༧གོང་ས་མཆོག་གིས་ཚན་རིག་ལས་གཞིའི་ཐད་ལ་གནང་པའི་བཀའ་སློབ།

༄༅།  །ནང་པའི་ལམ་བུར་ཞུགས་པ་ལ་གཞི་རྩའི་ཆ་ནས་ངོས་འཛིན་དགོས་པའི་རྣམ་པ་གསུམ་ཡོད།  དང་པོ་དེ་གཞིའི་བདེན་པ་དང༌། གཞིའི་བདེན་པ་འདི་གཞི་ལ་བཞག་ནས་ཆོས་ཉམས་ལེན་བྱེད་ཚུལ་གྱི་ལམ་གང་ཞིག་ཇི་ལྟར་རང་ལུགས་སུ་བསྟེན་མིན་དང༌། དེ་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པའི་འབྲས་བུ་བཅས་རེད།
 
    དེས་ན། ངའི་བསམ་པར་གནད་དོན་དང་པོ་དེ་ཕྱིའི་དངོས་པོ་དང་ནང་སེམས་གཉིས་ཀྱི་གནས་ལུགས་ངོ་མ་ཇི་ཡིན་ཞེས་བདེན་དོན་བརྩད་གཅོད་པ་ཞིག་རེད། དེང་རབས་ཚན་རིག་གིས་ཐབས་ལམ་དང་ཡོ་ཆས་བྱེ་བྲག་པ་མང་པོ་ཞིག་ལ་བསྟེན་ནས་དངོས་པོའི་བདེན་དོན་འཚོལ་བཞིན་ཡོད་ལ། ནང་པ་སངས་རྒྱས་པ་ཚོས་ཀྱང་རང་ཉིད་ཀྱི་ཐབས་ལམ་བྱེ་བྲག་པ་རེར་བསྟེན་ནས་གནས་ཚུལ་འདིར་དཔྱད་ཞིབ་བྱེད་ཀྱིན་ཡོད། དེས་ན་བདེན་པ་དེ་ཕྱིའི་རྡུལ་གྱི་བདེན་པའམ་ནང་སེམས་དང་ཚོར་བའི་བདེན་པ་གང་ཡིན་ཀྱང་རུང༌། མཐར་ཐུག་གི་དམིགས་ས་ནི་བདེན་པའི་རང་བཞིན་དེ་རེད། དེ་དང་འབྲེལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་གྱི་དངོས་པོའི་གནས་ལུགས་མཐར་ཐུག་སྟོང་པ་ཉིད་ཅེས་པ་དེ་བཤད་ཀྱིན་ཡོད། ངའི་བསམ་པར་སྟོང་པ་ཉིད་ཀྱི་ལྟ་བའི་བདེན་དོན་དེར་དགེ་ཕན་ཆེན་པོ་འདུག དེ་ལ་བརྟེན་ནས་ང་ཚོས་ཆོས་རྣམས་ཐམས་ཅད་ཕན་ཚུན་བརྟེན་ནས་འབྱུང་བའི་གནས་ལུགས་ཀྱི་གཏན་སྲོལ་འདི་ངོས་འཛིན་བྱེད་ཐུབ་ཀྱིན་ཡོད། དེར་བརྟེན། ནང་ཆོས་དང་དེང་རབས་ཚན་རིག་གཉིས་དབར་གྱི་བགྲོ་གླེང་ངམ་མཉམ་འབྲེལ་འདི་གོང་དུ་བཤད་པའི་ཁྱད་ཆོས་གསུམ་པོ་དེའི་ནང་གི་དང་པོ་སྟེ། གཞིའི་བདེན་པའམ་རང་བྱུང་གི་གཏན་ཁྲིམས་འདི་གཞི་རྩར་བཞག་ནས་ཡོད། གཞི་རྩ་འདི་བདེན་དོན་འཚོལ་ཞིབ་བྱེད་པར་འོས་འཚམས་ཆེ་ཤོས་དེ་ཡིན།
 
