འབར་གས་ཆེན་མོ་དང༌། ཐོག་མ་མེད་པའི་ནང་པའི་འཇིག་རྟེན།

མདུན་ངོས། / འབར་གས་ཆེན་མོ་དང༌། ཐོག་མ་མེད་པའི་ནང་པའི་འཇིག་རྟེན།

༄༅། །དྭངས་པའི་མཚན་མོ་ཞིག་ལ་གྲངས་ལས་འདས་པའི་སྐར་ཚོགས་ཀྱིས་འོད་འཚེར་འཚེར་བྱེད་པའི་ནམ་མཁའ་ལ་བལྟས་ནས་ཡ་མཚར་བའི་ཚོར་འདུ་ཞིག་སྐྱེས་མ་མྱོང་མཁན་སུ་ཞིག་མཆིས། འཇིག་རྟེན་འདི་ལ་སྟངས་འཛིན་བྱེད་པའི་བློ་ལྡན་ཞིག་ཡོད་མེད་ལ་བསམ་བློ་བཏང་མ་མྱོང་མཁན་སུ་ཞིག་ཡོད། ང་ཚོ་སུས་འཛམ་གླིང་འདི་སྲོག་ལྡན་རྣམས་འཚོ་ཐུབ་པའི་རྒྱུ་སྐར་གཅིག་པུ་དེ་ཡིན་ནམ་ཞེས་རང་ཉིད་ལ་དྲིས་མ་མྱོང༌། ང་རང་གི་བསམ་པར་དྲི་བ་འདི་དག་ནི་འགྲོ་བ་མིའི་སེམས་ལ་རང་བཞིན་གྱིས་འཆར་བ་ཞིག་རེད། འགྲོ་བ་མིའི་དཔལ་ཡོན་གྱི་ལོ་རྒྱུས་འགོ་ཚུགས་པ་ནས་བཟུང་དྲི་བ་འདི་དག་ལ་ལན་འཚོལ་བའི་ལྷན་སྐྱེས་ཀྱི་འདུན་པ་ངེས་ཅན་ཞིག་འཆར་ཅན་དུ་མཆིས། དེང་རབས་ཚན་རིག་གི་འབྲས་བུ་རླབས་ཆེན་ཞིག་ནི་འཇིག་རྟེན་གྱི་ཐོག་མའི་འབྱུང་རྐྱེན་དང༌། རྙོག་འཛིང་ཆེ་བའི་དེའི་བརྒྱུད་རིམ་སོགས་རྟོགས་པར་ང་ཚོ་སྔར་ལས་ཐག་ཉེ་རུ་བཏང་བ་འདི་ཡིན།

 

གནའ་བོའི་རིག་གཞུང་གང་མང་ཞིག་དང་གཅིག་མཚུངས་ཀྱིས་བོད་ལའང་སྐར་རྩིས་རིག་པ་ཟབ་མོ་ཞིག་ཡོད། དེའི་གྲུབ་ཆ་མང་པོ་ཞིག་དེང་རབས་ཀྱི་ཚན་རིག་གི་གནམ་དཔྱད་རིག་པའི་ཁོངས་སུ་འཇུག་ཆོག མིག་རྗེན་པར་སྣང་ཐུབ་པའི་སྐར་མ་མང་ཆེ་བར་བོད་པས་མིང་བཏགས་ཡོད་པ་དང༌། དོན་ངོ་མར་བོད་པ་དང་རྒྱ་གར་བ་རྣམས་ཀྱིས་གནའ་སྔ་མོ་ཞིག་ནས་རང་ཉིད་ཀྱི་གནམ་དཔྱད་རིག་པའི་ཞིབ་འཇུག་གཞིར་བཞག་ནས་ཉི་འཛིན་དང་ཟླ་འཛིན་སོགས་སྔོན་དཔག་འཁྲུལ་མེད་ཅིག་བྱས་ཡོད། ལོ་ན་ཆུང་བའི་སྐབས་སུ་ངས་བོད་ནང་དུ་མཚན་མོ་མང་པོ་ཞིག་ལ་རྒྱང་ཤེལ་བརྒྱུད་ནས་ནམ་མཁའི་སྐར་ཚོགས་ལ་བལྟས་ནས་དེ་དག་གི་མིང་དང་གཟུགས་དབྱིབས་སྦྱངས་མྱོང༌།

 

ལྡི་ལི་ནང་གི་སྦེ་ལ་ཉི་མའི་ཁྱིམ་རྒྱུད་ཀྱི་དཔེ་གཟུགས་ཁང་དུ་གནམ་དཔྱད་ཞིབ་ལྟ་ཁང་ངོ་མ་ཞིག་ལ་ལྟ་སྐོར་དུ་སོང་བས་ང་ལ་དགའ་བ་ཇི་ལྟར་སྐྱེས་པ་དེ་ངས་ད་དུང་ཡང་དྲན་གྱི་འདུག ༡༩༧༣ ལོར་ནུབ་ཕྱོགས་སུ་ཐོག་མར་ལྟ་སྐོར་དུ་འགྲོ་སྐབས་དབྱིན་ཇིའི་སློབ་གྲྭ་ཆེན་མོ་ཁམ་འབི་རད་རྗི་༼Cambridge༽ཀྱི་ཆོས་ལུགས་སྡེ་ཁག་དང་འགན་འཛིན་ལྷན་ཚོགས་ལ་གཏམ་བཤད་ཅིག་བྱེད་པར་ང་རང་མགྲོན་འབོད་བྱས་སོང༌། དེར་གཙོ་འཛིན་གཞོན་པས་ངས་ཆེད་དུ་བྱེད་འདོད་པ་ཅི་ཞིག་ཡོད་དམ་ཞེས་སྐད་ཆ་དྲིས་སྐབས། ངས་ཚམ་ཚོམ་མེད་པར་གནམ་དཔྱད་རིག་པའི་སྡེ་ཁག་ཏུ་ཡོད་པའི་སྐད་གྲགས་ཆེ་བའི་འོད་རླབས་ཀྱི་རྒྱང་ཤེལ་དེར་ལྟ་འདོད་ཡོད་ཅེས་ལན་བཏབ་པ་ཡིན།

 

དྷ་རམ་ས་ལར་སེམས་དང་ཚེ་སྲོག་གི་ཚོགས་འདུ་ཞིག་གི་སྟེང་ཕི་རིན་སི་ཏྲོན་༼Princeton༽ནང་གི་ཆེས་མཐོའི་སློབ་གཉེར་ཁང་ནས་ཡིན་པའི་གནམ་དཔྱད་དངོས་ཁམས་རིག་པ་བ་ཕེའི་ཏྲི་༼Piet Hut༽ཡིས། དགུ་ཚིགས་ཕན་ཚུན་གདོང་ཐུག་བརྒྱབས་ནས་འཇིག་རྟེན་ཁམས་ཆེན་པོའི་བྱུང་བ་རྣམས་རིམ་གྱིས་འབྱུང་ཚུལ་གྱི་རྣམ་དཔྱད་རིག་པའི་དཔེ་མཚོན་དེ་གློག་ཀླད་ཀྱི་གཟུགས་རིས་ཐོག་ནས་ང་ཚོར་བསྟན་སོང༌། དེ་ནི་དོན་ངོ་མའི་ཡིད་དབང་འཕྲོག་པའི་ལྟད་མོ་ཞིག་རེད། འཇིག་རྟེན་གྱི་འབར་གས་ཆེན་མོ་དེ་བྱུང་མ་ཐག་ཏུ་རྐྱེན་ངེས་ཅན་ཞིག་ཚང་ཡོད་པ་གཞིར་བཞག་གི་ཐོག་ནས་འཇིག་རྟེན་འདི་རིམ་གྱིས་འཇིག་རྟེན་ཁམས་ཆེན་པོའི་རྩ་བའི་ཆོས་ཉིད་ཅིག་ལ་བརྟེན་ནས་བྱུང་བ་བློ་ལ་འཆར་སྒོམ་བྱེད་པར་གློག་ཀླད་ཀྱི་གཟུགས་རིས་དེ་ལྟ་བུ་ཕན་ཐོགས་ཆེན་པོ་འདུག ཕེའི་ཏྲིའི་གཟུགས་རིས་ཀྱི་ངོ་སྤྲོད་དེ་རྫོགས་རྗེས་ང་ཚོས་གྲོས་བསྡུར་ཁ་ཞེ་གཉིས་མེད་ཅིག་བྱས། ཚོགས་འདུ་དེར་ཞུགས་མི་གཞན་གཉིས་ཏེ་ཀྲེ་ཝད་ཏྲི་དང་འཇོད་རྗི་༼David Finkelstein and George Greenstein༽གཉིས་ཀྱིས་རྒྱ་སྐྱེད་བཞིན་པའི་འཇིག་རྟེན་གྱི་སྣང་ཚུལ་དེ་ཨ་ལོང་ཡོད་པའི་འགྱིག་ཐག་འགའ་བེད་སྤྱོད་བྱས་ནས་གསལ་བཤད་བྱས་ཤིང༌། ངས་འདི་གསལ་པོར་དྲན་པའི་རྒྱུ་མཚན་ཞིག་ནི་ང་དང་ངའི་སྐད་སྒྱུར་གཉིས་ཀྱིས་དཔེ་སྟོན་འདི་བརྒྱུད་ནས་རྒྱ་སྐྱེད་བཞིན་པའི་འཇིག་རྟེན་དེ་བློ་ལ་འཆར་མ་ཐུབ་པར་དཀའ་ངལ་གང་འཚམ་ཞིག་འཕྲད། དེ་ནས་ཚོགས་འདུ་དེར་ཞུགས་ཡོད་པའི་ཚན་རིག་པ་ཚང་མས་འགྲེལ་བཤད་དེ་གོ་སླ་རུ་གཏོང་བར་འབད་བརྩོན་བྱས་ཀྱང༌། ང་ཚོ་སྔར་ལས་ཀྱང་མགོ་འཐོམས།

 

