བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༤༨ འཁོར་བའི་དུས་དྲན་ཐོག་སྩལ་བའི་བཀའ་སློབ།།

མདུན་ངོས། / བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༤༨ འཁོར་བའི་དུས་དྲན་ཐོག་སྩལ་བའི་བཀའ་སློབ།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ ༤༨ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བླང་དོར་བཀའ་སློབ་སྩལ་བ་བཞུགས་སོ།།

དེ་རིང་འདིར་བུ་གསོ་ཁང་གི་དུས་དྲན་མཛད་སྒོའི་ཐོག་སེར་སྐྱ་མང་ཚོགས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད། དེ་བརྒྱུད་ནས་བོད་གཞིས་བྱེས་གང་ས་ནས་དོ་སྣང་བྱེད་མཁན་ཡོང་རྒྱུར་བསམས་ཏེ་ཚང་མར་ཞུ་རྒྱུ་ཞིག་ལ། བོད་ཁྱིམ་ཞེས་ཕྲུ་གུ་ཆུང་ཆུང་ལ་བདག་སྤྲོད་བྱེད་པའི་སྒྲིག་འཛུགས་འདི་ཚུགས་ནས་ལོ་བཞི་བཅུ་ཞེ་བརྒྱད་སོང་བ་དང༌། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་ལ་ཉེ་བ་འགྲོ་གི་ཡོད། མི་རིགས་གཅིག་གི་ལོ་རྒྱུས་ནས་བཤད་ན་ལོ་ལྔ་བཅུ་ཐུང་ཐུང་དང༌། མི་གཅིག་གི་མི་ཚེའི་ངོས་ནས་བཤད་ན་ལོ་ལྔ་བཅུ་ཟེར་དུས་རིང་པོ་ཡིན། ལོ་ལྔ་བཅུར་ཉེ་བ་སོང་བ་དེའི་རིང་ང་ཚོའི་མི་ཐོག་རྗེ་འགྲོ་གི་ཡོད། ང་རང་ལ་ཆ་བཞག་ན་ ༡༩༥༩ ལོར་བཙན་བྱོལ་ལ་ཡོང་དུས་བོད་ལུགས་ལྟར་ན་ལོ་ཉེར་ལྔ་དང༌། ཕྱི་ལུགས་ལྟར་ན་ལོ་ཉེར་བཞི་ཡིན། ད་ཆ་ལོ་བདུན་ཅུ་དོན་གསུམ་བརྒལ་བ་ལ་སླེབས་ཡོད། མི་ཚེའི་དུས་ཚོད་མང་ཆེ་བ་སོང་ཟིན། ང་རང་ཚོ་མི་ཉུང་ཤས་ཤིག་གི་སོ་སོའི་མི་ཚེའི་མདུན་ལམ་གསར་པ་འཚོལ་ཆེད་ང་ཚོ་བཙན་བྱོལ་བ་ཆགས་པ་མིན། ལོ་རྒྱུས་ཡོད་པའི་བོད་གངས་ཅན་ལྗོངས་ཞེས་པ་འདི་དུས་ཚོད་གཉན་འཕྲང་ཆེན་པོ་ཞིག་ལ་སླེབས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་མ་བྱས་ཐབས་མེད་ཀྱི་གནས་སྟངས་འོག་ནས་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༧ དགོང་མོ་ནོར་བུ་གླིང་ཁ་ནས་བྲོས་བྱོལ་དུ་ཡོང་བ་ཡིན། སྐབས་དེར་ཐོག་མར་ཡོང་མཁན་བོད་མི་སེར་སྐྱ་མི་དྲག་ཚོ་ཡིན། དེ་ནས་རིམ་པས་ས་མཚམས་ཁག་ནས་བོད་མི་རྒན་བྱིས་ཕོ་མོ་མང་པོ་ཞིག་སླེབས་ཡོད། ད་བར་བོད་མི་ཕལ་ཆེར་ཁྲི་བརྒྱད་དགུ་ཞིག་རྒྱ་གར་རང་དབང་ལུང་པའི་ནང་བཙན་བྱོལ་བྱས་ནས་བསྡད་ཡོད། ཡིན་ནའང་བཙན་བྱོལ་བའི་ལས་འགན་དང༌། དམིགས་ཡུལ་གཞིར་བཟུང་བའི་འོག་ནས་སེམས་ལ་དམ་བཅའི་རི་མོ་བརྟན་པོར་བཀོད་དེ་ད་ལྟ་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ཆགས་པ་རེད། དེ་ནས་ང་ཚོའི་ལས་ཀ་གལ་ཆེ་ཤོས་གཅིག་སློབ་གྲྭ་འཛུགས་རྒྱུ་འདི་བརྩིས་ཡོད། སྐབས་དེར་པ་ཏ་ནེ་ཧེ་རུ་བཞུགས་ཡོད། མ་གཞི་ངའི་སྐད་ཆ་འདི་ཁྱེད་རང་ཚོས་ཐེངས་མང་ཐོས་མྱོང་བས་ལྡབ་སྐྱོར་ལྟ་བུ་ཡིན་ཡང༌། མི་གསར་པ་ཁག་གཅིག་གིས་ཐོས་མེད། གལ་པོ་ཆེ་ལ་ནན་ཏན་ཞེས་བརྗོད་པ་བཞིན་ལྡབ་སྐྱོར་བྱས་པར་སྐྱོན་མི་འདུག་སྙམ། སྐབས་དེར་པ་ཏ་ནེ་ཧེ་རུས་ང་ཚོ་བོད་མི་བཙན་བྱོལ་བའི་ཐོག་དམིགས་བསལ་ཐུགས་འཁུར་བསྐྱེད་དེ་ང་ཚོའི་སློབ་གྲྭ་ཟུར་དུ་འཛུགས་རྒྱུ་ངེས་པ་དང༌། སློབ་གྲྭའི་སློབ་ཚན་གྱི་ཡི་གེ་དབྱིན་ཇི་དང་ཧིན་དྷི་ག་རེ་གཏན་འབེབས་བྱས་ན་དགའ་བ་དེ་དང་དེས་མཚོན་པའི་གང་ཅི་པ་ཏ་ནེ་ཧེ་རུ་རང་ལ་བཀའ་སློབ་གོ་བསྡུར་ཞུ་གི་ཡོད། དེ་དུས་ང་ཚོས་བོད་དོན་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་རྒྱུ་འགོ་བཙུགས་ཡོད་པ་དེའི་ཐད། པ་ཏ་ནེ་ཧེ་རུའི་དགོངས་པར་བོད་དོན་རྒྱལ་ཚོགས་ལ་ཞུ་རྒྱུ་དགོས་གལ་མེད་པ་དགོངས་ཀྱི་འདུག