རང་བྱུང་སྣོད་ཀྱི་འཇིག་རྟེན་ལ་སྲུང་སྐྱོབ་དགོས་པ།

༅། །ང་ཚོས་ཤེས་གསལ་ལྟར། འགྲོ་བ་མིའི་ཁྱད་ནོར་རྣམས་ལ་རྩི་སྲུང་མི་བྱེད་པའི་མིའི་བྱ་སྤྱོད་ཀྱིས་འཛམ་གླིང་ས་སྟེང་གི་ཞི་བདེ་དང་སྲོག་ཆགས་རྣམས་རྒྱུན་གནས་མི་ཐུབ་པའི་ཉེན་ཁ་བཟོ་བཞིན་ཡོད། རང་བྱུང་གི་བཀོད་པ་དང༌། དེ་དག་གི་བདག་འབྲས་བཅུད་ནོར་རྣམས་ཀྱི་གཏོར་བཅོམ་ནི། མི་ཤེས་པ་དང༌། འདོད་རྔམས། སྲོག་ཆགས་ལ་བརྩི་མཐོང་མེད་པ་བཅས་ལས་བྱུང་བ་ཡིན། གཞན་ལ་བརྩི་མཐོང་མེད་པའི་གཤིས་སྤྱོད་འདི་འགྲོ་བ་མིའི་རིགས་ནས་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པས། གལ་ཏེ་འཛམ་གླིང་གི་ཞི་བདེ་ཞེས་པ་དེ་དངོས་བདེན་གྱི་གནས་ཚུལ་ཞིག་ཏུ་མ་གྱུར་པ་དང༌། རང་བྱུང་ཁམས་གཏོར་བཅོམ་གྱི་གོམ་བགྲོད་དེ་འདི་མུར་གནས་ན། འབྱུང་འགྱུར་གྱི་མི་རབསརྣམས་ནས་ཉམས་རྒུད་རྒྱ་ཆེར་སོང་ཟིན་པའི་གླིང་སྣོད་ཅིག་ལ་བརྒྱུད་འཛིན་བདག་དབང་བྱ་དགོས་སུ་འགྱུར་ངེས་ཡིན། རང་རེའི་ཕ་མེས་རྣམས་ནས་འཛམ་གླིང་འདི་ནོར་བཅུད་ཀྱིས་ཕྱུག་ཅིང༌།  དགོས་འདོད་འཛད་མེད་འཇོ་བ་ཞིག་ཏུ་མྱོང་ཚོར་བྱུང་ཡོད། འདས་པའི་དུས་སུ་སྐྱེ་བོ་མང་པོ་ཞིག་ནས་རང་བྱུང་ཁམས་ཀྱི་དངོས་པོ་རྣམས་ལ་ཇི་ཙམ་ལོངས་སྤྱད་ཀྱང། འཛད་མཐའ་མེད་པའི་རང་བཞིན་ཞིག་ཏུ་གནས་པ་མཐོང་གི་ཡོད།

  ད་ཆ་རང་བྱུང་ཁམས་ལ་བདག་སྤྲོད་གཅེས་སྐྱོང་ལེགས་པར་མ་བྱས་ན་དེ་ལྟར་གནས་མི་ཐུབཔ་ང་ཚོས་ཤེས་གསལ་རེད། མི་ཤེས་པའི་དབང་གིས་ད་ཕན་གཏོར་བཅོམ་བྱུང་ཟིན་རྣམས་ལ་བྱ་ཐབས་བྲལ་ཡང༌། ད་ཆ་ང་ཚོས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད་པར་བརྟེན། ཡ་རབས་བཟང་སྤྱོད་ལ་བརྒྱུད་འཛིན་བདག་སྤྲོད་ཡོད་མེད་དང་། རང་ཐོག་ལ་འགན་འཁྲི་གང་ཞིག་བབ་ཡོད་མེད། མི་རབས་རྗེས་མར་གང་འདྲ་ཞིག་བརྒྱུད་སྤྲོད་དགོས་མིན་བཅས་ལ་ང་ཚོས་སླར་ཡང་བསམ་གཞིག་ནན་ཏན་བྱ་རྒྱུ་གལ་ཆེན་པོ་ཡིན། ད་ལྟའི་མི་རབས་འདི་འགྱུར་འགྲོས་ཀྱི་ས་མཚམས་ཤིག་ཏུ་གནས་ཡོད། དེང་སང་འཛམ་གླིང་ཡོངས་སུ་ཕན་ཚུན་ཤེས་རྟོགས་རྒྱ་ཆེར་བྱེད་ཐུབ་ཀྱི་ཡོད་པ་ལྟར་ཞི་བདེའི་ཆེད་དོན་ལྡན་གྱི་བགྲོ་གླེང་ལས་ཁ་གཏད་གདོང་གཏུགས་ཀྱི་ལས་འགུལ་དེ་མང་བ་ཡོང་བཞིན་པ་རེད། འཛམ་གླིང་གི་ས་ཁུལ་ཁ་ཤས་སུ་མིའི་རིགས་ལྟོགས་ཤི་ཐེབས་པ་དང༌། སྲོག་ཆགས་གཞན་གྱི་རིགས་རྩ་སྟོངས་སུ་འགྲོ་བ་བཅས་ཀྱིས་མཚོན། དེང་དུས་ཀྱི་རྐྱེན་ངན་མང་པོ་འདི་དག་གིས་རྨད་དུ་བྱུང་བའི་ཚན་རིག་དང༌། འཕྲུལ་རིག་གི་དགེ་མཚན་བཟང་པོ་རྣམས་གལ་ཏེ་ཟིལ་གྱིས་མནན་ནའང༌། དེ་མཉམ་འགྲནབཟོད་པ་ལྟ་བུར་གྱུར་ཡོད། ཕྱིའི་མཁའ་དབྱིངས་ལ་ཉམས་ཞིབ་མང་པོ་བྱེད་བཞིན་པ་ཡིན་ན་ཡང༌། ས་སྟེང་གི་རྒྱ་མཚོ་རྣམས་དང༌། མཚོ་ཆེན་ཁག ཆུ་གཙང་ཡོད་སའི་ས་ཁུལ་རྣམས་དུག་རྫས་ངན་པའི་རླབས་ཀྱིས་ཆེས་ཆེར་བསླད་ཅིང༌། དེ་དག་ཏུ་གནས་འཆའ་བའི་སྲོག་ཆགས་རྣམས་ཀྱི་ཐད་ལ་ད་དུང་མི་ཤེས་པའི་ལོག་སྒྲུབ་རྒྱ་ཆེར་བྱེད་བཞིན་ཡོད། གླིང་འདིའི་སེམས་ཅན་གནས་ཡུལ་དང༌། དེར་གནས་པའི་སེམས་ཅན་རྣམས་དང༌། རྩི་ཤིང་རིགས་དང༌། འབུ་སྲིན་རིགས་དང༌། ཐ་ན་ཤིན་ཏུ་ཆེས་ཕྲ་བའི་སྲོག་ཆགས་རིགས་ད་ཆ་ང་ཚོས་དཀོན་པོར་ཤེས་པ་རྣམས་འབྱུང་འགྱུར་མི་རབས་རྣམས་ཀྱིས་གཏན་ནས་མི་ཤེས་པར་འགྱུར་ཉེན་ཡོད། དེའི་ཐད་ལ་ང་ཚོར་འགན་ཁུར་འཁྲི་ཡོད། ང་ཚོས་ཕྱིས་མ་དྲགས་གོང་ནས་ལག་ལེན་གྱི་བྱ་བ་ངེས་པར་བརྩམ་དགོས་ངེས་ཡིན།། །།