དངོས་ཁམས་ཀྱི་ཚན་རིག་གཞན་དག་དང་འདྲ་བར་དེང་རབས་ཀྱི་འཇིག་རྟེན་གྲུབ་ཚུལ་རིག་པའི་རྨང་གཞི་ཡང་ཨ་ཡིམ་སི་ཐམ་གྱི་ལྟོས་གྲུབ་ཀྱི་རྣམ་གཞག་རེད། འཇིག་རྟེན་གྲུབ་ཚུལ་རིག་པ་འདིའི་ནང་གནམ་དཔྱད་རིག་པའི་ཞིབ་འཇུག་གི་འབྲས་བུ། འཐེན་ཤུགས་ནི་བར་སྣང་དང་དུས་གཉིས་ཀའི་གུག་ཆ་ཞིག་ཏུ་ལྟ་བའི་ཐུན་མོང་གི་ལྟོས་གྲུབ་ཀྱི་རྣམ་གཞག་དང་སྦྱར་བ་དེས། ད་ལྟའི་ང་ཚོའི་འཇིག་རྟེན་གྱི་རྣམ་པ་ནི་རྟག་པ་ཞིག་མིན་པ་དང༌། དེ་བཞིན་འགུལ་མེད་དུ་གནས་པ་ཡང་མིན་པར་བསྟན། ང་ཚོའི་འཇིག་རྟེན་ནི་མུ་མཐུད་ནས་འཕེལ་འགྱུར་དང་རྒྱ་བསྐྱེད་བྱེད་ཀྱི་ཡོད། ཚན་རིག་གི་འཚོལ་ཞིབ་ཀྱི་འབྲས་བུ་དེ་རྣམས་གནའ་བོའི་ནང་པའི་འཇིག་རྟེན་གྲུབ་ཚུལ་རིག་པ་སྨྲ་བ་རྣམས་ཀྱི་རྩ་བའི་འཆར་རྟོགས་དང་མཐུན། ཁོང་ཚོས་འཇིག་རྟེན་གྱི་ཁམས་བྱེ་བྲག་པ་གང་ཞིག་ཡིན་རུང་དང་པོ་གྲུབ་པ་དང་རྒྱ་བསྐྱེད་ནས་མཐར་འཇིག་པའི་བརྒྱུད་རིམ་གྱི་དབང་དུ་འགྲོ་དགོས་པར་འདོད། ཚན་རིག་གི་འཇིག་རྟེན་གྲུབ་ཚུལ་རིག་པའི་ནང་དུ་དུས་རབས་ཉི་ཤུ་པའི་མགོ་སྟོད་ཅིག་ལ་ཨ་ལར་ཁི་ཛམ་ཌར་༼Alexander Friedmann༽གྱི་རྣམ་གཞག་གི་སྔོན་དཔག་དང་ཡེ་ཏྲེ་ཝུན་༼Edwin Hubble༽གྱི་ཞིབ་ཚགས་པའི་མངོན་སུམ་གྱི་ཞིབ་ལྟ་སྟེ། དཔེར་ན། ཐག་ཉེ་ལ་ཡོད་པའི་དགུ་ཚིགས་ལས་ཐག་རིང་གི་དགུ་ཚིགས་ཀྱིས་འབྱིན་པའི་འོད་ཟེར་ནང་གི་འགྱུར་འགྲོས་དམར་པོ་ཆེན་པོ་དེར་ཚད་འཇལ་བྱེད་ཐུབ་པ་བཅས་ཀྱིས། ང་ཚོའི་འཇིག་རྟེན་ནི་གུག་གུག་དང་རྒྱ་སྐྱེད་བཞིན་པ་ཡིད་ཆེས་འཕེར་བའི་གསལ་བཤད་བྱས།

 

རྒྱ་བསྐྱེད་བྱེད་བཞིན་པའི་ལས་འདི་ནི་འཇིག་རྟེན་ཁམས་ཀྱི་འབར་གས་ཆེན་མོ་ཟེར་བ་དེའི་ནང་དུ་ཐོག་མར་བྱུང་བར་བདེན་པར་འཛིན། སྐད་གྲགས་ཆེ་བའི་འབར་གས་ཆེན་མོ་དེ་ནི་ལོ་ངོ་དུང་ཕྱུར་ ༡༢༠ ནས་ ༡༥༠༼12 to 15 billion༽ཡི་ཡར་སྔོན་ཞིག་ལ་བྱུང་བར་འདོད། འབར་གས་ཆེན་མོ་བྱུང་ནས་སྐར་ཆ་འགའ་ཤས་ཤིག་གི་རྗེས་ལ་ཚ་གྲང་མར་འགྲིབས་ནས་རྫས་འགྱུར་གྱི་འགྱུར་ལྡོག་བྱུང་བའི་ཁྲོད་རྫས་ཡང་བ་རྣམས་ཀྱི་ཚུ་གུ་གྲུབ་འགོ་ཚུགས། དུས་ཡུན་རིང་པོའི་རྗེས་སུ་ཚུ་གུ་དེ་དག་ལས་འཇིག་རྟེན་ཁམས་ཀྱི་དངོས་གཟུགས་ཐམས་ཅད་གྲུབ་པར་འཇིག་རྟེན་གྲུབ་ཚུལ་རིག་པ་སྨྲ་བ་ཕལ་ཆེ་བས་ཡིད་ཆེས་བྱེད། འདི་ལྟར་བེམ་པོ་དང་ཚ་ཟེར་ལས་གྲུབ་པའི་མེའི་གོང་བུ་དེ་ལས་མངོན་སུམ་གྱི་མྱོང་ཡུལ་དུ་གྱུར་པའི་བར་སྣང་དང༌། དུས། དངོས་གཟུགས། ནུས་ཤུགས་སོགས་བྱུང༌། ལོ་རབས་དྲུག་ཅུ་པའི་ནང་ལ་འཇིག་རྟེན་གྱི་ཆ་ཡོངས་སུ་རྒྱབ་ལྗོངས་ཀྱི་རླབས་རྒྱུན་ཆུང་བའི་ཚ་ཟེར་ཁྱབ་ཡོད་པ་གསར་དུ་རྙེད་པ་དང༌། དེ་ནི་འབར་གས་ཆེན་མོའི་བྲག་ཆའམ་མེ་སྟག་ལྟ་བུ་ལ་ངོས་འཛིན་བྱས་ཡོད། རྒྱབ་ལྗོངས་ཀྱི་རླབས་རྒྱུན་ཆུང་བའི་ཚ་ཟེར་འདིའི་འོད་རིམ་དང༌། འཁྱོག་འགྲོས། བར་སྣང་གི་ཁྱབ་བརྡལ་བཅས་ལ་ཚད་འཇལ་ཞིབ་ཚགས་པོར་བྱས་པ་དེས། མ་མཐའ་ཡང་རྩ་བའི་ཆ་ནས་བཤད་ན་འཇིག་རྟེན་གྱི་ཐོག་མའི་བྱུང་རིམ་གྱི་ད་ལྟའི་དཔེ་མཚོན་འདིར་རྒྱབ་རྟེན་གསལ་པོ་བྱས།

 

རྒྱབ་ལྗོངས་ཀྱི་རླབས་རྒྱུན་ཆུང་བའི་ཚ་ཟེར་གྱི་སྒྲ་འདི་སྟེས་དབང་གིས་མ་རྙེད་བར་དུ། ཡུན་རིང་ཞིག་ལ་ཚན་རིག་གི་འཇིག་རྟེན་གྲུབ་ཚུལ་རིག་པའི་ནང་དུ་གྲུབ་མཐའ་སྟོབས་ཤུགས་ཆེན་པོ་གཉིས་ཀྱི་བར་ལ་རྩོད་གླེང་བྱུང༌། འགའ་ཤས་ཤིག་གིས་ངང་ཚུལ་བརྟན་པོའི་རྣམ་གཞག་གཞིར་བཟུང་གི་ཐོག་ནས་འཇིག་རྟེན་རྒྱ་སྐྱེད་བཞིན་པ་དེར་ལྟ་ཚུལ་བཟུང༌། དེ་ཡང་རྒྱུན་གཏན་པའི་དངོས་ཁམས་ཀྱི་ཆོས་ཉིད་རྣམས་འཇུག་བཞིན་དུ་འཇིག་རྟེན་འདི་མགྱོགས་ཚད་འགྱུར་མེད་ཅིག་གི་ངང་ནས་དུས་རྟག་ཏུ་རྒྱ་བསྐྱེད་བྱེད་བཞིན་པའི་འདོད་ཚུལ་འདི་ཡིན། དེ་ལས་ལྡོག་སྟེ། ཚན་རིག་པ་སྐོར་གཞན་ཞིག་གིས་འཇིག་རྟེན་གྱི་འཕེལ་འགྱུར་ནི་འཇིག་རྟེན་ཁམས་ཀྱི་འབར་གས་ཤིག་ལས་བྱུང་བར་འདོད། ངའི་གོ་ཐོས་ལ། ཧཕི་རད་ཏྲི་༼Fred Hoyle༽ལྟ་བུ་དེང་རབས་ཀྱི་འཇིག་རྟེན་གྲུབ་ཚུལ་རིག་པའི་མཁས་དབང་ཆེན་པོ་དུ་མ་ཡང་ངང་ཚུལ་བརྟན་པོའི་རྣམ་གཞག་འདི་རྐང་འཛིན་བྱེད་མཁན་རེད། དོན་ངོ་མར་ངའི་མི་རབས་འདིའི་མགོ་སྟོད་དུ་རྣམ་གཞག་འདི་ང་ཚོའི་འཇིག་རྟེན་གྱི་ཐོག་མའི་བྱུང་བའི་སྐོར་ལ་ཡོད་པའི་ཚན་རིག་གི་ལྟ་ཚུལ་གཙོ་བོ་དེ་ཡིན། དེང་སྐབས་འཇིག་རྟེན་གྲུབ་ཚུལ་རིག་པ་སྨྲ་བ་ཕལ་ཆེ་བས་རྒྱབ་ལྗོངས་ཀྱི་རླབས་རྒྱུན་ཆུང་བའི་ཚ་ཟེར་གྱི་སྒྲ་དེས། འབར་གས་ཆེན་མོའི་རྣམ་གཞག་འདི་ལ་ཚད་མ་ལྡན་པའི་དཔེ་སྟོན་མཐའ་གཅིག་ཏུ་བྱས་ཡོད་པའི་ཡིད་ཆེས་བྱེད་པར་སྣང༌། འདི་ནི་ཚན་རིག་གི་མཐར་ཐུག་གི་ཞིབ་འཇུག་ནང་དུ་མངོན་སུམ་གྱི་བདེན་དཔང་ནི་ཆེས་མཐའ་མའི་བདེན་དོན་མཚོན་བྱེད་ཡིན་པའི་དཔེ་མཚོན་ངོ་མཚར་ཅན་ཞིག་ཡིན། མ་མཐའ་ཡང་ལྟ་བའི་ཆ་ནས་བཤད་ན་ནང་པའི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ཡང་ཁྱད་ཆོས་འདི་ལྡན། མངོན་སུམ་གྱི་བདེན་དཔང་ལ་བསྙོན་ན་གྲོས་བསྡུར་ཞིག་གི་ནང་རྩོད་སྒྲུབ་དྲང་པོ་ཞིག་བྱེད་པའི་ཆ་རྐྱེན་རང་ཉིད་ལ་ཚང་མེད་པ་ནང་པའི་གཞུང་དུ་གསུངས།