ཡིན་ནའང་ང་ཚོས་བོད་དོན་རྒྱལ་ཚོགས་ལ་ཞུས་ནས་ལམ་སང་ནུས་པ་འཐོན་པའི་རེ་བ་བྱེད་ཀྱི་མེད། བོད་དོན་འདི་འཛམ་གླིང་འདིའི་ཐོག་གནས་ཐུབ་པ་གཅིག་དང༌། མ་འོངས་པར་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོང་བའི་དོན་དུ་རྒྱལ་ཚོགས་ལ་ཞུ་རྒྱུར་ང་ཚོས་སེམས་ཐག་བཅད་ཡོད་པས་པ་ཏ་ནེ་ཧེ་རུ་ལ་ཨུ་ཚུགས་བརྒྱབ་ནས་ཞུས་པ་ཡིན། དེ་ལ་པ་ཏ་ནེ་ཧེ་རུས་མ་འོངས་པར་བོད་དོན་མུ་མཐུད་གནས་ཐབས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན། བོད་དོན་གྱི་རྩ་བའི་ཐུག་ས་ཤེས་ཡོན་ལ་རག་ལས་ཡོད་ཅེས་གསུང་བྱུང༌། དེ་ནི་བདེན་པ་རེད། ང་ཚོའི་སློབ་གྲྭ་འཛུགས་རྒྱུའི་ཐོག་པ་ཏ་ནེ་ཧེ་རུ་རང་གིས་དམིགས་བསལ་གྱི་ཐུགས་ཁུར་བཞེས་ཡོད། དེ་ནས་བཟུང་ང་ཚོས་ཤེས་ཡོན་གྱི་ཐོག་ཤུགས་གཙོ་བོ་བརྒྱབ་པ་ལས་ལྷ་ཁང་དང་དགོན་པ་གྲྭ་ཚང་རྒྱག་རྒྱུར་འབད་བརྩོན་བྱས་མེད། དེ་དག་ནི་ང་རང་ཚོར་ལོ་སྟོང་ཕྲག་བརྒྱུད་པའི་གོམས་གཤིས་ཤིག་ཡོད་པ་ཡིན་དུས་འགྲིགས་འགྲོ་གི་རེད་སྙམ། གལ་ཆེ་ཤོས་དེང་དུས་ཀྱི་ཤེས་ཡོན་གྱིས་ཕོངས་པའི་རྐྱེན་གྱིས་ང་ཚོ་རང་དབང་བྲལ་བའི་གནས་ཚུལ་འདི་བྱུང་ཡོད། དེ་ནི་འདས་པའི་གནས་ཚུལ་ལ་བསམ་བློ་བཏང་ན་ཧ་ཅང་གསལ་པོ་ཡོད། ད་ཆ་འགྱོད་པའི་གནས་ལས་མི་འདུག་ཀྱང༌། འདས་པའི་ང་ཚོའི་མི་རབས་གོང་མ་གཉིས་ཀྱི་དུས་སུ་འཛམ་གླིང་ལ་འགྱུར་བ་འགྲོ་བའི་གནས་ཚུལ་དེ་ཚོ་ང་ཚོ་བོད་པས་ཤེས་རྟོགས་དང༌། དོ་སྣང་བྱས་ཏེ་དེའི་རྗེས་ཟིན་ཐུབ་པའི་ཐབས་ཤེས་ཤིག་བྱས་ཡོད་ན། ད་ལྟའི་གནས་སྟངས་འདི་དང་མི་འདྲ་བ་ཞིག་ཡོང་རྒྱུ་ཡང༌། ང་ཚོ་བོད་པའི་དཔེ་ལ་ཡོད་པ་བཞིན་དེ་དུས་མགོ་རུལ་སྣ་བས་མ་ཚོར་བར་བསྡད་པའི་རྐྱེན་གྱིས། ད་ལྟ་ང་ཚོའི་མི་རབས་ལ་དཀའ་ངལ་འདི་འཕྲད་པ་འགྱོད་པ་སྐྱེས་ཀྱང་བྱ་ཐབས་མེད། འདས་པའི་གནས་ཚུལ་ནི་ཐ་དད་ཡིན།

དེས་ན་འབྱུང་འགྱུར་ང་ཚོས་དེང་དུས་ཀྱི་ཤེས་ཡོན་ཚད་ལོངས་པ་ཞིག་ཡོང་བ་བྱེད་པ་དང་ཆབས་ཅིག་བོད་རང་གི་མི་ལོ་སྟོང་ཕྲག་རིང་ཆོས་ད་འབྲེལ་བ་ཡོད་པའི་གོམས་གཤིས་དང༌། གཙོ་བོ་སོ་སོའི་ཡི་གེ་ལོགས་སུ་ཡོད་པ། དེ་ཡང་རང་མགོ་ཐོན་པའི་ཡི་གེ་ཞིག་ཡིན་དུས་དེ་དག་སློབ་སྦྱོང་ཚད་ལོངས་པ་ཞིག་བྱེད་དགོས། དེ་ལྟར་འདབ་ཆགས་གཤོག་པ་ཟུང་ལྡན་ཇི་བཞིན་བོད་ཕྲུག་ཚོ་དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་ང་རང་ཚོའི་གནའ་རབས་ཀྱི་བཟང་པོའི་ཤེས་ཡོན་དེ་དག་ཀྱང་ཡོད་པ་ཞིག་བྱུང་ན་བོད་མི་ཆ་ཚང་བ་ཞིག་ཆགས་པ་ཡིན། དེང་དུས་འཛམ་གླིང་གི་གནས་སྟངས་མ་ཤེས་ན་མི་ཕྱེད་ཀ་དང༌། དུས་རབས་ཉེར་གཅིག་པའི་ནང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་བྱུང་ནའང་བོད་རང་གི་གནའ་རབས་ནས་ཡོད་པའི་བཟང་པོའི་ཤེས་ཡོན་དེ་དག་མེད་ན་མི་ཕྱེད་ཀ་ཡིན། སོ་སོའི་ཤ་ཁྲག་རུས་གསུམ་བོད་མི་ཡིན་པ་ཙམ་ལས་བོད་པའི་དྲི་མའམ་བོད་པའི་ཁྱད་ཆོས་མ་ཚང་ན་བོད་པ་ཕྱེད་ཀ་ཡིན། དེར་བརྟེན་ང་ཚོའི་མི་རབས་གསར་པ་དེ་དག་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་རྗེས་ཟིན་ཐུབ་པ་ཞིག་དང༌། དུས་ཚོད་ཀྱི་འགྱུར་བ་དང་མཉམ་དུ་འགྲོ་ཐུབ་པའི་མི་རབས་ཤིག་ཡོང་ཐབས་སུ་ང་ཚོས་ཤེས་ཡོན་གྱི་རྨང་གཞི་ཚུགས་རྒྱུའི་ཐོག་ནུས་པ་གང་ཡོད་བཏོན་ནས་འབད་བརྩོན་བྱས་ཡོད། བུ་གསོ་ཁང་འདི་སྡེ་ཚན་གཅིག་ཡིན། ད་བར་ཡག་ཐག་ཆོད་བྱུང་ཡོད་པ་ད་ལྟ་ལས་བསྡོམས་ནང་བརྗོད་པ་ལྟར་ཡིན། དེ་བཞིན་ཆོས་དོན་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱི་གསུང་བཤད་ནང་གསུངས་པ་བཞིན་ད་ལྟ་བར་དུ་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། ཡིན་ནའང་ནམ་རྒྱུན་ང་རང་གི་སེམས་ཀྱི་དྲན་ཚུལ་སྔོན་མ་ནས་བཤད་པ་སྟེ་དགེ་མཚན་ལ་བསྟོད་ར་མི་གཞན་གཏོང་དུ་བཅུག ང་རང་ཚོ་སྐྱོན་གང་ལྷག་གི་འདུག་དེའི་ཐོག་བསམ་བློ་བཏང༌། དོ་སྣང་བྱས། གོ་བསྡུར་བཅས་བྱེད་དགོས་ཞེས་བརྗོད་ཡོད། ཕྱི་ལོ་ ༡༩༥༦ ལོར་ང་རང་རྒྱ་གར་ཡོང་བ་དེ་སྐབས་པ་ཏ་ནེ་ཧེ་རུ་མཉམ་དུ་བཀའ་མོལ་བྱུང་ཞིང༌། དེ་རྗེས་ཕྱི་ལོ་ ༡༩༥༧ ལོར་བོད་དུ་ཕྱིར་ལོག་བྱས་པ་དེ་ནས་བཟུང་ངོས་ནས་གོང་གི་སྲིད་བྱུས་དེ་བཟུང་བ་ཡིན། ང་གྲོ་མོར་སླེབས་པ་དང་ས་གནས་ཀྱི་བོད་རིགས་ལས་བྱེད་དང་རྒྱ་རིགས་ལས་བྱེད་བཅས་དང་མཉམ་དུ་ཚོགས་འདུ་ཚོགས་པ་དེའི་ཐོག་ངས་ང་ཚོར་བསྟོད་ར་མི་གཞན་གཏོང་དུ་བཅུག ང་རང་ཚོ་སྐྱོན་ཆ་གང་དུ་ལྷག་གི་འདུག་དེའི་ཐོག་གོ་བསྡུར་བྱེད་དགོས་ཞེས་བཤད་པ་དང༌། དེ་རྗེས་རྒྱལ་རྩེར་སླེབས་སྐབས་ཀྱང་བསམ་ཚུལ་ད་ག་རང་བཤད་པ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་རྗེས་ཀྱང་བསམ་ཚུལ་ད་ག་རང་ཡིན། ང་རང་ཚོ་ནང་ཁུལ་ཡག་ཡག་དང་གྲ་འགྲིགས་འགྲིགས་གྲུབ་འབྲས་སོན་སོན་བཤད་བསྡད་དེ་དགོས་པ་གང་ཡང་མི་འདུག སྐྱོན་ཆ་བཤད་རྒྱུ་གལ་ཆེ་བ་ཡིན།