   དེ་ནས་ནང་པར་ཆ་མཚོན་ན། བདེན་དོན་དེར་ངེས་ཤེས་གང་འཚམས་ཤིག་རྙེད་པའི་རྗེས་ལ་གོ་རྟོགས་འདི་བེད་སྤྱོད་ཀྱིས་འགྱུར་བ་ཞིག་ཇི་ལྟར་གཏོང་མིན་དང༌། ང་ཚོས་བདེན་པའི་གཤིས་ལུགས་དེ་མཐོང་ནས་ཁེ་ཕན་ཞིག་ཇི་ལྟར་འཐོབ་ཐུབ་མིན་སོགས་རེད། འདི་བདག་གིས་འདིའི་གོང་ལ་བཤད་པའི་ཁྱད་ཆོས་གཉིས་པ་དེ་རེད།
དེས་ན་སྡེ་ཚན་གཅིག་དེ་ནི་རིགས་པའི་གཞུང་ལུགས་རྐྱང་པ་དང༌། བརྟག་དཔྱད་རྐྱང་པ་ཡིན་པ་དང༌། འདིའི་ཐད་གནའ་བོའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ཕྱིའི་དངོས་པོར་ཞིབ་འཇུག་བྱས་ཚད་དེ་འདེང་ངེས་མེད་པར་མ་ཟད་རིགས་གཅིག་ནི་ཧ་ལམ་རྣམ་རྟོག་ལྟ་བུ་རཻད་འདུག སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ང་ཚོར་རང་ངོས་ནས་བརྟག་དཔྱད་དང་དཔྱད་ཞིབ་བྱེད་དགོས་པར་བཀའ་གནང་ཡོད་པས། ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ལུང་ཚིག་རེ་རེར་འཐམ་ནས་འགྲོ་མི་དགོས།
 
   ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ཡང་དེ་ནི་སྔོན་ཆད་བྱུང་མ་མྱོང་བ་དེ་འདྲ་ཞིག་མིན་ཏེ། ནཱ་ལེན་ཌའི་མཁས་ཆེན་དམ་པ་ཚོས་ང་ཚོར་བསམ་བློ་གཏོང་སྟངས་དང་བརྟག་དཔྱད་བྱེད་སྟངས་ཀྱི་ཐབས་ལམ་ངེས་ཅན་ཞིག་བཞག་ཡོད་པ་དེ་རེད།
 