 

བོད་དུ་ནང་ཆོས་མ་དར་བའི་སྔ་རོལ་ཏུ་འཇིག་རྟེན་གྲུབ་ཚུལ་གྱི་སྐོར་ལ་བོན་ཆོས་ལས་བྱུང་བའི་ལྷ་སྒྲུང་འདྲ་མིན་ཞིག་ཡོད། ལྷ་སྒྲུང་དེ་དག་གི་བརྗོད་གཞི་གཙོ་བོ་ཞིག་ནི་ཟང་ཟིང་ལས་གོ་རིམ་དང༌། མུན་པ་ལས་སྣང་བ། མཚན་མོ་ལས་ཉིན་མོ། སྟོང་པ་ལས་གནས་པ་བསྐྲུན་པ་འདི་ཡིན། ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་གིས་ནུས་པ་ཁོ་ནར་བརྟེན་ནས། ལས་འདི་དག་ལ་རྐྱེན་བྱས་ཏེ་ཆོས་ཐམས་ཅད་གསར་གཏོད་བྱས། ལྷ་སྒྲུང་ཁག་གཞན་ཞིག་གིས་ང་ཚོའི་འཇིག་རྟེན་འདི་འཇིག་རྟེན་ཁམས་ཆེན་པོའི་སྒོ་ང་ཞིག་ལས་སྐྱེས་ཤིང་འཚོ་བཞིན་པའི་སྐྱེ་ལྡན་གྱི་ཕུང་པོ་ཞིག་ཡིན་པར་བཤད། ཆོས་དང་མཚན་ཉིད་རིག་པའི་གཞུང་ལུགས་ཀྱིས་ཕྱུག་པའི་གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་ཁག་གི་ནང་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་མི་མཐུན་པ་གང་མང་བྱུང་ཞིང༌། སྔ་མོའི་གྲངས་ཅན་པའི་སྤྱི་གཙོ་བོའི་རྣམ་གཞག་གིས་ང་ཚོའི་འཇིག་རྟེན་གྱི་ཐོག་མ་དང་དེའི་ནང་གི་ཚེ་སྲོག་ནི། གཞི་རུ་གནས་ཤིང་རང་རྐྱ་ཐུབ་པའི་གྲུབ་གཞི་ཞིག་གི་མཚོན་བྱེད་ཡིན་པར་བརྗོད། བྱེ་བྲག་པའི་རྡུལ་གྱི་རྣམ་གཞག་གིས་རང་རྐྱ་ཐུབ་པའི་རྩ་བའི་གྲུབ་རྫས་གཅིག་པུ་དེའི་ཚབ་ལ་ཆ་ཆུང་དུ་བགོ་མི་ཐུབ་པའི་རྡུལ་ཕྲ་རབ་མང་པོ་ཞིག་བཞག་ནས་དེ་རྣམས་དངོས་ཡོད་གནས་ལུགས་ཀྱི་རྩ་བའི་གྲུབ་ཆ་རུ་འདོད། དེ་བཞིན་ལྷ་ཚངས་པའམ་དབང་ཕྱུག་ནི་འཇིག་རྟེན་བཀོད་པ་པོར་འདོད་པའི་རྣམ་གཞག་འདྲ་མིན་བྱུང༌། ཕྱོགས་གཅིག་ཏུ་ལྷུང་བའི་དངོས་གཙོ་སྨྲ་བ་རྒྱང་འཕེན་པའི་ལུགས་ལ་དགོས་དམིགས་སྟོང་ཞིང་ཐོལ་བྱུང་དུ་གྲུབ་པའི་བེམ་པོ་ལས་འཇིག་རྟེན་གྱི་འཕེལ་འགྱུར་བྱུང་བ་དང༌། སེམས་དང་སེམས་བྱུང་ཐམས་ཅད་ཀྱང་བེམ་པོའི་ཆོས་རྣམས་འདུ་ཚོགས་བྱས་པ་ལས་གྲུབ། འདོད་ཚུལ་མཐའ་མ་འདི་ནི་སེམས་དབང་རྩ་དང་སྐྱེ་དངོས་རྫས་འགྱུར་གྱི་དངོས་ཡོད་གནས་ལུགས་ལ་ཁུངས་གཏུགས་པ་དང༌། འདི་གཉིས་དངོས་ཁམས་ཀྱི་ནུས་རྩོལ་ལ་ཐུག་པར་འདོད་པའི་ཚན་རིག་གི་དངོས་གཙོ་སྨྲ་བའི་གྲུབ་མཐའ་དང་མི་མཚུངས་པ་ཞིག་མིན། གྲུབ་མཐའ་དེ་དག་ལས་ལྡོག་སྟེ་ནང་པས། ཆོས་ཐམས་ཅད་ཀྱི་ཐོག་མ་དང་གནས་གཞི་གང་ཡིན་རུང་ཕན་ཚུན་ལ་བརྟེན་པའི་རྒྱུ་དང་རྐྱེན་གྱི་དྲ་རྒྱ་ཞིག་ལ་བརྟེན་ནས་འབྱུང་བ་རྒྱུ་མཚན་དུ་བཞག་ནས། འཇིག་རྟེན་གྱི་འཕེལ་འགྱུར་དེ་ཡང་རྟེན་འབྱུང་གི་ཆོས་ཉིད་གཞི་ལ་བཟུང་ནས་འགྲེལ་བཤད་བྱས། རྟེན་འབྱུང་གི་ཆོས་ཉིད་འདི་ནི་ཤེས་པ་དང་བེམ་པོ་གཉིས་ཀར་འཇུག

 

སྔ་མོའི་གསུང་རབ་རྣམས་གཞིར་བཞག་ནས་བཤད་ན། འཇིག་རྟེན་གྱི་ཐོག་མའི་སྐོར་ལ་བཀོད་པའི་དྲི་བ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐད་ཀར་ལན་ཅི་ཡང་མཛད་མེད། ཡོངས་གྲགས་ཀྱི་དཔེ་ཞིག་གི་ནང་སངས་རྒྱས་ཀྱིས་དྲི་བ་འདི་འདྲ་འགོད་མཁན་གྱི་གང་ཟག་དེ་དུག་ལྡན་གྱི་མདས་རྨས་པའི་མི་ཞིག་དང་མཚུངས་པར་གསུངས། གཤག་བཅོས་སྨན་པ་ལ་མདའ་དེ་འདོན་དུ་འཇུག་རྒྱུ་ལས་རྨས་ཕོག་པའི་མི་དེས་མདའ་འཕེན་མཁན་གྱི་རིགས་རྒྱུད་དང་རུས་རྒྱུད། མིང༌། སྡེ་བ་བཅས་ཤེས་རྒྱུ་ལ་ཨུ་ཚུགས་རྒྱག་པ་དང༌། དེ་བཞིན་འཕེན་མཁན་དེའི་ཤ་མདང་ནག་དང་སྨུག ཡང་ན་དཀར་བ། ཁོ་གྲོང་གསེབ་དང༌། གྲོང་རྡལ། ཡང་ན་གྲོང་འཁྱེར་གང་ཞིག་ལ་བསྡད་ཡོད་པ། བེད་སྤྱོད་བྱས་པའི་གཞུ་དེ་གཞུ་དཀྱུས་མའམ་འཕྲེད་གཞུ་གང་ཞིག་ཡིན་མིན། གཞུ་ཐིག་དེ་སྐུད་པ་དང༌། འདམ་རྩ། སོ་མ་ར་རྩྭ། རྩ་རྒྱུས། ཡང་ན་ཤིང་པགས་གང་ཞིག་ལས་གྲུབ་པ་ཡིན་མིན། མདའ་ཤིང་དེ་ནགས་ཚལ་གྱི་ཤིང་ངམ་མིས་བཙུགས་པའི་ཤིང་ཞིག་ཡིན་མིན་སོགས་ཀྱི་དྲི་བ་མང་པོ་འགོད་པ་ལྟ་བུ་ཡིན། འཇིག་རྟེན་སྐོར་གྱི་དྲི་བ་དེ་དག་ལ་སངས་རྒྱས་ཀྱིས་ཐད་ཀར་ལན་མ་གསུངས་པ་འདིར་འགྲེལ་བཤད་སྣ་ཚོགས་ཤིག་ཡོད་པའི་ནང་ནས། གཅིག་ནི་གཟུགས་འདས་རིག་པའི་དྲི་བ་དེའི་རིགས་ཐར་བའི་ལམ་ལ་ཐད་ཀར་འབྲེལ་བ་མེད་པས་ཡིན། གཞན་ཡང་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱིས་བཟུང་བའི་ལྟ་ཚུལ་ཞིག་ལ། སངས་རྒྱས་ཀྱིས་ལན་མ་མཛད་པའི་རྒྱུ་མཚན་ནི་དྲི་བ་དེ་དག་ཆོས་རྣམས་ཀྱི་དངོས་ཡོད་ལུགས་ནི་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པའི་ལྟ་ཚུལ་ཞིག་ལ་གཞི་བཅོལ་ཡོད་པས། ལན་གསུངས་པ་ཡིན་ན་རང་རྐྱ་ཐུབ་ཅིང་བདེན་པར་གྲུབ་པའི་གནས་གཞི་ལ་ཡིད་ཆེས་བྱེད་པ་བརྟན་དུ་འགྲོ་བར་དོགས་པས་ཡིན།

 

དྲི་བ་དེ་ཚོ་སྡེ་ཚན་དུ་སྒྲིག་སྟངས་ལ་ནང་པའི་གཞུང་ལུགས་ཀྱི་སྲོལ་རྒྱུན་མ་འདྲ་བའི་ནང་ཁྱད་པར་ཅུང་ཙམ་ཡོད། པཱལིའི་གཞུང་དུ་ལན་མ་གསུངས་པའི་དྲི་བ་བཅུ་བཀོད་ཡོད་ཀྱང༌། བོད་པས་རྒྱུན་འཛིན་བྱེད་པའི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ནང་གཤམ་གསལ་གྱི་དྲི་བ་བཅུ་བཞི་འདི་ཚོ་བཀོད་ཡོད།

 

༡༽ བདག་དང་འཇིག་རྟེན་རྟག་པ་ཡིན་ནམ།

 

༢༽ བདག་དང་འཇིག་རྟེན་མི་རྟག་པ་ཡིན་ནམ།

 

༣༽ བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་ཡིན་ནམ།

 

༤༽ བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་མ་ཡིན་ནམ།

 

༥༽ བདག་དང་འཇིག་རྟེན་ལ་ཐོག་མ་ཞིག་ཡོད་དམ།

 

༦༽ བདག་དང་འཇིག་རྟེན་ལ་ཐོག་མ་ཞིག་མེད་དམ།

 