དེ་ཙམ་དུ་མ་ཟད་ང་ཚོ་བཙན་བྱོལ་བ་ཆགས་ཏེ་སྐྱབས་མེད་དགོན་མེད་དུ་གནས་པ་འདི་ཤེས་པ་བྱེད་དགོས། ང་རང་ཚོ་གྲ་འགྲིགས་པོ་ཡོད་ཧ་ཅང་ཡག་པོ་ཡོད་བསམས་ནས་བསྡད་ན་ནམ་ཞིག་བློ་ཡུལ་ལ་མེད་པའི་དཀའ་ངལ་ཞིག་འཕྲད་ན་ཡག་པོ་གཏན་ནས་མེད། ང་ཚོའི་ལས་ཀ་དང་ཆོས་ཀྱི་ཉམས་ལེན་གང་ཡིན་ཡང་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བྱེད་དགོས་པ་ལས། ཡིན་ཤག་ཤག་དང༌། སྔ་ལམ་དེད་དེ་ཕྱིན་ན་ཡག་པོ་མེད་ལ། ཁ་ཞེ་གཉིས་མེད་ཀྱང་ཡོང་གི་མེད། དོན་ངོ་མའི་གནས་ཚུལ་གཅིག་དང་ཕྱིའི་རྣམ་འགྱུར་གཞན་ཞིག་ཡོད་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡོང་གི་མེད། ཆོས་ཕྱོགས་ཀྱི་གནས་ཚུལ་ཡིན་ནའང་ངས་ནམ་རྒྱུན་མི་རེ་རེ་བཞིན་ལ་དེ་ལྟར་བཤད་ཀྱི་ཡོད་ལ། ང་རང་གིས་ཀྱང་བསམ་བློ་དེ་ལྟར་གཏོང་གི་ཡོད། ཕྱི་འདྲ་ཆགས་པོས་ཆོ་ག་ཕྱག་ལེན་བཏོན་པ་ལས། དོན་ཤེས་པའི་ཐོག་ནས་ཆོ་ག་ཕྱག་ལེན་བཏོན་ན་ཡག་པོ་ཡོད། དོན་གང་ཡང་མ་ཤེས་པར་ཁ་འདོན་བཏོན་ནས་བསྡད་ན་དགོས་པ་གང་ཡང་མེད། ཆོས་ཕྱོགས་ཀྱི་ཐོག་ངའི་བསམ་བློ་འདི་འདྲ་ཡིན་ལ། དེ་མིན་ང་ཚོའི་ལས་ཀ་གང་དང་གང་ཡིན་ཡང་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་དེ་ལ་རན་པའི་བསམ་བློ་གཏོང་དགོས། དངོས་ཡོད་གནས་ཚུལ་ལ་དོ་སྣང་མ་བྱས་པའམ་མི་ཤེས་པ་དང༌། ཡང་ན་ཤེས་བཞིན་དུ་སྣང་མེད་ངང་གྲ་འགྲིགས་འགྲིགས་དང་ཁ་ཡམ་ཡམ་དུ་ཕྱིན་པ་ཡིན་ན། གང་མཚམས་ཤིག་ནས་དཀའ་ངལ་མི་ཟད་པ་ཞིག་འཕྲད་རྒྱུ་ཡིན་པ་དེ་ནི་ཡག་པོ་མེད། དེར་བརྟེན་ང་ཚོས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཤད་ཡོད། སེམས་ཞུམ་སྟེ་རེ་བ་བརླག་ན་ནོར་འཁྲུལ་ཡིན། ང་ཚོས་སྐྱོན་ཆའི་ཐོག་བསམ་བློ་གཏོང་དགོས།

ཤེས་ཡོན་ཐོག་ལ་ཆ་བཞག་ན་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་གཅིག་སོང་བའི་ཕྱི་ལོ་ ༡༩༦༠ ལོར་ང་ཚོས་མ་སུ་རིའི་སློབ་གྲྭ་དང་པོ་དེ་བཙུགས་པ་ཡིན། དེ་དུས་ན་གཞོན་གྲས་ལྔ་བཅུ་ལས་ཕྲུ་གུ་མང་པོ་མེད། དེ་ནས་རིམ་པས་ཌ་ལ་ཧོ་སིའི་སློབ་གྲྭ་དང་ སིམ་ལའི་སློབ་གྲྭ་ རྡོ་རྗེ་གླིང་གི་སློབ་གྲྭས་མཚོན་པའི་སློབ་གྲྭ་ཁག་དེ་དག་ཚུགས་པ་དང༌། དེ་བཞིན་གཞིས་ཆགས་ཁག་ཚང་མའི་ནང་ལ་སློབ་གྲྭ་ཚུགས་ཡོད། འགོ་སྟོད་ཀྱི་ལོ་བཅུ་ཉི་ཤུ་དེའི་རིང་ང་ཚོས་གཞིས་ཆགས་དང་སློབ་སྦྱོང་གི་རྟེན་གཞི་ཚུགས་ཐབས་ཐོག་ནུས་ཤུགས་བསྒྲིལ་ནས་ལས་ཀ་བྱས་ཡོད། དེ་ནས་ལོ་བཅོ་ལྔ་ཉི་ཤུ་སོང་བའི་མཚམས་སུ་ངོས་ནས་ད་ཆ་ང་ཚོ་གཞི་རྩ་ཨའུ་ཙི་ཚུགས་ཡོད་པས་བསམ་བློ་གང་གི་ཐོག་གཏོང་དགོས་ཤེ་ན། སློབ་སྦྱོང་ཡར་རྒྱས་ཡོང་ཐབས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། སློབ་གྲྭ་བཙུགས་པ་དེ་དག་གི་རྨང་གཞི་གང་འཚམས་ཡག་པོ་ཚུགས་ཡོད་པས། ད་ཆ་དེ་དག་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་འདུག་ཅེས་བཤད་ཡོད། དེ་བཞིན་རིམ་པས་རིགས་གཅིག་རྐང་འཛིན་ཐོན་པ་བྱེད་དགོས་པ་ལས། འཛིན་གྲྭ་བཅུ་གཉིས་དང༌། འཛིན་གྲྭ་བཅོ་ལྔ། བཅུ་དྲུག་ཐོན་པ་ཡིན་ཞེས་ལག་འཁྱེར་ཡོད་པ་ཙམ་མ་ཡིན་པར། དོན་ངོ་མའི་ཐོག་ལས་རིགས་གང་དང་གང་གི་ཐོག་ལའང་རང་རྐྱ་འཕེར་བའི་ངང་ནས་བསམ་བློ་བཏང༌། འཆར་གཞི་བཀོད། ལག་ལེན་བསྟར། དེ་འདྲ་བྱེད་ཐུབ་པའི་རིགས་གཅིག་རྐང་འཛིན་ཐོན་པ་དགོས་པ་དང༌། དེ་འདྲའི་རིགས་གཅིག་རྐང་འཛིན་གྱི་མི་བཅུ་བྱུང་ནའི་དེའི་ཚོད་ཀྱི་ནུས་པ་ཐོན་རྒྱུ་དང༌། མི་བརྒྱ་ཐམ་པ་བྱུང་ན་དེ་བས་ནུས་པ་ཆེ་བ་ཐོན་རྒྱུ་ཡིན་ཞེས་འབོད་སྐུལ་རིམ་པ་བྱས་ཡོད། དེ་ལྟར་འབོད་སྐུལ་བྱས་ནས་ད་བར་ལོ་སུམ་ཅུ་མ་ཟིན་ཙམ་སོང་ཞིང༌། ལོ་ཉི་ཤུ་རྐང་པ་ཚུགས་ཐབས་བྱས་པ་དང༌། དེ་ནས་ལོ་སུམ་ཅུ་མ་ཟིན་ཙམ་དེའི་རིང་ཡར་རྒྱས་གཏོང་རྒྱུ་དང་ཚགས་ཚུད་པོ་ཡོང་ཐབས་བྱེད་དགོས་པ་དེ་ང་ཚོས་ཡག་པོ་ཞིག་བསྒྲུབ་ཐུབ་ཨེ་ཡོད་བསམ་གྱི་འདུག

