང་རེའི་མི་མང་གི་དཔལ་འབྱོར་གནས་ཚད་གོང་མཐོར་གཏོང་རྒྱུ་འདིར་དགོས་པ་ཆེན་པོ་གཉིས་ཡོད། 
 
   དང་པོ།  རྒྱ་དམར་གུང་ཁྲན་གྱིས་བོད་ནང་སོ་ནམ་འབྲོག་ལས་བཟོ་ཚོང་སོགས་ཐོན་སྐྱེད་ཡར་རྒྱས་བཏང་སྟེ་བོད་མི་རྣམས་ལ་རང་དབང་དང་དཔལ་འབྱོར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ལུགས་དང༌། ཕྱི་རྒྱལ་རང་དབང་ཡུལ་དུ་ཕྱིན་པའི་བོད་མི་རྣམས་བཀྲེས་སྐོམ་གྱིས་ལྟོགས་རིད་འཆི་བཞིན་ཡོད་པ་དང༌། རང་དབང་མེད་པར་གཞན་གྱི་བྲན་གཡོག་བྱེད་ཀྱི་ཡོད་ལུགས་དྲིལ་བསྒྲགས་བྱེད་བཞིན་པ་རེད། ནམ་ཞིག་རྒྱལ་སྤྱིའི་ཁྲིམས་དཔོན་ནམ། གཟུར་གནས་ཀྱི་མི་རྣམས་ནས་བོད་ཀྱི་ནང་དང༌། ཕྱི་རོལ་ཏུ་གནས་པའི་བོད་མི་རྣམས་སུ་ཞིག་དཔལ་འབྱོར་བཟང་བ་དང༌། སུ་ཞིག་བདེ་སྐྱིད་ལྡན་པ། སུ་ཞིག་རང་དབང་ཆེ་བ་ཡོད་མེད་རྟོག་ཞིབ་བྱེད་ཐུབ་པའི་གོ་སྐབས་ཤར་སྲིད་ན། ང་ཚོས་རྒྱ་དམར་ལྟར་ཁ་ཚིག་སྐམ་པོ་བརྗོད་ཙམ་མིན་པར་དངོས་དོན་གྱི་གནས་སྟངས་ངོ་མའི་ཐོག་ནས་འགྲན་སྡུར་དང༌། ཐག་གཅོད་ལན་འདེབས་བྱེད་ཐུབ་རྒྱུ་ཡིན། 
   
    གཉིས་པ། ང་ཚོ་བོད་དུ་ཕྱིར་ལོག་པའི་དུས་སྐབས་སུ་ལུང་པ་སྟོང་པ་ཞིག་དང༌། ཁང་སྟོང་ཚོ་མ་གཏོགས་ལྷག་པའི་རེ་བ་མེད། གང་ཡིན་ཞེ་ན། བོད་སྤྱི་གཞུང་དང༌། སྒེར་ཁྱིམ་ཚང་མའི་ཐོན་སྐྱེད་དང༌། དཔལ་འབྱོར་ཡོངས་རྫོགས་རྒྱ་དམར་གྱིས་བཅོམ་ཟོས་བྱས་དང་བྱེད་བཞིན་པ་ཡིན་པས་ང་ཚོས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་གཞི་ནས་བྱ་དགོས། དེ་བྱེད་པ་ལ་བཟོ་ལས་གཙོ་བོར་གྱུར་པའི་ལག་རྩལ་ལས་རིགས་སྣ་ཚོགས་ལ་མཁས་པའི་བོད་མི་ཁྱེད་ཅག་ལྟ་བུ་མ་བྱུང་མཐུ་མེད་ཡིན་པས་དེ་དག་གི་གྲ་སྒྲིག་ཀྱང་རང་རེས་ད་ལྟ་ནས་བྱེད་དགོས། 
   