༧༽ བདག་དང་འཇིག་རྟེན་ལ་ཐོག་མ་ཡོད་པ་དང་མེད་པ་གཉིས་ཀ་ཡིན་ནམ།

 

༨༽ བདག་དང་འཇིག་རྟེན་ལ་ཐོག་མ་མེད་པ་དང་ཐོག་མ་མེད་པ་ཡང་མ་ཡིན་ནམ།

 

༩༽ དེ་བཞིན་གཤེགས་པ་གྲོངས་པའི་རྗེས་སུ་གནས་སམ།

 

༡༠༽ དེ་བཞིན་གཤེགས་པ་གྲོངས་པའི་རྗེས་སུ་མི་གནས་སམ།

 

༡༡༽ དེ་བཞིན་གཤེགས་པ་གྲོངས་པའི་རྗེས་སུ་གནས་པ་དང་མི་གནས་པ་གཉིས་ཀ་ཡིན་ནམ།

 

༡༢༽ དེ་བཞིན་གཤེགས་པ་གྲོངས་པའི་རྗེས་སུ་མི་གནས་པ་དང་མི་གནས་པ་ཡང་མ་ཡིན་ནམ།

 

༡༣༽ སེམས་ནི་ལུས་དང་གཅིག་པ་ཡིན་ནམ།

 

༡༤༽ སེམས་དང་ལུས་ཐ་དད་ཀྱི་ཆོས་ཡིན་ནམ།

 

སངས་རྒྱས་ཀྱིས་འདི་འདྲའི་གཟུགས་འདས་རིག་པའི་དྲི་བ་དག་ལ་ལན་མ་མཛད་པའི་གསུང་རབ་ཀྱི་སྲོལ་རྒྱུན་ཞིག་ཡོད་ནའང༌། གནའ་བོའི་རྒྱ་གར་དུ་ནང་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ནང༌། ང་ཚོའི་འཚོ་གནས་དང་འཚོ་སའི་འཛམ་གླིང་འདིའི་སྐོར་ལ་རྒྱུན་དུ་ཐོན་པའི་གཞི་རྩའི་དྲི་བ་འདིའི་རིགས་ལ་དཔྱད་པ་ཞིབ་མོ་བཏང་བའི་ལོ་རྒྱུས་རིང་པོ་ཞིག་ཡོད། ང་རང་གི་བོད་ཀྱི་ནང་པའི་གྲུབ་མཐས་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་གཅེས་ནོར་འདི་རྒྱུན་འཛིན་བྱེད་ཀྱི་ཡོད།

 

ནང་བསྟན་དུ་འཇིག་རྟེན་ཆགས་ཚུལ་གླེང་བའི་གཞུང་ལུགས་གཙོ་བོ་གཉིས་ཡོད། དང་པོ་མངོན་པའི་ལུགས་ནི་ཐེ་ལཎ་དང༌། ཤྲི་ལངྐ༌། འབར་མ། ཀམ་པོ་ཀྲི་ཡ། ལའོ་སི་བཅས་ཀྱི་རྒྱལ་ཁབ་ཏུ་དེང་སང་བར་དུ་གཙོ་བོར་དར་བའི་གནས་བརྟན་སྡེ་པའི་ལུགས་ལྟ་བུ་ནང་པའི་གྲུབ་མཐའ་མང་པོས་ཐུན་མོང་ནས་ཁས་ལེན་བྱེད། བོད་དུ་དར་བའི་ནང་བསྟན་ནི་ཐེག་ཆེན་གྱི་ཆོས་ཏེ་ལྷག་པར་དཔལ་ནཱལནྡཱ་ནས་མར་ཁྱབ་པའི་ནང་ཆོས་ཀྱི་གཞུང་དེ་ཡིན་ནའང༌། མངོན་པའི་གཞུང་གི་སེམས་ཁམས་རིག་པ་དང་འཇིག་རྟེན་གྲུབ་ཚུལ་རིག་པ་གཉིས་ནི་བོད་པའི་བསམ་བློའི་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཆགས། བོད་དུ་དར་བའི་ཆོས་མངོན་པའི་འཇིག་རྟེན་གྲུབ་ཚུལ་གྱི་བསྟན་བཅོས་གཙོ་བོ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཡིན། བོད་ལ་ཡོད་པའི་འཇིག་རྟེན་གྲུབ་ཚུལ་གྱི་གཞུང་ལུགས་གཉིས་པ་ནི། དུས་འཁོར་གྱི་གཞུང་དང་དེའི་ཉམས་ལེན་གྱི་ཁོངས་སུ་གཏོགས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་བཅོས་གལ་ཆེན་ཁག་ཅིག་ཕྱོགས་བསྡུས་བྱས་པ་ལས་གྲུབ་པའི་གཞུང་ལུགས་ཤིག་ཡིན་ཞིང༌། བཤད་སྲོལ་ལ་སངས་རྒྱས་ཀྱིས་དུས་འཁོར་གྱི་གཞུང་གཙོ་བོ་རྣམས་གསུངས་པར་གྲགས་ཀྱང༌། གཞུང་ལུགས་འདིའི་བསྟན་བཅོས་སྔ་ཤོས་རྣམས་ག་དུས་བྱུང་ཡོད་མེད་ཏག་ཏག་ཅིག་ངོས་འཛིན་བྱེད་རྒྱུ་ནི་ཁག་པོ་རེད། དུས་རབས་བཅུ་གཅིག་པའི་ནང་དུས་འཁོར་གྱི་བསྟན་བཅོས་གཙོ་བོ་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་བསྒྱུར་བྱས་པ་ནས་བཟུང༌། འདིས་བོད་ཀྱི་སངས་རྒྱས་བསྟན་པའི་ནང་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད།

 

ང་ལོ་ན་ཉི་ཤུ་ཡིན་དུས་མངོན་པའི་འཇིག་རྟེན་གྲུབ་ཚུལ་གྱི་གཞུང་ལུགས་ལ་ཆེད་དུ་སྦྱོང་སྐབས། ངས་འཛམ་གླིང་འདི་སྒོར་མོ་ཡིན་པ་རྟོགས་ཟིན་ཅིང༌། དུས་དེབ་ཁག་ཏུ་ཟླ་བའི་སྟེང་གི་མེ་རིའི་དོང་ཁའི་པར་སོགས་མཐོང་མྱོང༌། སྐབས་དེར་སའི་གོ་ལ་དང་ཟླ་བ་གཉིས་ཉི་མ་ལ་སྐོར་བ་བྱེད་པའི་གོ་རྟོགས་ཟུར་ཙམ་ཞིག་ང་ལ་ཡོད། དེའི་ཕྱིར་ངས་སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་མངོན་པའི་གཞུང་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་ལ་སློབ་སྦྱོང་བྱེད་དུས། དྲང་པོ་བཤད་ན་དེས་ངའི་ཡིད་དབང་དམིགས་བསལ་གྱིས་བཀུག་མེད།

 

མངོན་པའི་འཇིག་རྟེན་གྲུབ་ཚུལ་རིག་པས་སའི་གོ་ལ་ལེབ་མོ་ཡིན་པ་དང༌། དེའི་མཐའ་འཁོར་དུ་ཉི་མ་དང་ཟླ་བ་ལྟ་བུ་གནམ་གྱི་གཟུགས་ཕུང་གིས་བསྐོར་ཡོད་པར་བཤད། རྣམ་གཞག་འདི་གཞིར་བཞག་ན་འཇིག་རྟེན་གྱི་ལྟེ་བར་ཡོད་པའི་རིའི་རྒྱལ་པོ་རི་རབ་ཀྱི་ཕྱོགས་བཞི་ན་གླིང་ཆེན་བཞི་ཡོད། དེའི་ནང་གི་ལྷོ་ཕྱོགས་ཀྱི་གིླང་ཆེན་ནི་ང་ཚོའི་སའི་གོ་ལ་ཡིན། གླིང་ཆེན་འདི་ཚོ་རེ་རེ་ལའང་གླིང་ཕྲན་གཉིས་རེས་བསྐོར་ཡོད་པ་དང་དེ་དག་གི་བར་ན་རྒྱ་མཚོ་ཆེན་པོས་ཁེངས། འཇིག་རྟེན་གྱི་ཁམས་འདི་གནས་གཞི་ཞིག་ལ་བརྟེན་ཡོད་ཅིང༌། གནས་གཞི་དེ་ཡང་བར་སྣང་སྟོང་པའི་ནང་རླུང་གི་ནུས་ཤུགས་ཀྱིས་ཡར་བཏེགས་ཡོད་པར་འདོད། སློབ་དཔོན་དབྱིག་གཉེན་གྱིས་ཉི་ཟླའི་བོངས་ཚད་དང་སྐོར་ལམ། དེ་དག་དང་ལྷོ་འཛམ་བུ་གླིང་གི་བར་ཐག་བཅས་ལ་འགྲེལ་བཤད་ཞིབ་མོ་ཞིག་བརྒྱབས་འདུག

 

བོངས་ཚད་དང་བར་ཐག་གི་འགྲེལ་བཤད་ལ་སོགས་དེང་རབས་ཀྱི་གནམ་དཔྱད་རིག་པའི་མངོན་སུམ་གྱི་བདེན་དཔང་དང་ཡོངས་སུ་འགལ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་རང་ཉིད་ཀྱི་གདེང་འཇོག་དམའ་རུ་གཏོང་བ་དང༌། མངོན་སུམ་གྱི་བདེན་དཔང་དང་འགལ་ན་དེ་བས་ཀྱང་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པའི་རྩ་འཛིན་ནང་པའི་གཞུང་དུ་ཡོད། དེའི་ཕྱིར་མངོན་པའི་ལུགས་ཀྱི་འཇིག་རྟེན་གྲུབ་ཚུལ་རིག་པ་འདི་སྒྲ་ཇི་བཞིན་གོ་བ་ལོན་པ་དཀའ། དོན་ངོ་མར་ནང་ཆོས་རང་ཉིད་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ནང་འཇིག་རྟེན་ཆགས་སྟངས་ཀྱི་དཔེ་མཚོན་འགལ་བ་ཅན་འགའ་ཡོད་པས། ནང་པ་ཞིག་ལ་མཚོན་ན། ཚན་རིག་ལ་རྒྱབ་རྟེན་བཅོལ་མི་དགོས་པར་དེ་དག་གང་ཞིག་ཡིན་རུང་ཐད་ཀའི་ཚིག་དོན་གྱི་བདེན་དོན་ལ་དོགས་འདྲི་མི་བྱེད་རང་བྱེད་ཡིན། ང་རང་ཉིད་ཀྱི་བསམ་ཚུལ་ལ་ནང་པས་མངོན་པའི་ལུགས་ཀྱི་འཇིག་རྟེན་གྲུབ་ཚུལ་གྱི་ཆ་མང་པོ་ཞིག་ངེས་པར་དུ་འདོར་དགོས།