ད་ལྟ་ལས་བསྡོམས་ནང་བཤད་པ་ལྟར། ཕྲུ་གུའི་གྲངས་འབོར་ལ་ཆ་བཞག་ན་ཁྲི་ཕྲག་དང་ཁྲི་ཕྲག་ཡོད། འོན་ཀྱང་ལས་རིགས་སྡེ་ཚན་བྱེ་བྲག་པ་གཅིག་གི་ནང་རྣམ་དབྱེ་ཐོན་པའི་མི་འདི་དང་འདི་ཡོད་ཅེས་མཛུབ་མོ་འཛུགས་ས་མི་འདུག ང་རང་གི་མཐོང་ཚུལ་དཔེར་ན། རྒྱ་ནག་གི་ཤེས་ཡོན་ཐད་རིག་གནས་གསར་བརྗེ་ཟེར་བ་ལོ་བཅུ་ཕྲག་རིང་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་ཡོད། དེ་རྗེས་ཏེང་ཞའོ་ཕིང་གིས་རིམ་པས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་སྟེ་འཛམ་གླིང་ཕྱི་ལ་འབྲེལ་བ་བྱས་པ་ནས་བཟུང་སློབ་སྦྱོང་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ཏེ་ཤུགས་བརྒྱབ་ཡོད། ཕྱི་ལོ་ ༡༩༨༩ ལོ་དེ་འདྲའི་སྐབས་ནས་ཕྱི་རྒྱལ་ལ་སློབ་ཕྲུག་སློབ་སྦྱོང་བྱེད་པར་གཏོང་འགོ་ཚུགས་ཡོད། བར་སྐབས་ང་རང་ཕྱི་རྒྱལ་གྱི་སློབ་གྲྭ་ཆེ་ཁག་ལ་སྐད་ཆ་ཤོད་པར་འགྲོ་དུས་རྒྱ་མི་མཁས་དབང་རིགས་གཅིག་རྐང་འཛིན་པ་དེ་འདྲ་མང་པོ་འདུག གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གནས་ཚུལ་བྱུང་རྗེས་དང༌། རྒྱ་ནག་འཛམ་གླིང་ཕྱི་ལ་སྒོ་མོ་ཕྱེ་རྗེས་གཞི་ནས་སླེབས་པའི་སློབ་ཕྲུག་དེ་ཚོ་ད་ཆ་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་ཚོའི་ནང་གི་དགེ་རྒན་ཆེན་མོ་བ་ཆགས་ཏེ་སློབ་ཁྲིད་བྱེད་ཀྱི་འདུག མ་གཞི་རྒྱ་མི་མི་འབོར་ཆེན་པོ་རེད་མི་མང་པོ་མཐོང་རྒྱུ་འདུག ང་ཚོ་བོད་པ་རེ་ཟུང་ལས་མི་འདུག ང་ཚོ་རྗེས་སུ་ལུས་པ་དེ་ནི་འཐུས་ཤོར་ཡིན། དེ་བཞིན་ཡོངས་གྲགས་གནས་ཚུལ་ལ་བོད་ནང་ཡོད་པ་དང་རྒྱ་གར་ནང་ཡོད་པ་གཉིས་ནས་རྒྱ་གར་ནང་ཡོད་པའི་སློབ་ཕྲུག་ཚོ་བོད་ཡིག་ཕྲན་བུ་སྐྱོ་བ་ཡོད་པ་དང༌། དབྱིན་ཡིག་ཤེས་ཚད་ཀྱང་གཏོང་ཡིག་ཡག་པོ་འབྲི་ཤེས་ཀྱི་མི་འདུག་ཅེས་བརྗོད་ཀྱི་འདུག དེ་ཡང་འཐུས་ཤོར་ཡིན་པས་བསམ་བློ་ཏན་ཏན་གཏོང་དགོས། ལས་ཀ་བྱེད་མཁན་གྱིས་མ་འཇོན་པ་རེད་དམ། ཡང་ན་སློབ་ཕྲུག་སོ་སོས་མ་ཤེས་པ་ཡིན། སོ་སོས་མ་ཤེས་པ་ཡིན་ན་ཤེས་མཁན་ལ་སྐད་ཆ་དྲིས་ན་འགྲིགས་ཀྱི་རེད། ང་ཚོ་རང་དབང་ལུང་པར་བསྡད་ཡོད། བཙན་དབང་འོག་བསྡད་ཡོད་ན་འགུལ་བསྐྱོད་རྒྱག་ས་མེད། ང་ཚོ་བཙན་དབང་འོག་མེད་པས་སོ་སོས་འགུལ་བསྐྱོད་བརྒྱབ་ན་རྒྱག་སའི་གོ་སྐབས་ཡོད། དངུལ་སྤྲོད་མཁན་ནི་ཐོགས་པ་མི་འདུག ང་རང་ཚོ་འགྲིགས་བསྡད་ཡོད་བསམས་ནས་བསྡད་ན་ཉི་མ་གཅིག་འཐུས་ཤོར་ཆེན་པོ་ཞིག་གི་ཐོག་བསླེབ་རྒྱུའི་ཉེན་ཁ་མཐོང་གི་འདུག དེར་བརྟེན་འདི་ག་བོད་ཁྱིམ་ཡས་མས་ཀྱི་ལས་ཀ་བྱེད་མཁན་ཚོར་མཚོན་ན་ད་ལྟ་བར་དུ་ཡག་ཐག་ཆོད་རེད། ཡིན་ནའང་ཆོག་ཤེས་བྱེད་རྒྱུ་མེད། ཡར་རྒྱས་གང་འདྲ་བྱས་ཏེ་གཏོང་དགོས་པ་དང༌། འཐུས་ག་ནས་ཤོར་གྱི་འདུག དེ་དག་ལ་ཡིན་གཅིག་མིན་གཅིག་ཉམས་ཞིབ་བྱས། སྐྱོན་བརྗོད་མང་ཙམ་ཉན། སྐྱོན་ཆ་སེལ་ཐབས་བཅས་ཀྱི་བསམ་བློ་གཏོང་དགོས།

དེ་བཞིན་ཤེས་རིག་ལས་ཁུངས་ལ་ཆ་བཞག་ན་ཧ་ཅང་གལ་ཆེན་པོ་ཡིན། འགྲིགས་བསྡད་ཡོད་བསམ་པ་ལྟ་བུ་དང་འཆར་ཅན་གྱི་ལས་ཀ་ཁོ་ན་བྱས། སྐྱོན་གནས་མ་ཐོན་ཙམ་བྱུང་ན་འགྲིགས་ཡོད་བསམས་ཏེ་བསྡད་ན་ནོར་འཁྲུལ་ཡིན། ཆོས་ཀྱི་ཐོག་ལ་ཆ་བཞག་ནའང་སོ་སོ་ནམ་རྒྱུན་ཁ་འདོན་བྱེད་པ་འདིས་འགྲིགས་ཡོད་བསམ་ན་འགྲིགས་ཀྱི་མེད། རྒྱུད་ལ་ས་ལམ་གྱི་རྟོགས་པ་ཨེ་སྐྱེ་མི་སྐྱེ་ཨུ་ཚུགས་བརྒྱབ་ནས་བལྟ་དགོས་པ་ལས་ཉལ་བསྡད་ན་མི་འགྲིགས། སེམས་ཀྱི་ཡོན་ཏན་ལ་ཆོག་ཤེས་བྱེད་རྒྱུ་མེད། ཕྱིའི་དངོས་པོ་ལ་ཆོག་ཤེས་བྱེད་དགོས། ཆོག་ཤེས་མ་བྱས་ན་འདོད་པ་ལ་ཚིམས་དུས་མེད། དང་པོ་ནས་ཕྱིའི་དངོས་པོའི་མཐུན་རྐྱེན་ནི་ཚད་ཅན་ཞིག་ཡིན། དེར་བརྟེན་ཆོག་ཤེས་བྱས་ན་ཡག་པོ་ཡོད། ནང་བསམ་བློའི་ཆོས་འཇིག་རྟེན་གྱི་ཡོན་ཏན་ནང་དོན་རིག་པ་ཡིན་ནའང་འདྲ། ཐ་སྙད་རིག་པ་ཡིན་ནའང་འདྲ། བཟོ་རིག་པ་ཡིན་ནའང་འདྲ། གསོ་བ་རིག་པ་ཡིན་ནའང་འདྲ། གང་དང་གང་ཡིན་ཡང་མཐའ་མེད་པའི་འཕེལ་རྒྱས་འགྲོ་གི་ཡོད། དེས་ན་ནང་བསམ་བློ་དང་འབྲེལ་བའི་ཡོན་ཏན་ལ་ཆོག་ཤེས་བྱེད་རྒྱུ་མེད། མུ་མཐུད་ནས་ཡར་རྒྱས་འགྲོ་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ངས་གོང་དུ་བརྗོད་པ་བཞིན་ང་ཚོའི་གནས་སྟངས་ལ་ཆ་བཞག་ན་ང་ཚོ་ཆབ་སྲིད་ཀྱི་སྲིད་དོན་བཙན་བྱོལ་བ་ཞིག་ཆགས་ཡོད། དབྱིན་ཇིའི་ཚིག་ལ་ Political Asylum ཟེར་གྱི་ཡོད། ང་ཚོ་དམིགས་ཡུལ་གཅིག་གི་དོན་ལ་འདིར་སླེབས་པ་དང༌། བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུར་ཉེ་བ་སོང་བ་དེའི་རིང་བོད་ནང་གི་རྒྱ་ཆེའི་མི་མང་གིས་ང་ཚོར་རེ་བའི་མིག་འབུར་བལྟས་ཏེ་བློ་གཏད་རེ་བཅོལ་བྱེད་ཀྱི་འདུག ཕ་གིར་རྒྱ་ཕྱོགས་ནས་བཀག་འགོག་དམ་དྲག་བྱེད་པ་དང་དཀའ་ངལ་ཆེན་པོ་ཡོད་པར་མ་ལྟོས་པར་འདི་ཕྱོགས་ཕྲུ་གུ་ག་ཚོད་བཏང་སོང་ངམ། དེ་ནི་རེ་བ་བརྒྱབ་ནས་གཏོང་གི་ཡོད་པ་རེད། དེ་ལྟར་བློ་གཏད་རེ་བཅོལ་ཆེན་པོ་བྱེད་སྐབས་ང་ཚོ་འདི་ཕྱོགས་ནས་ཉི་མ་གང་འཁྱོལ་གྱིས་སྐད་ཆ་འདྲ་ཆགས་པོ་བཤད་པ་དང༌། སྤམ་པོ་བྱས་ནས་བསྡད་ན་འཐུས་ཤོར་ཡིན། ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད། དེ་ལྟར་ལག་ལེན་ངོ་མའི་ཐོག་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག དེར་བརྟེན་ཁྱེད་རང་ཚོ་ཤེས་ཡོན་གྱི་ཐོག་འབྲེལ་བ་ཡོད་པ་ཚང་མས་ད་ལྟ་བར་ཤེས་ཡོན་ཐོག་འཐུས་ཤོར་སོང་བ་རྣམས་བསྐྱར་ལོག་ཡོང་རྒྱུ་མེད། ནང་སྲིད་ཁོངས་གཞིས་ཆགས་ཀྱི་གནས་ཚུལ་ལྟ་བུ་ཡིན་ན། ད་ལོ་སྟོན་ཉེས་བྱུང་ཡང་ལོ་རྗེས་མ་ཁ་གསབ་ཐུབ་པའི་རེ་བ་བྱ་རྒྱུ་ཡོད། ཤེས་ཡོན་ཐད་ཟླ་བ་གཅིག་འཐུས་ཤོར་ཕྱིན་ན་དེ་ནི་འཐུས་ཤོར་ཕྱིན་པ་རང་ཡིན། མི་ཚེ་གཅིག་ལ་གནོད་ཟིན་པས་བསྐྱར་ལོག་རྒྱག་རྒྱུ་མེད། དེ་བཞིན་འཕྲོད་བསྟེན་གྱི་ལས་ཀ་ཡང་མི་ནད་པ་ཛ་དྲག་ཅན་ཞིག་ལ་འཕྲལ་མར་སྨན་བཅོས་མ་བྱས་པར་བཞག་ནས། རྗེས་སུ་སྨན་བཅོས་བྱས་ཀྱང་ནད་བཅོས་ཐུབ་ཐབས་མེད། ལས་ཀ་དུས་ཐོག་སོ་སོར་འཐུས་མ་ཤོར་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

དེ་བཞིན་ང་ཚོའི་ཆོས་བརྒྱུད་ཁག་གི་རྩ་བའི་བཤད་གྲྭ་ཧ་ཅང་ཡག་པོ་ཡོད། ད་དུང་ཡང་ཡར་རྒྱས་གཏོང་དགོས་ཞེས་ང་ཚོ་སྐད་ཆ་བྱུང༌། ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཞེས་པའི་ཚིག་གཉིས་པོ་འདིའི་ནང་ང་ཚོས་ལས་ཀ་མང་པོ་ཞིག་བྱེད་རྒྱུ་ཡོད། དེའི་ཐོག་བསམ་བློ་གཏོང་དགོས་ཞེས་སྐད་ཆ་བྱུང༌། དེ་དག་ཧ་ཅང་གལ་ཆེན་པོ་ཡིན་ཞེས་དེ་རིང་བརྗོད་འདོད་བྱུང༌།

དེ་ནས་ང་ཚོ་བོད་མི་འཛམ་གླིང་གི་ས་གནས་གང་སར་ཡོད་པ་དེ་ཚོའི་ནང་ནས་སློབ་སྦྱོང་ཐོན་པ། དཔེར་ན། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གོ་སྐབས་ཐོབ་པ་དེ་ཚོའི་གྲས་འདོན་ཡོང་དགོས་ཀྱི་འདུག་ཀྱང༌། ང་ཚོའི་ཤེས་རིག་ལས་ཁུངས་ཀྱི་འབྲེལ་བ་ཉུང་དྲགས་པའི་དབང་གིས་ཤེས་ཀྱི་མི་འདུག དེ་འདྲའི་སློབ་ཕྲུག་གང་དུ་ཡོད་པ་དང༌། ད་ལྟ་འགན་འཁྱེར་ཐུབ་མཁན་གྱི་སློབ་ཕྲུག་འདི་ཡོད་ཅེས་བསྟན་རྒྱུ་མི་འདུག དེ་ནི་ང་ཚོའི་འཐུས་ཤོར་ཡིན། དེའི་ཐད་མུ་མཐུད་འབྲེལ་བ་བྱེད་དགོས། ང་ཚོར་ལས་ཀ་འདི་འདྲ་ཞིག་ཡོད། དེའི་ནང་རིགས་གཅིག་རྐང་འཛིན་གྱི་ལས་ཀ་བྱེད་ཐུབ་མཁན་དགོས་ཀྱི་འདུག་ཅེས་བརྗོད་དུས། དེ་ལྟར་རིགས་གཅིག་རྐང་འཛིན་གྱི་ལས་ཀ་བྱེད་ཐུབ་མཁན་ས་གནས་དེ་འདྲ་ཞིག་ལ་སློབ་ཕྲུག་མིང་འདི་དང་འདི་ཞེས་བྱ་བ་ཡོད་ཅེས་ཤོད་རྒྱུ་ཡོད་པ་དགོས་ཀྱང་ཤོད་རྒྱུ་མི་འདུག དེ་ནི་འཐུས་ཤོར་ཡིན། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ཐོག་མར་བཙུགས་པའི་དམིགས་ཡུལ་ང་ཚོས་སྒྲུབ་ཐུབ་ཀྱི་ཡོད་མེད་དང༌། དོན་འཁྱོལ་ཡོང་གི་ཡོད་མེད་ལ་སོ་སོས་བསམ་བློ་བཏང་ནས་ལས་ཀ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཅེས་བརྗོད་འདོད་བྱུང༌།