   དོན་དངོས་སུ་དེང་གི་ཆར་ཡང་ང་ཚོའི་དགོན་སྡེ་ཁག་གི་ནང་ཆོས་སློབ་གཉེར་གྱི་རིམ་པའི་ནང་དུ་ཕྱི་རོལ་བའི་ལྟ་གྲུབ་ཁག་ཀྱང་གཤིབ་བསྡུར་གྱི་ཆེད་དུ་ཁ་སྣོན་བྱས་ནས་ཡོད་པ་དེ་རེད། དེས་ན་ང་ཚོས་ནང་ཆོས་སློབ་གཉེར་དེ་ནང་པའི་ལྟ་གྲུབ་གཅིག་པུའི་ཐོག་ཚད་བཟུང་ནས་བསྡད་ན་མི་འགྲིག་པ་གསལ་པོ་རེད། གཅིག་བྱས་ན་ང་ཚོའི་མཁས་པ་རྒན་རབས་པ་ཁ་ཅིག་གིས་ངའི་ལྟ་ཚུལ་འདིར་མོས་མཐུན་མི་གནང་བར་སྲིད་མོད། འོན་ཀྱང་ང་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་ཞིག་ཡོད་པས་༌། (བཞད་མོ་དང་བཅས།)
དཔལ་ནཱ་ལེན་ཌའི་ཆོས་རྒྱུད་གཞི་ལ་བཞག་ནས་བཤད་ན། ང་ཚོས་རང་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱིས་དེང་རབས་ཀྱི་ཆོས་ལུགས་དང་ཚན་རིག་གིས་མཚོན་པའི་ཤེས་བྱ་གཞན་ལ་རང་དབང་ལྡན་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཆོག་པ་རེད། དམིགས་བསལ་གྱིས་དེང་རབས་ཚན་རིག་ལྟ་བུར་ཆ་མཚོན་ན། དེར་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཡོད་པའི་གནས་ཚུལ་གསར་པ་དེ་འདྲ་ཡོད་པས་དེར་ང་ཚོས་ངེས་པར་ཏུ་ཁས་ལེན་བྱེད་དགོས་པ་རེད། ང་ཚོས་ངེས་པར་ཏུ་ནང་པ་སངས་རྒྱས་པའི་རང་བྱུང་ཁམས་ཀྱི་གོ་རྟོགས་དང་དེང་རབས་ཚན་རིག་གི་གོ་རྟོགས་གཉིས་མཉམ་དུ་གཤིབ་བསྡུར་བྱེད་དགོས།  དེ་བཞིན་དུ། ངའི་བསམ་པར་ཚན་རིག་གིས་ཀྱང་ནང་པ་སངས་རྒྱས་པའི་གཞུང་ནས་གསུངས་པའི་རྣམ་ཤེས་དང་མྱོང་ཚོར་སོགས་སེམས་ཀྱི་རང་བཞིན་སྐོར་བཤད་པ་དེ་དག་ལ་དོ་སྣང་བྱས་ན་ཁེ་ཕན་ཆེན་པོ་ཡོད་པར་སྙམ།
    ད་ལྟའི་བར་དུ་ང་ཚོས་དེང་རབས་ཚན་རིག་ངོ་སྤྲོད་བྱེད་ཆེད་དགོན་སྡེ་ཁག་ནས་སློབ་ཕྲུག་བདམས་སྒྲུག་བྱས་ཏེ་ཟབ་སྦྱོང་ཞིག་སྤྲོད་བཞིན་པ་རེད།  ཡིན་ན་ཡང་དེ་ཙམ་གྱིས་འཐུས་ཀྱི་མེད། ད་ཆ་ང་ཚོས་དགོན་སྡེ་དང་བཙུན་དགོན་ཁག་ཏུ་དེང་རབས་ཀྱི་སློབ་ཚན་སྤྱི་དང་དམིགས་བསལ་གྱིས་དེང་རབས་ཚན་རིག་འདི་རྒྱུན་སྤྱོད་ཀྱི་སློབ་ཚན་དུ་གཏན་འབེབ་བྱེད་དགོས། དེའི་ཆེད་དུ་ང་ཚོར་རང་ཁོངས་ནས་བོད་སྐད་ཐོག་ཚན་རིག་སློབ་ཐུབ་མཁན་གྱི་དགེ་རྒན་དགོས་ཀྱིན་ཡོད། ཡིན་ན་ཡང་ངའི་བསམ་པར་དགོན་སྡེ་ཁག་ཚང་མར་འདི་ལྟར་ལམ་སེང་ཚན་རིག་ངོ་སྤྲོད་ཀྱི་སློབ་ཚན་གཏན་འབེབ་བྱ་རྒྱུ་ཡང་དཀའ་བས། དེའི་ཚབ་ཏུ་སྔོན་ཚུད་ནས་བདམས་སྒྲུག་བྱས་པའི་སློབ་ཕྲུག་དེ་ཚོར་ཚན་རིག་གི་ཤེས་ཚད་ངེས་ཅན་ཞིག་མ་ལོན་པའི་དབར་མུ་མཐུད་ནས་སློབ་སྦྱོང་སྤྲད་པ་ཡིན་ན། དེ་ནས་རིམ་བཞིན་ང་ཚོས་དགོན་སྡེ་ཁག་སོ་སོར་ཚན་རིག་གི་སློབ་ཚན་དེ་སློབ་གཉེར་གྱི་ཆ་ཤས་ལྟ་བུར་ངོ་སྤྲོད་བྱ་ཆོག་གི་རེད་སྙམ།
 
     སྤྱི་ལོ་༢༠༠༦ ཟླ་༧ ཚེས་༣༡ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་དང་ཨེ་མོ་རིའི་མཐོ་སློབ་ཀྱི་ཚན་རིག་སྡེ་ཁག་དབར་དུ་ལས་གཞི་འདིར་མཉམ་ལས་བྱ་རྒྱུའི་གྲོས་ཆོད་བྱུང་རྗེས་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་ནས་ལས་འཆར་སྙན་ཞུ་ཕུལ་སྐབས་སུ་བསྩལ་པའི་བཀའ་སློབ་ལས་ཟུར་འདོན་བྱས།