 

མངོན་པའི་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་སློབ་དཔོན་དབྱིག་གཉེན་རང་ཉིད་ཀྱིས་ཀྱང་ཡིད་ཆེས་ཅི་ཙམ་བྱས་ཡོད་མེད་ཐེ་ཚོམ་ཞིག་ཡིན། ཁོང་གིས་སྐབས་དེར་རྒྱ་གར་ནང་དར་བའི་འཇིག་རྟེན་གྲུབ་ཚུལ་གྱི་འདོད་ཚུལ་འདྲ་མིན་གོ་རིམ་ལྡན་པའི་སྒོ་ནས་བསྟན་པ་ཞིག་རེད། ཞིབ་ཏུ་བཤད་ན། ནང་ཆོས་ཀྱི་བསྟན་བཅོས་དག་གིས་ཕྱི་སྣོད་ཅེས་བརྗོད་པའི་འཇིག་རྟེན་དང་དེའི་འབྱུང་ཁུངས་ཀྱི་འགྲེལ་བཤད་ནི། ནང་བཅུད་ཀྱི་སེམས་ཅན་བྱུང་སྟངས་དང་དེ་དག་གི་འཚོ་གནས་ཀྱི་འགྲེལ་བཤད་ལ་ལྟོས་ན་ཕལ་བ་ཡིན། ལོ་རབས་སུམ་ཅུ་པའི་སྐབས་ལ་རྒྱ་གར་གྱི་ཕྱོགས་སུ་འགྲུལ་བཞུད་རྒྱ་ཆེར་བྱས་པའི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སའི་གོ་ལ་ལྷོ་འཛམ་བུ་གླིང་དུ་ངོས་འཛིན་བྱེད་པའི་མངོན་པའི་ལུགས་ཀྱི་འགྲེལ་བཤད་འདིས་གནའ་བོའི་རྒྱ་གར་གྱི་ས་དཀྱིལ་མའི་ས་ཁྲ་ཞིག་མཚོན་པའི་བསམ་ཚུལ་བཏོན་ཡོད། ཁོང་གིས་གླིང་ཆེན་གཞན་གསུམ་གྱི་འགྲེལ་བཤད་དེ་དེང་རབས་ཀྱི་རྒྱ་གར་ནང་གི་ས་བཤད་ཀྱི་གནས་བབ་དངོས་ཡོད་ཁ་ཤས་དང་མཚུངས་ཚུལ་ཡིད་དབང་མེད་དུ་འགུག་པའི་གསལ་བཤད་ཅིག་བྱས་འདུག ཁོང་གི་འདོད་ཚུལ་འདི་བདེན་པ་ཡིན་མིན་དང༌། ཡང་ན་དོན་ངོ་མར་རྒྱ་གར་གྱི་ས་ཆ་དེ་ཚོར་རིའི་རྒྱལ་པོ་རི་རབ་ཀྱི་མཐའ་སྐོར་བར་འདོད་པའི་གླིང་ཆེན་དག་ལ་ལྟོས་ནས་མིང་བཏགས་པ་ཡིན་མིན་བཅས་ནི་ད་དུང་ཐེ་ཚོམ་གྱི་གནས་ཤིག་ཡིན།

 

སྔ་མོའི་གསུང་རབ་ཁག་ཅིག་གི་ནང་རྒྱུ་སྐར་རྣམས་བར་སྣང་སྟོང་པའི་ནང་གཡེངས་པའི་གཟུགས་ཕུང་ཟླུམ་པོ་ཡིན་པར་གསུངས། འདི་ནི་དེང་རབས་ཀྱི་འཇིག་རྟེན་གྲུབ་ཚུལ་རིག་པའི་ནང་གི་རྒྱུ་སྐར་གྱི་སྒྲིག་གཞི་དང་མི་མཚུངས་པ་ཞིག་མ་རེད། དུས་འཁོར་ལུགས་ཀྱི་འཇིག་རྟེན་གྲུབ་ཚུལ་རིག་པའི་ནང༌། ད་ལྟའི་ང་ཚོའི་དགུ་ཚིགས་ནང་གི་ནམ་མཁའི་གཟུགས་ཕུང་དག་གི་འཕེལ་འགྱུར་ལ་དུས་རིམ་ངེས་ཅན་ཞིག་སྤྲད་ཡོད། དང་པོ་སྐར་མ་རྣམས་གྲུབ་པའི་རྗེས་སུ་ང་ཚོའི་ཉི་མའི་ཁྱིམ་རྒྱུད་སོགས་བྱུང་བར་འདོད། དང་བ་བརྟས་པ་ཞིག་ལ། མངོན་པའི་ལུགས་དང་དུས་འཁོར་གྱི་ལུགས་གཉིས་ཀའི་ནང་འཇིག་རྟེན་གྱི་འབྱུང་ཁུངས་ལ་ལྟ་རྒྱ་ཆེན་པོ་ཞིག་བཟུང་ནས། ང་ཚོའི་འཇིག་རྟེན་འདི་འཇིག་རྟེན་ཁམས་གྲངས་ལས་འདས་པའི་ནང་གི་གཅིག་ཡིན་པའི་ངོས་འཛིན་བྱས་ཡོད། ལུགས་གཉིས་ཀའི་ནང་དུ་འཇིག་རྟེན་གྱི་ཁམས་གྲངས་ལས་འདས་པའི་དོན་སྤྱི་འདི་སྟོན་སླད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་བྱས་ཤིང༌། ༼ངའི་ལྟ་ཚུལ་ལ་འདི་ནི་འཇིག་རྟེན་གྱི་ཁམས་དུང་ཕྱུར་བརྒྱ་དང་ཧ་ལམ་མཚུངས།༽ འདི་ལྟར་གྲངས་ལས་འདས་པའི་འཇིག་རྟེན་ཁམས་ཡོད་པར་ལུགས་གཉིས་ཀས་ཁས་ལེན་བྱེད། དེའི་ཕྱིར་ནང་པའི་ལྟ་བའི་ཆ་ནས་བཤད་ན། འཇིག་རྟེན་གྱི་ཁམས་ཧྲིལ་པོ་ལ་ཐོག་མ་དང་མཐའ་མ་མེད་ནའང༌། འཇིག་རྟེན་གྱི་ཁམས་བྱེ་བྲག་པ་སོ་སོ་ལ་ཐོག་མ་དང༌། བར་མ། མཐའ་མའི་བརྒྱུད་རིམ་བཅས་ཀྱི་དུས་སྐབས་ངེས་ཅན་ཞིག་ཡོད།

 

འཇིག་རྟེན་བྱེ་བྲག་པ་ཞིག་གི་འཕེལ་འགྱུར་ནི། སྟོང་པ་དང༌། གྲུབ་པ༑ གནས་པ། མཐར་འཇིག་པ་སྟེ་དུས་རིམ་བཞི་དང་འབྲེལ་བའི་སྒོ་ནས་རྟོགས་དགོས། དུས་རིམ་འདི་ཚོ་རེ་རེ་ཡང་ཧ་ཅང་རིང་བའི་བར་མའི་བསྐལ་བ་ཉི་ཤུ་ལ་གནས་པར་འདོད། གྲུབ་པའི་བར་མའི་བསྐལ་བ་མཐའ་མའི་ནང་དུ་སེམས་ཅན་རྣམས་འཕེལ་འགྱུར་འབྱུང་བ་དང༌། ས་དང་བར་སྣང་གི་ཁམས་མ་གཏོགས་རང་བྱུང་གི་འབྱུང་བ་གསུམ་སྟེ་ཆུ་དང༌། མེ། རླུང་གང་ཡིན་ཡང་འཇིག་རྟེན་ཞིག་འཇིག་པ་ལ་རྒྱུ་རྐྱེན་བྱེད་ཅིང༌། འབྱུང་བ་གང་ཞིག་འཇིག་རྟེན་སྔོན་མའི་ཁམས་ཀྱི་འཇིག་པའི་རྒྱུ་རྐྱེན་དུ་སོང་ན་འབྱུང་བ་དེ་ཉིད་འཇིག་རྟེན་ཕྱི་མ་ཞིག་སྐྱེད་བྱེད་ཀྱི་རྟེན་གཞིར་འགྲོ།

 

དེའི་ཕྱིར་ནང་པའི་འཇིག་རྟེན་གྲུབ་ཚུལ་རིག་པའི་ནང་འཇིག་རྟེན་གྱི་ཁམས་ནི་ཆུ་བོ་གངྒཱའི་བྱེ་མའི་རྡུལ་གྲངས་ལས་མང་བའི་ལྟ་ཚུལ་ཡོད་པར་མ་ཟད། འཇིག་རྟེན་གྱི་ཁམས་དེ་དག་རྒྱུན་དུ་གྲུབ་པ་དང་འཇིག་པའི་ངང་ལ་ཞིག་གི་ནང་ཡོད་པའི་ལྟ་བ་ཡང་ཡོད། ལྟ་ཚུལ་འདི་དག་གིས་འཇིག་རྟེན་ལ་རང་རྐྱ་ཐུབ་པའི་ཐོག་མ་ཞིག་མེད་པར་བསྟན་པ་དང༌། ཚན་རིག་ལ་རྩ་བའི་དྲི་བ་ཁག་ཅིག་འདྲེན་པར་བྱེད་པ་སྟེ། འབར་གས་ཆེན་མོ་གཅིག་གམ་དུ་མ་བྱུང་ངམ། འཇིག་རྟེན་གཅིག་གམ་དུ་མ། ཡང་ན་གྲངས་མཐའ་མེད་པ་ཞིག་ཡོད་དམ། ནང་པའི་འདོད་ཚུལ་ལྟར་འཇིག་རྟེན་ལ་གྲངས་མཐའ་མེད་དམ། ཡང་ན་གྲངས་མཐའ་ཡོད་པ་ཞིག་ཡིན་ནམ། ང་ཚོའི་འཇིག་རྟེན་འདི་མུ་མཐའ་མེད་པར་རྒྱ་བསྐྱེད་དམ། ཡང་ན་རྒྱ་སྐྱེད་བཞིན་པ་འདི་དལ་དུ་འགྲོ་བར་མ་ཟད་ཕྱིར་ལྡོག་སྟེ། མཐར་ཐུག་འཇིག་རྟེན་འདི་གོང་བུ་གཅིག་ཏུ་ཆགས་སམ། ང་ཚོའི་འཇིག་རྟེན་འདི་ཐོག་མཐའ་མེད་པར་བསྐྱར་སྐྲུན་བྱེད་པའི་འཇིག་རྟེན་ཞིག་གི་ཆ་ཤས་ཡིན་ནམ། ཚན་རིག་པ་ཚོས་དྲི་བ་འདི་ཚོའི་སྐོར་ལ་ནན་ཏན་བྱས་ནས་རྩོད་གླེང་བྱེད་ཀྱི་ཡོད། ནང་པའི་ལྟ་ཚུལ་ལ་ད་དུང་དྲི་བ་གཞན་ཞིག་ཡོད་དེ། མདོར་ན་འཇིག་རྟེན་གྱི་འབར་གས་ཆེན་མོ་གཅིག་ཁོ་ན་བྱུང་བའི་དབང་དུ་བཏང་ནའང༌། དེ་ནི་འཇིག་རྟེན་ཧྲིལ་པོའི་ཐོག་མའི་འབྱུང་ཁུངས་ཡིན་ནམ། ཡང་ན་ད་ལྟའི་ང་ཚོའི་འཇིག་རྟེན་བྱེ་བྲག་པ་འདིའི་ཐོག་མ་ཡིན་ནམ་ཞེས་དྲི་བ་འགོད་ཆོག ཚན་རིག་གི་འཇིག་རྟེན་གྲུབ་ཚུལ་རིག་པས་ད་ལྟའི་འཇིག་རྟེན་གྱི་ཐོག་མར་འདོད་པའི་འབར་གས་ཆེན་མོ་འདི་ཆོས་ཐམས་ཅད་ཀྱི་ཐོག་མ་ཡིན་མིན་གྱི་དྲི་བ་ནི་གནད་འགག་ཅན་ཞིག་རེད།