དེ་ནས་རྒྱས་བཤད་བྱེད་མ་དགོས་ཀྱང་སེར་སྐྱ་མང་ཚོགས་མང་པོ་ཞིག་འདིར་འཛོམས་ཡོད། དེར་མ་ཟད་གཡས་གཡོན་ཕྱོགས་མང་པོ་ནས་དོ་སྣང་བྱེད་ཀྱི་ཡོད་སྟབས། ད་བར་ང་ཚོས་བོད་རྒྱ་འབྲེལ་བ་བྱེད་ཕྱོགས་ཀྱི་སྐོར་ཁ་སང་ཟླ་ ༩ ཚེས་ ༡༡ ཉིན་བཀའ་སྤྱི་ལྷན་རྒྱས་ལ་ད་ལྟ་བར་དུ་ང་ཚོར་བྱེད་ཕྱོགས་གཅིག་ཡོད་པ་དང༌། བར་སྐབས་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་ཡོད། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་མི་མང་གི་སེམས་ནང་ཡི་མ་རང་བའི་ན་ཚ་ཡོད་པ་དེ་དག་སྙིང་སྟོབས་ཆེན་པོའི་ཐོག་ནས་བཏོན་ཡོད། དེ་ཡང་རབ་བྱུང་ཕོ་མོ་གཅིག་པུ་མིན་པར་ལས་བྱེད་པའི་ནང་དང༌། སློབ་གྲྭ་ཚོའི་ནང༌། མདོར་ན་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལ་ཡོད་པའི་སློབ་ཕྲུག་སོགས་གང་ལྟར་བོད་རིགས་ཆོས་དད་ཡོད་མེད་དང༌། སྐྱ་སེར་རྒན་གཞོན་བཅས་ཀྱི་དབྱེ་བ་མེད་པར་ཚང་མས་སེམས་ནང་གི་ན་ཚ་ཕྱིར་བཏོན་ཡོད། དངོས་གནས་བྱས་ན་སྐབས་དེར་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་བསུབ་ཐབས་མེད་པ་དེ་ལ་གཞིགས་ཏེ་དངོས་ཡོད་གནས་ཚུལ་དང་འཚམས་པའི་ཐབས་ཤེས་ཤིག་བྱ་རྒྱུར་ང་ཚོས་རེ་བ་ཆེན་པོ་བྱས་པ་ཡིན་ཀྱང་བྱུང་མ་སོང༌། མཐའ་གཅིག་ཏུ་བོད་མིའི་སེམས་ནང་གི་འདོད་དོན་བཏོན་པ་དེ་ནག་བསུབ་གཏོང་ཆེད་ཁ་བྲལ་བ་དང༌། ཆབ་སྲིད་ཀྱི་ངོ་ལོག་པ་ཟེར་བའི་ཉེས་མིང་བཏགས་ཏེ་དྲག་གནོན་བྱེད་རྐྱང་བྱེད་པ་དེ་འདྲའི་ཐོག་ལ་ཕྱིན་སོང༌། བོད་རྒྱ་ཆེའི་མི་མང་གིས་བློས་གཏོང་ཆེན་པོ་བྱས་པ་དང༌། ཛ་དྲག་ཆེན་པོ་འདི་འདྲ་བྱུང་བ་དེ་དག་ང་ཚོས་ཤེས་མ་བྱུང་མདོག་མདོག་རི་བོང་རྡོ་བརྫུས་བྱས་ཏེ་བསྡད་པས་ལ་དག་ཐབས་མེད། དེ་འདྲ་ཡིན་དུས་ད་ལྟ་བར་དུ་ང་ཚོར་ལངས་ཕྱོགས་གཅིག་ཡོད་པ་ལྟར་གཉིས་ཕན་གྱི་ཐབས་ཤེས་བྱེད་ཀྱི་ཡོད། དེ་ལ་འཛམ་གླིང་འདིའི་ཐོག་རྒྱ་གར་གཞུང་གིས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ཡོད། ལྷག་པར་རྒྱ་མི་ཤེས་ཡོན་ཅན་ཚོའི་ནང་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བ་དེ་ནི་ང་ཚོའི་རྒྱལ་ཁ་ཡིན། དངོས་ཡོད་གནས་ཚུལ་ལ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བ་བྱ་རྒྱུ་ང་ཚོའི་རྩ་བའི་ལས་འགན་དང་དམིགས་ཡུལ་ཡིན་ཡང་འགྲུབ་མ་སོང༌། དེར་བརྟེན་ངོས་ཀྱིས་ཐོག་མར་ཡུ་རོབ་གྲོས་ཚོགས་ལ་གཏམ་བཤད་བྱེད་སྐབས་དེའི་ནང་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱེད་ཀྱི་རེད་ཅེས་བཀོད་ཡོད། དེ་ཙམ་དུ་མ་ཟད་ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་གཞུང་དང་ང་ཚོའི་བར་ཐད་ཀའི་འབྲེལ་བ་ཆད་པ་རེད། དེ་རྗེས་ང་ཚོས་མང་ཚོགས་ལ་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་བྱས་པ་དང༌། དེ་ནས་མུ་མཐུད་དེ་ད་ལྟ་བར་ང་ཚོ་ཐོག་མའི་ལངས་ཕྱོགས་ཐོག་བསྡད་ཡོད། ད་ཆ་གནས་ཚུལ་འདི་འདྲ་ཞིག་གི་ཐོག་སླེབས་ཡོང་དུས་རི་བོང་རྡོ་བརྫུས་བྱས་ཏེ་བསྡད་པས་ལ་དག་ཐབས་མེད། དེ་ནི་སྤྱི་པའི་དོན་དག་དང་བོད་མི་མང་གི་བདེ་རྩ་ཡིན་པ་ལས་ང་རང་སྒེར་གྱི་དོན་དག་མིན། དེ་འདྲ་ཡིན་དུས་བོད་སྤྱི་པའི་དོན་དག་འདི་བོད་མི་མང་གིས་བསམ་བློ་བཏང་ནས་ཐག་གཅོད་དགོས་པ་རེད། གཉིས་ནས་ང་ཚོ་ཐོག་ཐ་བར་གསུམ་ལ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་འགྲོ་གི་ཡོད་པ་ལས། རྒྱ་ནག་གུང་ཁྲན་ཏང་ལྟར་ཁ་ནས་མང་གཙོ་བཤད་ལག་ལེན་གཅིག་སྡུད་ཐོག་འགྲོ་བ་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད། དེར་བརྟེན་འགག་ལ་ཐུག་དུས་མི་མང་ལ་བསམ་ཚུལ་གང་ཡོད་པ་དེ་ལ་བསམ་བློ་བཏང༌། གོ་བསྡུར་བྱས། དེ་ཡང་ཆབ་སྲིད་ཀྱི་ཤོག་ཁ་སོ་སོའི་སྲིད་བྱུས་དང་ལྟ་བ་འཁྱེར་ནས་དེ་ཁོ་ན་སྒྲུབ་ཐབས་བྱེད་པ་དེ་འདྲ་མིན་པར། ང་ཚོ་འདིར་ཆབ་སྲིད་ཤོག་ཁའི་འཐབ་རྩོད་ཀྱི་བསམ་ཚུལ་འདྲ་མིན་བཤད་ཀྱི་མེད། ང་ཚོའི་རྩ་བའི་རྩ་དོན་ཐོག་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་བྱེད་རྒྱུ་འདི་ཡིན། དེ་ནི་ང་རང་ཚོ་བོད་མི་སྐྱ་སེར་ཚང་མས་བོད་མི་རིགས་འཚོ་གནས་ཡོང་ཐབས་བྱེད་དགོས་པ་དང༌། བོད་མི་རིགས་འཚོ་གནས་ཞེས་པ་འདི་ཡང་སྤྱིར་བཏང་འཛམ་གླིང་གི་མི་རིགས་གཞན་དང་མི་འདྲ་བར་ང་ཚོ་བོད་མི་རིགས་འཚོ་གནས་ཡག་པོ་བྱེད་ཐུབ་པ་ཞིག་བྱུང་ན། ང་ཚོར་བྱམས་པ་དང་སྙིང་རྗེ་རྩ་བར་གྱུར་པའི་གོམས་གཤིས་ཤིག་ཡོད་པ་འདི་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཡིན། དེས་ན་ང་ཚོའི་བདེན་པའི་འཐབ་རྩོད་འདི་བོད་མི་ས་ཡ་དྲུག་གཅིག་པུའི་ཁེ་ཕན་མིན། ང་ཚོར་འཛམ་གླིང་སྤྱི་ལ་ཕན་ཐོགས་གང་ཙམ་བྱེད་ཐུབ་པའི་ནུས་པ་ཞིག་ཡོད་པ་དང༌། ང་