བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གསར་དུ་དབུ་བརྙེས་སྐབས་སྩལ་བའི་བཀའ་སློབ།

༄༅། །བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གསར་དུ་དབུ་བརྙེས་སྐབས་བུ་ཕྲུག་ང་གཅིག་ཇམ་མུ་ཁུལ་ནས་འབྱོར་བ་རྣམས་ལ་ཐུགས་བརྩེ་ཆེན་པོས་བྱིན་གྱིས་རླབས་ཕྱིར་སྩལ་བའི་བཀའ་སློབ།
(ཕྱི་ལོ་༡༩༦༠ ཕྱི་ཟླ་༥ ཚེས་ ༢༠ ཉིན)
 
བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལས་འགན་འཁུར་མཁན་དང་མ་འོངས་པའི་རེ་ཡུལ་ཆེན་པོ་ཞིག་ཡིན་པས་བསྟན་སྲིད་ལ་ཞབས་འདེགས་ཞུ་མཁན་ཡིན་བསམ་དགོས།
 
   ཕྲུ་གུ་ཚོ། ད་ལྟ་ཁྱེད་ཚོ་ཕྲུ་གུ་བསམ་ཆུང་ཞེ་གཅིག་རེད། འོན་ཀྱང་ད་ནས་ཉིན་རེ་བཞིན་ཡར་རྒྱས་འཕེལ་འགྱུར་བྱུང་སྟེ་རྗེས་སུ་བོད་མི་དྲ་མ། དར་མ་དེ་འདྲ་ཆགས་ཀྱི་རེད། ངས་ཁྱེད་ཚོ་ཕྲུ་གུ་ཐབས་ཆག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ཁྱེད་ཚོ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལས་འགན་འཁུར་མཁན་དང། མ་འོངས་པའི་རེ་ཡུལ་ཆེན་པོ་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། ཕྱིན་ཆད་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལས་འགན་ཡག་པོ་འཁུར་ཐུབ་པའི་ཆེད་དུ་ཁྱེད་ཚོས་ང་རང་ཚོ་བོད་པའི་ཡི་གེ་དང་བོད་ཀྱི་ཡོན་ཏན་ངེས་པར་ཤེས་དགོས་པ་མ་ཟད། ཧིན་དི་དང་ཨིན་ཇིའི་སྐད་ཡིག། དུས་བསྟུན་ཕྱི་རྒྱལ་གྱི་ཤེས་རིག་མཁོ་ངེས་བཅས་ཀྱང་ངེས་པར་སློབ་སྦྱོང་བྱེད་དགོས། 
 