 

ནང་པའི་ངོས་ནས་བཤད་ན། ཐོག་མ་ངེས་ཅན་གཅིག་ཁོ་ན་ཡོད་པའི་ལྟ་སྟངས་འདི་ནི་རྙོག་དྲ་ཅན་ཞིག་ཡིན། འདི་འདྲའི་རང་རྐྱ་ཐུབ་པའི་ཐོག་མ་ཞིག་ཡོད་ཚེ་གཏན་ཚིགས་རིག་པའི་འགྲོ་ལུགས་བྱས་ན་ང་ཚོར་འདམ་ཀ་གཉིས་ལས་མེད། འཇིག་རྟེན་བཀོད་པ་པོ་སྟེ་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདས་ཤིང་ཁྱད་དུ་འཕགས་པའི་བློ་རིག་ཅིག་གིས་འཇིག་རྟེན་འདི་བསྐྲུན་པ་དང༌། ཡང་ན་རྒྱུ་རྐྱེན་གང་ཡང་མེད་པར་འཇིག་རྟེན་འདི་གྲུབ་པའི་ལྟ་ཚུལ་གཉིས་ཡིན། ནང་པས་འདོད་ཚུལ་འདི་གཉིས་ཀ་ཁས་ལེན་མི་བྱེད། སྔོན་དུ་སོང་བའི་བློ་རིག་ཅིག་གིས་འཇིག་རྟེན་འདི་གསར་བསྐྲུན་བྱས་ཚེ་བློ་རིག་དེའི་གནས་བབ་ཀྱི་རང་བཞིན་དང༌། དེའི་དངོས་ཡོད་གནས་ལུགས་ཀྱི་ངོ་བོ་ཅི་འདྲ་ཞིག་ཡིན་མིན་སོགས་ཀྱི་དྲི་བ་མང་པོ་ཞིག་ལྷག་ཡོད།

 

དུས་རབས་བདུན་པའི་ནང་བྱོན་པའི་ཚད་མའི་སློབ་དཔོན་ཆེན་མོ་ཆོས་གྲགས་ཀྱིས་འཇིག་རྟེན་བཀོད་པ་པོའི་རིང་ལུགས་དགག་པའི་ནང་པའི་ཚད་ལྡན་གྱི་དགག་སྒྲུབ་རིགས་པའི་ལམ་ནས་གཏན་ལ་ཕབ། ཚད་མ་རྣམ་འགྲེལ་དུ་ཁོང་གིས་རྒྱ་གར་གྱི་འཇིག་རྟེན་བཀོད་པ་པོའི་རིང་ལུགས་ཀྱིས་འཇིག་རྟེན་བཀོད་པ་པོ་ཡོད་པར་སྤྱི་འགྲོས་སུ་བསྒྲིགས་པའི་བདེན་དཔང་ཤུགས་རྐྱེན་ཆེ་བ་རྣམས་བཀག་པ་དང༌། མདོར་བསྡུས་ནས་བཤད་ན། འཇིག་རྟེན་བཀོད་པ་པོ་ཡོད་པའི་སྒྲུབ་བྱེད་རྣམས་གཤམ་གསལ་ལྟར་ཡིན། སྔོན་དུ་སོང་བའི་བློ་རིག་ཅིག་གིས་ཡུལ་ཅན་གྱི་ཤེས་པ་དང་ཕྱིའི་དངོས་གཟུགས་ཀྱི་འཇིག་རྟེན་བསྐྲུན་ཏེ། ༼ཀ༽ཤིང་བཟོའི་ལག་ཆ་དང་འདྲ་བར་དེ་གཉིས་གོ་རིམ་ཅན་གྱི་སྒོ་ནས་འཇུག ༼ཁ༽མེ་ཏོག་གི་སྣོད་ལྟར་དེ་གཉིས་ལ་གཟུགས་དབྱིབས་ལྡན། ༼ག༽རྒྱུན་མཁོའི་ཡོ་བྱད་བཞིན་དེ་གཉིས་ལ་རྒྱུ་ཡི་བྱེད་པ་ལྡན།

 

རྩོད་སྒྲུབ་འདི་ཚོ་ནི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སྲོལ་རྒྱུན་ནང་གི་འཇིག་རྟེན་བཀོད་པ་པོའི་རྩོད་སྒྲུབ་སྟེ་འཆར་འགོད་ཀྱི་སྒྲུབ་བྱེད་ཟེར་བ་དང་མཚུངས། འཆར་འགོད་ཀྱི་སྒྲུབ་བྱེད་འདིས་རང་བྱུང་ཁམས་ཀྱི་ནང་དུ་ང་ཚོར་སྣང་བའི་གོ་རིམ་གྱི་ཚད་གཞི་མཐོ་བོ་དེ་བློ་རིག་ཅིག་གིས་རང་བྱུང་ཁམས་འདི་བསྐྲུན་པའི་བདེན་དཔང་དུ་འཛིན། ཆུ་ཚོད་བཟོ་མཁན་ཞིག་མེད་པར་ཆུ་ཚོད་ཅིག་ཡིད་ལ་འཆར་མི་ཐུབ་པ་ལྟར། བློ་རིག་ཅིག་སྔོན་དུ་མ་བཏང་བར་གོ་རིམ་ཅན་གྱི་འཇིག་རྟེན་ཞིག་ཡིད་ལ་འཆར་དཀའ།

 

ནུབ་ཕྱོགས་སུ་འཇིག་རྟེན་འདིའི་ཐོག་མ་བཀོད་པ་པོ་ཞིག་ལས་བྱུང་བའི་ལྟ་ཚུལ་འདྲ་མིན་དར་བ་ལྟར། གནའ་བོའི་རྒྱ་གར་དུའང་ལྟ་ཚུལ་འདི་འདྲའི་རིགས་སྤེལ་བའི་མཚན་ཉིད་རིག་པའི་གྲུབ་མཐའ་གང་མང་བྱུང༌། ཐོག་མ་ནས་དར་བའི་གྲུབ་མཐའ་ནི་གྲངས་ཅན་པའི་ཡན་ལག་ཅིག་ཡིན་ཞིང༌། འཇིག་རྟེན་འདི་སྤྱི་གཙོ་བོ་དང་ལྷ་དབང་ཕྱུག་གཉིས་ཀྱི་བར་ལ་གསར་གཏོད་རང་བཞིན་གྱི་འབྲེལ་བ་བྱུང་བ་ལས་གྲུབ་པར་འདོད། འདི་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ལ་གཞི་བཅོལ་ཞིང་ཚད་མཐོ་བོའི་གཟུགས་འདས་རིག་པའི་རྣམ་གཞག་ཅིག་ཡིན་ལ། འཇིག་རྟེན་གྱི་བཀོད་པ་དང༌། འཚོ་གནས་ཀྱི་དགོས་དམིགས། གཞན་ཡང་འཇིག་རྟེན་འདིའི་ཁྱད་ཆོས་ལྐོག་གྱུར་པ་རྣམས་འཇིག་རྟེན་བཀོད་པ་པོ་ལ་བརྟེན་ཡོད་པར་འདོད།

 

སློབ་དཔོན་ཆོས་གྲགས་ཀྱིས་འཇིག་རྟེན་བཀོད་པ་པོའི་རིང་ལུགས་ཀྱི་ལྟ་བའི་ལངས་ཕྱོགས་ཀྱི་རྩ་བར་འགལ་བ་ཞིག་ཡོད་པ་དེ་ཐེར་འདོན་བྱས། འཇིག་རྟེན་བཀོད་པ་པོ་ལས་འཇིག་རྟེན་གྱི་ཐོག་མ་བྱུང་བར་སྒྲུབ་པ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཀྱིས་བསྐུལ་སློང་བྱས་མོད། འོན་ཀྱང༌། འཇིག་རྟེན་བཀོད་པ་པོའི་ལུགས་འཛིན་པ་ཚོས་མཐའ་མཇུག་ཆོས་ཉིད་འདི་འདོར་དགོས་པ་ཁོང་གིས་གསལ་བཤད་བྱས་ཤིང༌། ཁོང་ཚོས་རང་རྐྱ་ཐུབ་པའི་ཐོག་མ་ཞིག་རྒྱུ་འབྲས་ཀྱི་འབྲེལ་བའི་ཐོག་མར་བཞག་ནས་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདས་པའི་རྒྱུ་གཞན་ཞིག་ཡོད་པ་མ་མཐའ་ཡང་ཤུགས་སུ་བསྟན། ཐོག་མའམ་རྒྱུ་དང་པོ་འདི་ནི་རྒྱུ་རྐྱེན་ལས་གྲུབ་པ་མ་ཡིན་པར་རྟག་པ་དང་རང་རྐྱ་བའི་ངོ་བོ་འཛིན་པ་ཞིག་ཡིན་དགོས། དེ་ལྟར་ཡིན་ན་འཇིག་པའི་བདག་ཉིད་ཀྱི་ཆོས་དང་བྱུང་བ་བསྐྲུན་པའི་ནུས་པ་དེ་ལ་ཇི་ལྟར་ཡོད་དམ། སློབ་དཔོན་ཆོས་གྲགས་ཀྱིས་རང་མཚན་པའི་རྒྱུ་ཐོག་མ་འདི་འདྲ་ཞིག་ལ་རྒྱུ་འབྲས་ཀྱི་བྱེད་ལས་སྦྱོར་མི་ཐུབ་པར་གསུངས། མདོར་བསྡུས་ན། རྒྱུ་ཐོག་མ་ཞིག་གཞིར་འཛིན་པའི་ལྟ་ཚུལ་འདི་རང་སྣང་གང་དྲན་དུ་བྱུང་བའི་གཟུགས་འདས་རིག་པའི་ཚོད་དཔག་ཅིག་ཡིན་པ་ལས་ར་སྤྲོད་བྱེད་ཐུབ་པའི་བདེན་དོན་ཞིག་མིན།