ཚོའི་བདེན་པའི་འཐབ་རྩོད་འདི་དངོས་གནས་རྒྱུ་མཚན་ལྡན་པ་ཡིན་པས། རྒྱ་མི་རིགས་ལ་མཚོན་ན་འབྱུང་འགྱུར་བོད་ཀྱི་བདེན་དོན་འཐབ་རྩོད་འདི་ཐག་གཅོད་ཡག་པོ་ཞིག་བྱུང་ན་རྒྱ་ནག་མི་མང་ས་ཡ་མང་པོར་མི་ཚེའི་མདུན་ལམ་གསར་པ་རྙེད་རྒྱུ་དང༌། མི་ཚེ་དོན་དང་ལྡན་པ། ལུས་བདེ་བ། སེམས་སྐྱིད་པ་བཅས་ཡོང་རྒྱུར་ཏན་ཏན་ང་ཚོས་ཕན་ཐོགས་བྱེད་ཐུབ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྙིང་རྗེ་རྩ་བར་གྱུར་པ་དེ་དག་རྩ་གཏོར་བཏང་སྟེ་དངོས་པོ་རྐྱང་རྐྱང་ལ་དོ་སྣང་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན། མ་འོངས་པར་རྒྱ་ནག་མི་མང་ལ་གྱོང་རག་རྒྱུ་ལས་ཕན་ཐོགས་མེད། དེར་བརྟེན་ང་ཚོའི་འཐབ་རྩོད་འདི་དངོས་གནས་རང་གཞན་ཀུན་ལ་ཕན་ཐོགས་ཡོད་པའི་འཐབ་རྩོད་ཅིག་ཡིན། བྱེད་ཐབས་གང་འདྲ་བྱས་ན་དགའ་ང་ཚོས་གོ་བསྡུར་དང༌། བསམ་བློ་བཏང་ནས་སྤྱི་པའི་དོན་དག་སྒྲུབ་ཐབས་བྱེད་དགོས། ང་དང་ཐད་ཀར་འབྲེལ་བ་ཆགས་པ་ཞིག་ལ་རྒྱ་ནག་གཞུང་གིས་འདི་ལོ་གསུམ་བཅུའི་ཟང་ཟིང་གི་གནས་ཚུལ་བྱུང་བ་དེ་ང་ཚོས་འདི་ནས་བརྒྱུད་བསྐུལ་བྱས་པ་རེད་ཅེས་བསྙོན་འཛུགས་བྱས་ཡོད། དེར་བརྟེན་འདི་སྐོར་རྩད་གཅོད་མཐིལ་ཕྱིན་པ་བྱེད་རོགས་ཞེས་སྐབས་དེར་ཡོངས་བསྒྲགས་འབོད་བསྐུལ་བྱས་པ་དང༌། དྷ་རམ་ས་ལར་མི་བཏང་ནས་ང་ཚོའི་ལས་ཁུངས་ཁག་གི་ཡིག་སྣོད་ལ་ཞིག་འཇུག་བྱས་ན་འགྲིགས་ཞེས་བརྗོད་ཡོད། དེ་བཞིན་བོད་ནས་གཉེན་འཕྲད་སོགས་སུ་ཡོང་མཁན་བོད་མི་མང་ཆེ་བ་ངས་ཐུག་གི་ཡོད་པ་དེ་སྐབས་བཤད་པའི་སྐད་ཆ་སྒྲ་འཇུག་བྱས་ཡོད། དེ་དག་ཚང་མར་ཞིབ་འཇུག་བྱས་ན་འགྲིགས། ཞེས་སྐབས་དེ་རང་ལ་འབོད་བསྐུལ་བྱས་པ་ཡིན། འོན་ཀྱང་ཞིབ་འཇུག་བྱེད་མཁན་མ་བྱུང༌། ད་ལྟ་བསྙོན་བཙུགས་ནས་བསྡད་ཡོད། གནས་ཚུལ་ལ་བལྟ་དུས་ངས་མིང་འཁྱེར་ན་ཕལ་ཆེར་བོད་དོན་དཀའ་ངལ་སེལ་རྒྱུ་ལས་ལྡོག་སྟེ་འགོག་རྐྱེན་བཟོ་མཁན་ལྟ་བུ་ཆགས་ཀྱི་འདུག བོད་སྤྱི་པའི་དོན་དག་འདི་བོད་མི་ཚོས་ཐག་གཅོད་ཀྱི་རེད། ང་འདིའི་ནང་ཇུས་གཏོགས་བྱེད་དགོས་གལ་མི་འདུག དེར་བརྟེན་ཁ་སང་ཟླ་ ༩ ཚེས་ ༡༡ ཉིན་ནས་ངས་ཐག་གཅོད་འདི་བྱས་པ་ཡིན། ངའི་ངོས་ནས་འགན་ཁྱོག་གི་མི་འདུག་ལ། འགན་ཁུར་ནས་དགོས་པ་ཡང་མཐོང་གི་མི་འདུག རྒྱ་ཕྱོགས་ནས་དྲང་པོ་དྲང་བཞག་གི་སྐད་ཆ་བཤད་པ་ཡིན་ན་ངས་འགན་འཁྱེར་ཐུབ་པ་དང༌། ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད། དེ་ནི་བསམ་པ་རྣམ་དག་ཡིན། དྲང་པོ་དྲང་བཞག་མི་བྱེད་མཁན་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ཧ་ཅང་ཁག་པོ་འདུག ངས་སྐད་ཆ་གསལ་པོ་བྱས་ཏེ་ཕྱི་རྒྱལ་གྱི་ཚགས་པར་འགོད་མཁན་མང་པོར་བཤད་ཡོད། རྒྱ་ནག་མི་མང་ལ་ཡིད་ཆེས་བརླག་མེད། འོན་ཀྱང་རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་ཆུང་དུ་འགྲོ་གི་འདུག ཁག་པོ་འདུག་ཅེས་བརྗོད་ཡོད། གནས་ཚུལ་དེ་དག་བཀའ་སྤྱི་གཉིས་ལ་ཞུས་རྗེས་ཚོགས་ཆེན་འཚོག་རྒྱུ་བྱས་པ་རེད། ད་རེས་ཚོགས་ཆེན་ཐེངས་གཅིག་ཚོགས་ནས་ལམ་སང་ཐག་གཅོད་ཐུབ་པ་ཡོང་གི་རེད་བསམ་གྱི་མི་འདུག གང་ལྟར་མི་མང་ཚོས་ཁུང་བླངས། དོ་སྣང་བྱས་ནས་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་དོན་དག་ཇི་ལྟར་བྱས་ཏེ་བསྒྲུབ་དགོས་པ་དང༌། བྱེད་ཕྱོགས་གང་འདྲ་བྱས་ན་ལེགས་པ་ཡོད། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ཁུར་མཉམ་ལེན་དང༌། རྒྱང་དེང་ཕུགས་གསུམ་གྱི་བསམ་བློ་བཏང་ནས་ང་ཚོ་གོ་བསྡུར་བྱས། དངོས་ཡོད་གནས་ཚུལ་ལ་ལྟ་གིན་ལྟ་གིན་ཐག་གཅོད་བྱེད་དགོས་པ་ལྟར་ཚོགས་འདུ་ཚོགས་རྒྱུའི་གནས་ཚུལ་དང་དམིགས་ཡུལ་དེ་ལྟར་ཡིན།