   དེ་ནས་གལ་ཆེ་ཤོས་ཤིག་ལ་ཁྱེད་ཚོ་ཕྲུ་གུ་ཡིན་ཡང་ནང་ཁུལ་འཆམ་པོ་དང། ཕན་ཚུན་རོགས་རམ་བྱེད་རྒྱུ་དེ་གལ་གནད་ཆེན་པོ་རེད། དེ་བཞིན་ཁྱེད་ཚོས་གཙང་སྦྲ་དོད་པོ་བྱས་ནས་གཟུགས་པོ་གཙང་མ་ཆགས་པ་དང། ལུས་ལ་ན་ཚ་མ་ཕོག་པ། བདེ་ཐང་ཡོང་བ་བཅས་ལ་དུས་རྟག་ཏུ་གཟབ་གཟབ་ནན་ནན་བྱེད་དགོས། ང་ཚོ་མི་རབས་རྒན་པས་ཁྱེད་ཚོ་དྲིན་ཆུང་དུ་མ་བཏང་བར་ཁྱེད་ཚོ་ལ་རེ་བ་ཆེན་པོ་བཅོལ་གྱི་ཡོད། དེ་རྩིས་ཁྱེད་ཚོས་ང་ནི་བོད་ཀྱི་བསྟན་པ་ཆབ་སྲིད་ལ་༸ཞབས་འདེགས་ཞུ་མཁན་ཞིག་ཡིན་བསམ་པ་དགོས། དུས་ཀུན་ཏུ་བདེ་སྡུག་བཟང་ངན་གང་བྱུང་ཡང་རང་གི་སེམས་ཤུགས་རྩ་བ་ནས་མ་ཆག་པ་བྱེད་དགོས། 
   ཕྲུ་གུ་ཚོ། ཁྱེད་ཚོ་ནི་མི་རང་རེད། རྩི་ཤིང་མེ་ཏོག་གི་སྡོང་པོ་ཆུང་ཆུང་དེ་འདྲ་མ་རེད། རྩྭ་ཤིང་སོགས་ཡིན་ན་ཉི་མ་ཚ་པོ་བསྟན་དུས་ལོ་མ་ཚོ་རྙིད་འགྲོ་བ་དང། སེར་བ་དང་དྲག་ཆར་གཏོང་དུས་ལོ་མ་དང་ཡལ་ག་ཆག་ནས་འཐོར་འགྲོ་གི་རེད། ནམ་དུས་གྲང་མོ་བྱུང་དུས་སྡོང་པོ་འཁྱགས་ནས་སྐྱེ་ཐུབ་ཀྱི་མ་རེད། ཁྱེད་ཚོ་སེམས་ཅན་མི་རང་ཡིན་སྟབས་ཕྱི་དཀའ་སྡུག་ལ་སྣང་དག་གཏོང་གི་མ་རེད། ཕྱིའི་དཀའ་སྡུག་གང་བྱུང་ཡང་ནང་གི་བསམ་བློ་འགྱུར་མེད་བརྟན་པོར་སྡོད་ཐུབ་ཀྱི་རེད། 
   (༸གོང་ས་མཆོག་ནས་ཕྲུ་གུ་ཆུང་ཆུང་ཞིག་གི་མགོ་བོའི་རྨ་ལ་གཟིགས་བཞིན་)ང་རང་ཚོ་བོད་མི་ཚོར་དོན་དམ་གྱི་རྨ་ཆེན་པོ་བཟོས་ཡོད། ང་རང་ཚོ་ལ་དཀའ་ལས་ཁག་པོ་འདི་འདྲ་བཟོ་མཁན་སུ་རེད། རྒྱ་མི་དམར་པོ་རེད། རྒྱ་མི་དམར་པོས་བོད་ལ་ང་རང་ཚོའི་ཕ་མ་དང། སྤུན་རིགས་སྟོང་ཕྲག་མང་པོ་དམར་གསོད་བཏང་དང་གཏོང་བཞིན་པ་མ་ཟད། ང་རང་ཚོ་རྒྱ་གར་ལ་བྲོས་ཐར་ཁོངས་ནས་ཀྱང་ཁྱེད་ཚོ་ཕྲུ་གུ་འགའ་ཤས་ཀྱི་ཕ་མ་སོགས་བོད་མི་མང་པོ་ཤི་་་་་་་(མཚམས་འདིར་ཡུག་ཅིག་རིང་༸གོང་ས་མཆོག་གི་ཐུགས་བརྩེའི་སྤྱན་རས་སྙིང་རྗེའི་ཆབ་ཀྱིས་ཡོངས་སུ་ཁེངས་ཏེ་བཀའ་མོལ་མུ་མཐུད་གསུང་མ་ཐུབ་པ་དང། སྐུ་བཅར་རྣམ་པ་དང་རྒྱལ་ཡུམ་ཆེན་མོ། སྐུའི་གཅེན་མོ་སོགས་སྐུའི་ཉེ་སྐོར་དུ་ཡོད་པ་ཚང་མ་སྤྱན་ཆུ་ཁྲུམ་ཁྲུམ་དུ་བཞུགས་འདུག)
 
ང་ཚོའི་ད་ལྟའི་གནས་སྟངས་འདི་སེམས་གཏིང་དུ་ཉར་ནས་རུས་ཁོག་ལ་བཙའ་བརྒྱབ་ཅིང་མ་བརྗེད་པར་བྱེད་དགོས། 
 
   རྒྱ་དམར་གྱིས་ང་རང་ཚོ་བོད་མི་ཚང་མར་དཀའ་ལས་ཁག་པོ་བཟོས་པ་རེད། དེ་འདྲ་སོང་ཙང་ང་ཚོས་རྒྱ་མི་དམར་པོའི་བྱེད་སྟངས་སྡུག་པོ་འདི་སེམས་ཀྱི་གཏིང་ལ་ཉར་ནས་རུས་ཁོག་ལ་བཙའ་བརྒྱབ་ཀྱང་མ་བརྗེད་པ་བྱེད་དགོས། དེ་ཡང་ང་རང་ཚོ་ཚང་མས་ཕྱི་ནང་གི་ཡོན་ཏན་ལ་སློབ་སྦྱོང་བྱས་ཏེ་དྲང་ཞིང་བདེན་པའི་ཐོག་ནས་རྒྱ་དམར་ལ་ཁ་གཏད་གཅོག་དགོས་པ་རེད། དེ་རྩིས་ཁྱེད་ཚོས་མཉེན་ལྕུག་མྱུ་གུ་གསར་པ་ལྟ་བུར་ཉིན་སྐྱེད་ཞག་སྐྱེད་དུ་འགྲོ་བའི་དུས་ཚོད་ཆུད་ཟོས་སུ་མ་སོང་བའི་ཞེ་བརྩོན་ཆེན་པོ་བྱེད་དགོས། 
   
      བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལས་འགན་དེ་བོད་མི་ཚང་མས་འཁྱེར་དགོས་པ་ཡིན། བོད་མི་ཕོ་མོ་དང། དྲག་ཞན། གྲལ་རིམ་སོགས་ཀྱི་དབྱེ་བ་རྩ་བ་ནས་མེད། ཁྱེད་ཚོ་བུ་བུ་མོ་གང་འདྲ་ཞིག་ཡིན་ཡང་ཚང་མས་མཇུག་ལ་ང་ཚོ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལས་འགན་འཁུར་མཁན་ཞིག་ཡིན་བསམ་པའི་ངང་ནས་སློབ་སྦྱོང་བྱས་ཏེ་གོང་སྨོས་སྐོར་ལག་ལེན་བྱུང་དུས་ངའི་འདོད་པ་དེ་གས་འགྲུབ་སོང། ངས་དེ་རིང་ཁྱེད་ཚོ་ཕྲུ་གུ་ཆུང་ཆུང་ལ་སྐད་ཆ་ཆེན་པོ་ཤོད་པར་ཐལ་སོང། འོན་ཀྱང་འདི་ལ་དགོས་པ་ཡོད། ཁྱེད་ཚོ་ཕྲུ་གུ་རྒན་པས་དོན་དག་ཕལ་ཆེར་ཤེས་ཀྱི་རེད། དོན་དག་དེ་ཚོ་ཕྲུ་གུ་ཆུང་བ་ཚོར་ནང་སློབ་བྱེད་དགོས།  ཁྱེད་ཚོ་ཕ་མའི་དོན་ལ་སེམས་ཁྲལ་མ་བྱེད། ཕ་མ་ཚོས་ཀྱང་ཁྱེད་ཚོའི་འདིའི་གནས་ཚུལ་གོ་ནས་སེམས་ཁྲལ་མེད་པ། དགའ་པོ་དང་བདེ་པོ་ཡོང་ཐུབ་ཀྱི་རེད་ཅེས་གསུངས། 
 
   (བུ་རྫི་མ་མ་གཉིས་ལ་གཟིགས་ཏེ།) ཁྱོད་གཉིས་ཀྱིས་ཕྲུ་གུ་ཚོར་ཉེ་རིང་མེད་པའི་གཡོག་དང་བྱམས་སྐྱོང་བྱེད་དགོས། ལྷག་པར་གཙང་སྦྲ་འཕྲོད་བསྟེན་གང་ཟབ་བྱེད་དགོས། ཁྱེད་གཉིས་ཀྱིས་ང་རང་ཚོ་དཀའ་ལས་ཁག་པོའི་སྐབས་འདིར་དཀའ་ལས་བརྒྱབ་པར་ང་ཡང་དགའ་པོ་བྱུང། ངས་ཁྱེད་གཉིས་བརྗེད་མི་ཡོང། རྗེས་སུ་ཕྲུ་གུ་ཚོས་ཀྱང་ང་ཚོ་ཁག་པོ་འགྲོ་སྟངས་མ་ཤེས་པའི་དུས་ལ་མ་མ་ཁོང་གཉིས་ཀྱིས་བྱམས་པོ་བྱས་བྱུང་ཟེར་ཞིང་ནམ་ཡང་བརྗེད་རྒྱུ་མེད་པ་ཞིག་ཏན་ཏན་ཡོང་གི་རེད། 
     གཞི་རྩ་ཕྲུ་གུ་འདི་ཚོར་ངའི་ཨ་ལྕག་ལགས་ནས་ཐུགས་འགན་རྐང་བཞེས་ཀྱིས་འགོ་འདོན་རོགས་རམ་གནང་རྒྱུ་དང། ངས་ཀྱང་ལྟ་རྟོག་རྒྱུན་མར་བྱེད་རྒྱུ་ཡིན་པས་དེ་ལུགས་ཁྱེད་ཚོ་བློ་བདེ་པོར་སྡོད་དགོས། ཞེས་བཀའ་སློབ་སྩལ།