 

དུས་རབས་བཞི་པའི་ནང་སློབ་དཔོན་ཐོགས་མེད་ཀྱིས་རྟེན་འབྱུང་གི་རྣམ་གཞག་གཞི་ལ་བཞག་ནས་འཇིག་རྟེན་འདིའི་འབྱུང་ཁུངས་ལ་ལྟ་ཚུལ་བཟུང༌། རྣམ་གཞག་འདིས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་དང་འཇིག་པ་བསྟན་ཅིང༌། སློབ་དཔོན་ཐོགས་མེད་ཀྱིས་རྟེན་འབྱུང་ལ་སྟངས་འཛིན་བྱེད་པའི་རྐྱེན་གསུམ་ངོས་འཛིན་བྱས་ཡོད། དང་པོ། སྔོན་དུ་སོང་བའི་བློ་རིག་ཅིག་མེད་པའི་རྐྱེན་འདི་ཡིན། སྔོན་དུ་སོང་བའི་བློ་རིག་ཅིག་གིས་འཇིག་རྟེན་འདི་བསྐྲུན་པ་ཁོང་གིས་ཁས་ལེན་བྱས་མེད། དེ་ཡང་འདི་འདྲའི་བློ་རིག་ཅིག་གཞིར་བཞག་ན་དེ་ཉིད་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་ཡོངས་སུ་འདས་པ་ཡིན་དགོས་ཤིང༌། རྒྱུ་འབྲས་ཀྱི་ར་བ་ལས་བརྒལ་བའི་སྐྱེས་བུ་རྟག་པ་ཞིག་གིས་རྒྱུ་འབྲས་ལ་ཤུགས་རྐྱེན་ཐེབས་པའི་ནུས་པ་མེད་པས་ཆོས་གང་ཡང་བསྐྲུན་པ་དང་འགོག་པ་བྱེད་མི་ནུས། གཉིས་པ། མི་རྟག་པའི་རྐྱེན་ཡིན། རྟེན་ཅིང་འབྲེལ་བའི་འཇིག་རྟེན་འདི་བསྐྲུན་པའི་རྒྱུ་དང་རྐྱེན་དེ་དག་ཀྱང་རང་ངོས་ནས་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན་དགོས། གསུམ་པ། ཆོས་ཤིག་གིས་ཆོས་གང་ཡང་རུང་བ་ཞིག་བསྐྲུན་མི་ཐུབ་པ་ནུས་པའི་རྐྱེན་གྱིས་བསྟན། རྒྱུ་དང་རྐྱེན་གྱི་འདུ་ཚོགས་བྱེ་བྲག་པ་ཞིག་གིས་འབྲས་བུ་བྱེ་བྲག་པ་ཞིག་བསྐྲུན་ཞིང༌། དེ་གཉིས་ཀྱི་བར་ལ་ཐུན་མོང་གི་རང་བཞིན་ཅན་གྱི་འབྲེལ་བ་ཞིག་ངེས་པར་དུ་དགོས། སློབ་དཔོན་ཐོགས་མེད་ཀྱིས་འཇིག་རྟེན་འདིའི་སྔོན་དུ་སོང་བའི་བློ་རིག་ཅིག་མེད་པ་དང༌། རྒྱུ་འབྲས་ཀྱི་འབྲེལ་བའི་ཕྲེང་བ་མཐའ་མེད་པ་སྟེ་རྟེན་འབྱུང་གི་ཆོས་ཉིད་འདི་གཞིར་བཞག་ནས་འཇིག་རྟེན་འདིའི་ཐོག་མ་རྟོགས་དགོས་པར་གསུངས།

 

ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ལ་ངོས་འཛིན་བྱེད་པར་མི་འདོད་པའི་རྩ་བའི་འདུན་པ་འདི་ནང་ཆོས་དང་ཚན་རིག་གཉིས་ཀར་གཅིག་མཚུངས་སུ་ཡོད། དཔྱད་པའི་ལམ་ལུགས་འདི་གཉིས་ཀས་རྩ་བའི་ཆ་ནས་འཇིག་རྟེན་བཀོད་པ་པོའི་རིང་ལུགས་ཁས་མི་ལེན་པའི་མཚན་ཉིད་རིག་པའི་ལངས་ཕྱོགས་ལ་ལྟོས་ན་དེ་ནི་ཧ་ལས་དགོས་པ་ཞིག་མིན། ཡིན་ཡང༌། ཕྱོགས་གཅིག་ནས་འབར་གས་ཆེན་མོ་རང་རྐྱ་ཐུབ་པའི་ཐོག་མ་ཞིག་ཏུ་ངོས་འཛིན་བྱས་ནས་དེའི་ཕ་རོལ་ལ་འཚོལ་ཞིབ་མ་བྱས་པ་ཡིན་ན། འཇིག་རྟེན་འདི་ལ་རང་རྐྱ་ཐུབ་པའི་བྱུང་རིམ་གྱི་དུས་སྐབས་ཤིག་ཡོད་པ་ཤུགས་སུ་བསྟན་པར་མ་ཟད། ཚན་རིག་གི་འཇིག་རྟེན་གྲུབ་ཚུལ་རིག་པ་སྨྲ་བ་ཚོས་ཁྱད་དུ་འཕགས་པའི་ཆོས་ཉིད་ལྟ་བུ་ཞིག་འཇིག་རྟེན་གྱི་ཐོག་མའི་རྒྱུ་ཡིན་པ་མི་འདོད་བཞིན་དུ་ཁས་ལེན་བྱེད་དགོས། འདི་ནི་འཇིག་རྟེན་བཀོད་པ་པོའི་ལུགས་ཀྱི་བཀོད་པ་པོ་དང་གཅིག་པ་མིན་རུང་འཇིག་རྟེན་བསྐྲུན་པའི་ཆ་ནས་ལྟོས་ན་ཁྱད་དུ་འཕགས་པའི་ཆོས་ཉིད་འདི་ཡང་འཇིག་རྟེན་བཀོད་པ་པོ་དང་མཚུངས།

 

དེ་ལས་ལྡོག་སྟེ་ཚན་རིག་པ་ཁག་ཅིག་གིས་བསམ་ཚུལ་འདོན་བཞིན་པ་ལྟར། འབར་གས་ཆེན་མོ་ནི་ཚ་ཤུགས་མ་བརྟན་པའི་དུས་སྐབས་ཤིག་ལས་གཞན་མིན་ཚེ། འཇིག་རྟེན་གྱི་ཐོག་མའི་བྱུང་བ་འདི་ཞིབ་ཕྲའི་ལམ་ནས་གོ་རྟོགས་ཟབ་མོ་ཞིག་བྱེད་རྒྱུ་ད་དུང་ལྷག་ཡོད། ཚན་རིག་པ་མང་པོ་ཞིག་གི་ལྟ་ཚུལ་ལ། འབར་གས་ཆེན་མོ་འདི་ཆོས་ཐམས་ཅད་ཀྱི་རང་རྐྱ་ཐུབ་པའི་ཐོག་མ་ཡིན་མིན་ད་དུང་ཐག་གཅོད་བྱེད་པའི་དུས་ལ་བབས་མེད། ད་ལྟ་ཡོད་པའི་ཐག་གཅོད་རང་བཞིན་ཅན་གྱི་བདེན་དཔང་གིས་ར་སྤྲོད་བྱེད་ཐུབ་པ་ནི། སྣང་ཚུལ་ཞིག་ལ། ང་ཚོའི་འཇིག་རྟེན་གྱི་ཁམས་འདི་ཚ་དྲོད་ཧ་ཅང་མཐོ་ཞིང་ཚགས་དམ་པའི་གནས་སྟངས་ཤིག་ལས་འཕེལ་འགྱུར་བྱུང་བ་ཁོ་ན་ཡིན། འབར་གས་ཆེན་མོའི་རྣམ་གཞག་གི་ཆ་འདྲ་མིན་ལ་ཡིད་རྟོན་རུང་བའི་བདེན་དཔང་མ་རྙེད་པ་དང་ཁོན་ཏྲོམ་དངོས་ཁམས་རིག་པའི་གོ་རྟོགས་གཙོ་བོ་དང་ལྟོས་གྲུབ་ཀྱི་རྣམ་གཞག་གཉིས་ཡོངས་སུ་གཅིག་སྒྲིལ་མ་བྱས་བར་དུ། འདིར་བཀོད་པའི་འཇིག་རྟེན་གྲུབ་ཚུལ་རིག་པའི་དྲི་བ་གང་མང་ཞིག་གཟུགས་འདས་རིག་པའི་ཁྱབ་ཁོངས་ལ་མ་གཏོགས་མངོན་སུམ་ཚན་རིག་གི་ཁྱབ་ཁོངས་སུ་མི་འཚུད། ནང་པའི་ལྟ་ཚུལ་ལ་འཇིག་རྟེན་འདི་ནི། རྟེན་གཞི་བར་སྣང་ཁམས་དང༌། ས་ཆུ་མེ་རླུང་སྟེ་རྩ་བའི་འབྱུང་བ་བཞི་བཅས་འབྱུང་ཁམས་ལྔ་ལས་གྲུབ།

 