དེ་ནས་བར་ལམ་ང་གཟུགས་པོ་མ་བདེ་བ་བྱུང་བ་དེ་ནི་མཁྲིས་པའི་ནད་གཞི་རྙིང་པ་ལོ་མང་སོང་སྟེ་མཁྲིས་རྡོ་ཆགས་འདུག ཐ་མ་མཁྲིས་རྡོ་གཤགས་བཅོས་བྱས་སྟེ་བཏོན་པ་ཧ་ཅང་ཡག་པོ་བྱུང་སོང༌། དེ་ནས་བདུན་ཕྲག་གཉིས་ཙམ་སོང་སྟེ་གཟུགས་པོ་བདེ་ཐག་ཆོད་ཡོད། ཁ་སང་སྨན་ཁང་ནས་ཐོན་ཏེ་ལྡི་ལི་བོད་ཁྱིམ་ལ་ཚུར་ཡོང་དུས་མཎ་ཇུ་ཀྲི་ལའི་བོད་མི་མང་པོ་ཞིག་སླེབས་པ་ཚང་མས་ཧ་ཅང་དགའ་ཚོར་གྱི་རྣམ་འགྱུར་སྟོན་གྱི་འདུག དེ་ནི་དད་པ་དང༌། ཤ་ཚ་ཟོལ་མེད་ཀྱི་རྣམ་འགྱུར་ཡིན་པས་ཧ་ཅང་དགའ་པོ་བྱུང༌། དེ་རྗེས་དྷ་རམ་ས་ལར་འབྱོར་སྐབས་ཀྱང་ཁྱེད་རང་ཚོ་མི་མང་ཚང་མས་ཧ་ཅང་དགའ་པོ་དང་བདེ་སྡུག་མཉམ་མྱོང་གི་རྣམ་འགྱུར་བསྟན་པར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་བཞིན་རྒྱ་གར་ནང་བཙན་བྱོལ་བོད་མི་གནས་ཡུལ་གང་ས་ནས་ཞབས་བརྟན་སྒྲུབ་པ་དང༌། སྨོན་ལམ་རྒྱག་པ་སོགས་མང་པོ་ཞིག་བྱས་འདུག གཞིས་ལུས་རྒྱ་ཆེའི་བོད་མི་མང་ནས་ཀྱང་དེ་དེ་བཞིན་བྱས་ཏེ་ང་ན་ནས་སྨན་ཁང་ལ་སྨན་བཅོས་བྱེད་ཀྱི་ཡོད་པ་གོ་དུས་སེམས་ཁྲལ་དང་དོ་སྣང་གིས་གང་ཡོང་བྱས་ཡོད་འདུག དེ་ལྟར་ཁྱེད་རང་ཚོ་ཚང་མས་སེམས་ཁུར་བླངས་པར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་ཙམ་དུ་མ་ཟད་ང་ཚོའི་ངོ་ཤེས་གྲོགས་པོ་རྒྱ་གར་ནང་ཡོད་པ་དང༌། ཕྱི་རྒྱལ་ཁག་ལ་ཡོད་པ་མང་པོས་སེམས་ཁུར་དང་དོ་སྣང་ཆེན་པོ་བྱས་པ་དེ་དག་ལའང་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ད་ཆ་ནད་རྙིང་དྲག་སྐྱེད་ཀྱིས་གཟུགས་པོ་རིམ་པས་གསོ་ཐབས་བྱ་རྒྱུ་ལས། གཞན་བདེ་ཐང་ཡིན་པས་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ཏེ་སྡོད་རོགས་ཞེས་བརྗོད་རྒྱུ་ཡིན།

མཐའ་དོན་གོང་དུ་ཞུས་པ་བཞིན་ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྙིང་ལ་རུས་པ་བཅུག་ནས་ཨུ་ཚུགས་རྒྱག་དགོས་པའི་དུས་ལ་སླེབས་ཡོད། ང་ཚོའི་འཐབ་རྩོད་འདི་བདེན་དོན་ཡིན་པས་འཚེ་མེད་ཞི་བའི་ལམ་ལ་འགྲོ་རྒྱུ་རྒྱུ་མཚན་ལྡན་པར་བརྟེན་ང་ཚོར་སྙིང་སྟོབས་དང་སྤོབས་པ་ཡོད། རྒྱ་ནག་གུང་ཁྲན་གཞུང་ལ་བདེན་དོན་མེད་སྟབས་དྲག་གནོན་བྱེད་རྒྱུ་ལས་གཞན་གྱི་རྒྱུ་མཚན་ཤོད་རྒྱུ་མེད། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་དགོས་དུས་མུར་མཛོག་བསྒོང་སྟེ་སྐད་བརྒྱབ་པས་ཕན་ཐོགས་མེད། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བར་བྱེད་པ་ལ་ཤེས་བྱ་ཡོན་ཏན་དགོས་པ་ཡིན། ཤེས་བྱ་ཡོན་ཏན་དེ་ཡང་ང་རང་ཚོའི་གནའ་བོའི་རིག་གཞུང་གི་བྱམས་སྙིང་རྗེ་དང༌། སྟོང་ཉིད་ཀྱི་ལྟ་བ་སོགས་ཀྱིས་མི་འགྲིགས་པར་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་དགོས་པ་སྟེ། དེང་དུས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང༌། རྒྱལ་སྤྱིའི་འགྲོ་སྟངས། དེ་བཞིན་རྒྱལ་རབས་ལོ་རྒྱུས་སོགས་ཆ་ཚང་ཤེས་པའི་ཐོག་ནས་བདེན་དོན་རྩོད་དགོས་སྟབས། ཡོན་ཏན་སྣ་མང་ཡོད་དགོས་པ་ལས། ལྷག་བསམ་གཅིག་པུས་བདེན་པ་བདེན་ཐོག་ལ་འཁྱོལ་བ་བྱེད་ཁག་པོ་ཡིན། དེས་ན་ཤེས་བྱ་ཡོན་ཏན་ལ་དོ་སྣང་བྱ་རྒྱུ་འདི་ང་ཚོའི་སྲོག་རྩ་ལ་ཐུག་ཡོད། མི་སྒེར་ཞིག་གི་མི་ཚེ་སྐྱེལ་བ་ལ་ཤེས་བྱ་ཡོན་ཏན་དགོས་ལ། སྤྱི་ཚོགས་ཤིག་གི་དོན་ལའང་ཤེས་བྱ་ཡོན་ཏན་དགོས། ལྷག་པར་མི་རིགས་གཅིག་གི་འཐབ་རྩོད་ལ་དེ་བས་ཤེས་བྱ་ཡོན་ཏན་དགོས་པ་དང༌། འཛམ་གླིང་སྤྱི་ལའང་ཤེས་བྱ་ཡོན་ཏན་དགོས་པ་ཡིན། འཛམ་གླིང་འདིར་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེའི་ནང་གི་མི་ཉམ་ཐག་དབུལ་པོ་དངུལ་མེད་པ་རྣམས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་འཐུས་ཤོར་སོང་བ། དེས་རྐྱེན་པས་ལུང་པའི་ནང་ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་དང་རང་དབང་གི་ཐོབ་ཐང་གཅིག་པ་ཡོད་ཀྱང༌། ལག་ལེན་ངོ་མའི་ཐོག་ཤེས་ཡོན་དང་དཔལ་འབྱོར་ཁོད་མ་སྙོམས་པའི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེར་བརྟེན་འཛམ་གླིང་སྤྱི་ལའང་ཤེས་བྱ་ཡོན་ཏན་ཞེས་པ་ཧ་ཅང་གལ་ཆེན་པོ་ཡིན། ཤེས་བྱ་ཡོན་ཏན་དེ་ཡང་ཕྱིའི་དངོས་པོ་དང་འབྲེལ་བའི་ཤེས་བྱ་ཡོན་ཏན་གཅིག་པུས་མི་འགྲིགས་པར་ནང་བསམ་བློ་ཞི་དུལ་དང་འབྲེལ་བའི་ཤེས་བྱ་ཡོན་ཏན་ཞིག་བྱུང་ན་དངོས་གནས་རང་སྐྱིད་པ། རོགས་སྐྱིད་པ། འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ་བཅས་ཡོང་རྒྱུ་ཡིན། དེ་དག་ཁྱེད་རང་ཚོ་ཚང་མའི་སེམས་ལ་ཞོག་དགོས། བཀྲ་ཤིས་བདེ་ལེགས་ཐུགས་རྗེ་ཆེ། ཞེས་བཀའ་སྩལ།། །།