རང་གི་རིག་གཞུང་ལ་དོ་སྣང་།

མདུན་ངོས། / རང་གི་རིག་གཞུང་ལ་དོ་སྣང་།

༄༅། །སྤྱིར་བཏང་རིག་གཞུང་ཞེས་པ། བཟོ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔ་བཅས་ཀྱི་དགོངས་དོན་རྟོགས་པར་བྱ་བའི་གནས་ཐམས་ཅད་ལ་གོ་བའམ། ཁྱབ་པ་ལྟ་བུ་ཡིན། 


      སྔར་གྱི་བཀའ་དྲིན་ཅན་གྱི་ཆོས་རྒྱལ་གོང་མ་ཚོས། བོད་བོད་ཡུལ་ན་སྐྱིད།  རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་གསུང་པ་བཞིན། བོད་དང་རྒྱ་གཉིས་བསྲེས་ཀྱང་འདྲེས་མི་ཐུབ་པ་དེ་ག་རེ་བྱས་ནས་བྱུང་བ་རེད་དམ་ཞེ་ན། དེ་ནི་རང་རང་གི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་དང་། སྐད་ཡིག  རིག་གཞུང་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་དེས་ཁ་གྲགས་ཀྱི་ཡོད། ང་ཚོ་བོད་པའི་གོམས་གཤིས་གཙོ་བོར་གྱུར་པའིི་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་སྲུང་སྐྱོབ་བྱེད་པའི་བསྟི་གནས་མང་པོ་ཞིག་བཙུགས་ཡོད། དེ་ཚོ་ནི་ང་ཚོའི་བྱས་རྗེས་ཆེན་པོ་ཡིན། ད་ཕན་ང་ཚོས་གཞན་གྱི་ལུང་པའི་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གང་ལ་གང་འཚམས་ཀྱི་གྲུབ་འབྲས་ཐོན་ཡོད། བོད་མི་གཞོན་སྐྱེས་ཚོའི་ནང་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ་རིགས་གཅིག་རྐང་འཛིན་གྱི་མཁས་པ་ཐོན་པ་ཞིག་ངེས་པར་བྱེད་དགོས།

   ང་ཚོ་གཞན་གྱི་ལུང་པའི་ནང་བོད་མི་ཁེ་གཙང་གི་གཞིས་ཆགས་དང་། སློབ་གྲྭ་ཁག་བཙུགས་པའི་ལས་གཞི་དེ་ཚོ་རྩ་བའི་དམིགས་ཡུལ་བོད་མི་རིགས་སྲུང་སྐྱོབ་བྱེད་རྒྱུ་དང་།   མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ།  བོད་ཀྱི་བདེན་དོན་སྲུང་སྐྱོབ་བྱེད་རྒྱུ་བཅས་ཡིན། སྤྱིར་འཛམ་བུའི་གླིང་ཐོག་ཡོད་པའི་ཤེས་བྱ་མཐའ་དག་ལ་དོ་སྣང་གིས་ཤེས་པ་བྱེད་དགོས་ངེས་དང་།  ཡང་སྒོས་བོད་པ་རང་ཉིད་ཀྱི་རིག་གཞུང་ལ་རིགས་གཅིག་རྐང་འཛིན་བྱས་ནས་ཕྱིན་ཆད་གྲུབ་འབྲས་གཟེངས་སུ་ཐོན་པ་དང་། བྱས་རྗེས་འཇོག་ཐུབ་མཁན་དེ་འདྲ་ཐོན་པ་བྱེད་དགོས།

   རིག་གཞུང་སྲུང་སྐྱོབ་ཟེར་བ་ནི་སོ་སོའི་གཤིས་རྒྱུད་ལ་རིག་གཞུང་དེ་ཚང་དགོས་པའམ། གཤིས་རྒྱུད་ལ་འཇགས་དགོས་པ་དེ་ཡིན།  གཤིས་རྒྱུད་ལ་ཡོད་པའི་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པ་ཡིན།  རིག་གཞུང་སྲུང་སྐྱོབ་ནི་དཔེ་དེབ་མཆོད་གཤམ་ནང་བསྒྲིགས་ཏེ་རྩ་བ་ཆེན་པོར་བརྩིས་པའི་དོན་རྩ་བ་ནས་མིན། བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་མི་རང་ཉིད་སྨོས་ཅི། འཛམ་གླིང་གི་མི་རིགས་སྤྱི་ལའང་གང་ལ་གང་འཚམས་ཀྱི་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་ལྡན་ཡོད།  དེ་ལྟར་ཞབས་འདེགས་སྒྲུབ་ཐུབ་དང་མི་ཐུབ་དེ་ནི་ང་རང་ཚོ་མི་ལ་རག་ལས་ཡོད།

   ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་འདི་ཕན་ཐོགས་མེད་བཞིན་དུ་རྨོངས་ཞེན་ལྐུགས་པ་ཨུ་ཚུགས་ཀྱིས་རྩ་བ་ཆེན་པོར་རྩིས་པ་ཞིག་གཏན་ནས་མིན། ང་ཚོ་བོད་པའི་ཆོས་དང་རིག་གཞུང་ནི་སོ་སོའི་ཉིན་རེ་ཉིན་རེའི་མི་ཚེ་སྐྱེལ་སྐབས་ཕན་ཐོགས་ཡོད་པ་ང་ཚོ་བཙན་བྱོལ་གནས་སྐབས་སུ་ཉམས་མྱོང་གསལ་བོ་བྱུང་།  གཞོན་སྐྱེས་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོབ་པ་དེས་བོད་ཀྱི་སྤྱི་དོན་ལ་ཕན་ཐོགས་བྱུང་ཡོད། དེས་སོ་སིའི་རིག་གཞུང་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས།  མི་རབས་རྒན་པ་ཚོ་རྫོགས་གིན་རྫོགས་གིན་ལ་མི་རབས་གཞོན་པ་ཚོས་དེའི་རྒྱུན་མཐུད་དེ་སྲུང་སྐྱོབ་དར་སྤེལ་མ་བྱས་ན། གཞན་གྱིས་སྲུང་སྐྱོབ་དར་སྤེལ་བྱེད་མཁན་ཁག་པོ་ཡིན།
________________________________________
<<བཀའ་སློབ་སྙིང་གི་ནོར་བུ།>>ལས་བཤུས།