    ད་དུང་བུ་ཕྲུག་ཚོར་ཞུ་རྒྱུ་གཅིག་ལ། འདིར་ཡོད་སློབ་ཕྲུག་ཕལ་མོ་ཆེ་རང་རེའི་གཏན་འཇགས་སློབ་གྲྭ་ཁག་ནས་སླེབས་པ་ཡིན་གཤིས་འགའ་ཤས་ཀྱི་བསམ་པར། ང་ཚོས་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱས་ཏེ་བོད་མི་མང་གི་ཞབས་འདེགས་ཞུ་བསམ་པ་ལ་སློབ་སྦྱོང་འཕྲོ་མཚམས་བཅད་དེ་ལག་ཤེས་སློབ་གྲྭ་འདིར་བཏང་བྱུང་སྙམ་དུ་བློ་ཕམ་བྱེད་མཁན་མེད་པའི་ངེས་པ་མི་འདུག་པས། དེ་འདྲའི་བསམ་ཚུལ་འཛིན་མི་རུང༌། ང་ཚོར་མཐོ་རིམ་གྱི་སློབ་སྦྱོང་མཐར་ཕྱིན་པའི་བོད་རིགས་ལས་བྱེད་མང་པོ་ཞིག་དགོས་མཁོ་ཆེ་བ་བདེན་མོད་ཀྱང༌། ཐམས་ཅད་ཀྱིས་དམིགས་ཡུལ་གཅིག་ཁོ་ན་བཟུང་པས་ག་ལ་འགྲིགས། དཔེར་ན། ཁང་པ་ཞིག་བརྩིག་པ་ལ་ས་རྡོ་ཤིང་ལྕགས་ལ་སོགས་པའི་རྒྱུ་ཆ་འདྲ་མིན་སྣ་ཚོགས་དང༌། སྒོ་དང༌། སྒེའུ་ཁུང༌། ཐོག ཞལ་བ། རྩིག་པ་ལ་སོགས་པའི་བྱེད་ལས་སྣ་ཚོགས་ཀྱི་དངོས་པོ་ཚང་དགོས་པ་མ་གཏོགས། དངོས་པོའི་རིགས་གཅིག་གིས་མི་འགྲིགས་པ་ལྟར། ཕྱིན་ཆད་རང་རེས་ཀྱང་དཔལ་འབྱོར། བདེ་སྐྱིད་དང༌རང་དབང་ཕུན་སུམ་ཚོགས་པའི་བོད་རྒྱལ་ཁབ་འཛུགས་སྐྲུན་ལེགས་པོ་ཞིག་བྱེད་པ་ལ་ངེས་པར་དུ་ལས་རིགས་སྣ་ཚོགས་པའི་མཁས་པ་སྣ་མང་མེད་དུ་མི་རུང་བ་ལས། སྣག་ཤོག་བེད་སྤྱོད་བྱེད་མཁན་ཤ་སྟག་གིས་འགྲིགས་ཐབས་མེད། ལྷག་པར་ཁྱེད་ཚོའི་ལོ་ཚད་མཐོ་རིམ་སློབ་སྦྱོང་བྱ་རྒྱུར་ཆེས་དྲགས་པ་དང༌། བཟོ་ལས་སློབ་གྲྭ་ཛ་དྲག་དགོས་གཏུགས་ཆེ་བ་སོགས་ཕྱོགས་མང་པོར་སྒོ་བསྟུན་ནས་ཐག་གཅོད་བྱས་པ་ལས། ཁྱེད་ཚོའི་སློབ་སྦྱོང་འཕྲོ་སྐྱོང་བྱ་རྒྱུའི་གོ་སྐབས་ཆུད་ཟོས་བཏང་བ་མིན་པས་བློ་ཕམ་ཡི་ཆད་ནམ་ཡང་བྱ་མི་དགོས། རང་གི་བློ་རྩལ་དང༌། བརྩོན་འགྲུས་ཀྱིས་མ་བསླུས་ན་འདི་ཡང་བཟོ་ལས་རྐྱང་པ་མིན་པར་རིག་གཞུང་གཞན་དག་གི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཀྱང་རྒྱ་ཆེ་ཡོད་སྟབས་འཁུར་བརྩོན་དང་ལེན་བྱས་ན་འགྲིགས། 
   མདོར་ན་རང་རེའི་ཕ་ཡུལ་དུ་སུ་ཞིག་གིས་དབང་སྒྱུར་བྱེད་ཀྱི་ཡོད་པ་དང༌། རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་མནར་གཅོད་དང་སྡུག་བསྔལ་ཇི་ལྟ་བུ་མྱོང་གི་ཡོད་པ། རྒྱ་གར་གཞུང་དང༌། མི་མང༌། ཕྱི་རྒྱལ་རོགས་རམ་ཚོགས་ཁག་བཅས་རང་རེར་ཤ་ཚ་དང་བཀའ་དྲིན་ཆེན་པོ་ཅི་འདྲ་ཡིན་པ་བཅས་མ་བརྗེད་སྙིང་གི་རི་མོར་བྲིས་ཏེ་ཁྱེད་ཚོས་སློབ་སྦྱོང་ལ་ཁུར་བརྩོན་ཆེ་བསྐྱེད་བྱས་ནས་རང་རེའི་རླབས་ཆེན་གྱི་དམིགས་ཡུལ་ཁག་ལེགས་པར་འགྲུབ་པའི་འབད་བརྩོན་བྱེད་རོགས། མཇུག་ཏུ་ཡང་བསྐྱར་ཚང་མར་བཀྲ་ཤིས་བདེ་ལེགས་དང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།  །།