བར་སྣང་ཁམས་ལས་འབྱུང་བ་གཞན་རྣམས་ཀྱི་གནས་གཞི་དང་ནུས་རྩོལ་བྱུང་བར་འདོད། དུས་འཁོར་གྱི་ལུགས་ལ་བར་སྣང་ནི་ཡོངས་སུ་སྟོང་པ་ཞིག་མ་ཡིན་པར་བརྒྱུད་ལམ་གྱི་རྡུལ་ཕྲ་རབ་སྟོང་པའམ་བར་སྣང་གི་རྡུལ་དེར་གནས་ཡོད། རྡུལ་ཕྲ་རབ་དེ་རྣམས་ཧ་ཅང་ཕྲ་བའི་གཟུགས་ཅན་གྱི་རྡུལ་ཕྲ་རབ་དང་འདྲ་བར་བཤད། བར་སྣང་ཁམས་འདི་ནི་འབྱུང་བ་བཞི་པོ་འཕེལ་འགྱུར་དང་འཐོར་ཞིག་བྱེད་སའི་རྟེན་གཞི་ཡིན་ཞིང༌། འབྱུང་བ་བཞི་པོ་བར་སྣང་ཁམས་ནས་བསྐྱེད་པ་དང་སླར་ཡང་བར་སྣང་ཁམས་ལ་འཐིམ། འཐོར་ཞིག་གི་བརྒྱུད་རིམ་གྱི་གོ་རིམ་ནི་ས། ཆུ། མེ༑ རླུང་རིམ་པ་ལྟར་ཡིན་པ་དང༌། སྐྱེད་པའི་བརྒྱུད་རིམ་གྱི་གོ་རིམ་ནི་རླུང༌། མེ༑ ཆུ། ས་བཅས་ཡིན།

 

སློབ་དཔོན་ཐོགས་མེད་ཀྱིས་གཞི་རྩའི་འབྱུང་བ་འདི་ཚོ་ལ་འབྱུང་བ་ཆེན་པོ་བཞི་ཟེར་ཞིང༌། འདི་དག་མཐའ་གཅིག་ཏུ་གཟུགས་ཅན་ལ་གོ་མི་རུང་བ་ཚིག་ཐག་བཅད་ནས་གསུངས། འབྱུང་བ་ཆེན་པོ་བཞི་ནི་ནུས་ཤུགས་ཀྱི་རང་བཞིན་དུ་འདོད་ཅིང༌། འབྱུང་བ་བཞི་ནི་གཟུགས་ཅན་གྱི་ཕུང་པོའི་གྲུབ་ཆ་རུ་བརྩིས་ནས་འདི་གཉིས་ཀྱི་བར་ལ་ཁོང་གིས་ཁྱད་པར་ཕྱེས་ཡོད། ཕལ་ཆེར་གཟུགས་ཅན་གྱི་དངོས་པོ་ཞིག་གི་སྟེང་དུ་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་བཞི་ནི་སྲ་བ།༼ས༽ རླན་པ།༼ཆུ༽ དྲོད།༼མེ༽ འགུལ་ཤུགས་༼རླུང༽བཅས་རེད། བར་སྣང་གི་རྡུལ་སྟོང་པ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་འབྱུང་བ་བཞི་པོ་ཕྲ་བའི་གནས་རིམ་ནས་རགས་པའི་གནས་རིམ་བར་དུ་འབྱུང་བ་དང༌། དེ་དག་རགས་པའི་གནས་རིམ་ནས་ཕྲ་བའི་གནས་རིམ་བར་དུ་རིམ་པས་འཐོར་ཞིག་ཏུ་སོང་ནས་སླར་ཡང་བར་སྣང་གི་རྡུལ་སྟོང་པའི་ནང་དུ་འཐིམ། བར་སྣང་དང་དེའི་རྡུལ་སྟོང་པ་རྣམས་ཆགས་འཇིག་གི་བརྒྱུད་རིམ་ཧྲིལ་པོ་འདིའི་རྟེན་གཞི་ཡིན། རྡུལ་ཟེར་བའི་ཐ་སྙད་འདིས་གཟུགས་ཅན་གྱི་དངོས་པོ་ལ་གྲུབ་ཟིན་པ་ཞིག་ཤུགས་སུ་སྟོན་པས། བར་སྣང་གི་རྡུལ་ཕྲ་རབ་སྟོང་པ་དེ་ཚོར་འགྲེལ་བརྗོད་བྱེད་པར་ཕལ་ཆེར་མི་འཚམ་མོད། འོན་ཀྱང༌། བློ་ཕམ་པ་ཞིག་ལ་བར་སྣང་གི་རྡུལ་ཕྲ་རབ་དེ་ཚོའི་ཐད་ལ་གཞུང་ལུགས་ཁག་ཏུ་འགྲེལ་བཤད་ཉུང་ཉུང་ཞིག་ལས་མི་འདུག

 

ནང་ཆོས་ཀྱི་འཇིག་རྟེན་གྲུབ་ཚུལ་རིག་པས་གཏན་ལ་ཕབ་པའི་འཇིག་རྟེན་འཕེལ་འགྲིབ་ཀྱི་འཁོར་བརྒྱུད་ནི་གཤམ་གསལ་ལྟར་ཡིན། དང་པོ་གྲུབ་པའི་གནས་སྐབས་དང༌། དེ་ནས་གནས་པའི་གནས་སྐབས། འཇིག་པའི་གནས་སྐབས། འཇིག་རྟེན་ཁམས་གསར་པ་ཞིག་མ་གྲུབ་པའི་བར་དུ་སྟོང་པའི་གནས་སྐབས་བཅས་ཡོད། གནས་སྐབས་བཞི་པ་སྟེ་སྟོང་པའི་གནས་སྐབས་སུ་བར་སྣང་གི་རྡུལ་རྣམས་གནས་པ་དང༌། དེ་དག་ལས་སླར་ཡང་འཇིག་རྟེན་གསར་པ་ཞིག་གི་གཟུགས་ཅན་གྱི་ཆོས་ཐམས་ཅད་འགྲུབ། བར་སྣང་གི་རྡུལ་ཕྲ་རབ་དེ་ཚོའི་ནང་དངོས་ཁམས་ཀྱི་འཇིག་རྟེན་ཧྲིལ་པོའི་རྩ་བའི་རྒྱུ་གནས་ཡོད། འཇིག་རྟེན་འདི་དང་གང་ཟག་གི་ཕྱིའི་ཕུང་པོ་རྣམས་ཀྱི་གྲུབ་ཚུལ་ལ་འགྲེལ་བཤད་བྱེད་འདོད་ཚེ། ང་ཚོས་འཇིག་རྟེན་འདིའི་རྒྱུ་རུ་སོང་བའི་འབྱུང་བ་བཞི་པོ་ལ་བར་སྣང་གི་རྡུལ་ཕྲ་རབ་སྟོང་པའི་ནང་ན་བཟོ་དབྱིབས་ཐོན་པའི་ནུས་པ་ཇི་ལྟར་ཐོབ་པའི་བརྒྱུད་རིམ་དེར་དཔྱད་པ་གཏོང་དགོས།

 

བར་སྣང་གི་རྡུལ་ཕྲ་རབ་འདི་ཚོའི་ནུས་ཤུགས་བྱེ་བྲག་པ་སོ་སོར་བརྟེན་ནས་འཇིག་རྟེན་གྱི་བཟོ་བཀོད་དང༌། དེའི་ནང་གི་རྒྱུ་སྐར་དང་སྐར་མ། མི་དང་དུད་འགྲོ་ལྟ་བུ་སེམས་ཅན་དང་གཟུགས་ཅན་གྱི་ཆོས་ཐམས་ཅད་གྲུབ། འཛམ་གླིང་གི་དངོས་གཟུགས་གྱི་མཐར་ཐུག་གི་རྒྱུ་དེ་ཡར་དེད་ཚེ་བར་སྣང་གི་རྡུལ་ཕྲ་རབ་རྣམས་ཆེས་མཐའ་མ་ཡིན། རྡུལ་ཕྲ་རབ་དེ་ཚོ་འབར་གས་ཆེན་མོ་༼འཇིག་རྟེན་གྱི་ཐོག་མ་གང་ཞིག་ཡིན་ན་འདྲ།༽ལས་ཀྱང་སྔ་བར་མ་ཟད། དོན་ངོ་མར་སྔོན་དུ་ཐོར་ཞིག་ཏུ་སོང་བའི་འཇིག་རྟེན་ཞིག་གི་ལྷག་ཤུལ་ཡིན། ངས་གོ་ཐོས་ལ་འཇིག་རྟེན་གྲུབ་ཚུལ་རིག་པ་སྨྲ་བ་འགའ་ཤས་ཀྱིས། ང་ཚོའི་འཇིག་རྟེན་འདི་ཁོན་ཏྲོམ་གྱི་སྟོང་ཆ་ཟེར་བ་ཞིག་ལས་བྱུང་བའི་འཕེལ་འགྲིབ་ཀྱི་རང་བཞིན་དུ་འདོད་པའི་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ངའི་ལྟ་ཚུལ་ལ་འདི་ནི་དུས་འཁོར་ལུགས་ཀྱི་བར་སྣང་གི་རྡུལ་ཕྲ་རབ་སྟོང་པའི་རྣམ་གཞག་དང་འདྲ།

 

ཚན་རིག་གི་འཇིག་རྟེན་གྲུབ་ཚུལ་རིག་པའི་ལྟ་ཚུལ་ལ། འབར་གས་ཆེན་མོ་བྱུང་ནས་ཐོག་མའི་སྐར་ཆ་འགའ་ཤས་ཀྱི་རིང་གི་གནས་སྟངས་དེ་ཤེས་རྟོགས་བྱེད་པར་ཧ་ལམ་སེལ་ཐབས་བྲལ་བའི་དཀའ་ངལ་ཞིག་ཡོད། དཀའ་ངལ་འདིའི་ཆ་ཞིག་ནི་ང་ཚོར་རྒྱུས་མངའ་ཆེ་བའི་རང་བྱུང་ཁམས་ཀྱི་ནུས་ཤུགས་བཞི་སྟེ། འཐེན་ཤུགས་དང༌། གློག་རྡུལ་ཁབ་ལེན་གྱི་ཤུགས། རྡུལ་ཕྲན་གྱི་ཚི་གུའི་ནུས་ཤུགས་ཆེ་བ་དང་ཆུང་བ་བཅས་ཀྱི་ནུས་རྩོལ་ནི་འཇིག་རྟེན་གྱི་ཐོག་མའི་སྐབས་འདིར་མེད་པས་ཡིན། ནུས་ཤུགས་འདི་དག་གི་ནུས་རྩོལ་ནི་འཇིག་རྟེན་གྱི་ཐོག་མའི་སྐབས་ཀྱི་ཚགས་དམ་པོའི་རང་བཞིན་ལྷོད་པ་དང༌། ཚ་གྲང་ཚད་གཞི་ངེས་ཅན་ཞིག་ལ་འགྲིབ་པ་བཅས་ལ་བརྟེན་ནས་ཡང་རྡུལ་དང་ཧེ་ལེ་ཡམ་༼helium༽ལྟ་བུ་གཟུགས་ཅན་གྱི་རྩ་བའི་རྡུལ་ཕྲན་གྲུབ་པའི་གནས་སྐབས་སུ་བྱུང༌། འབར་གས་ཆེན་མོའི་ཐོག་མ་ཏག་ཏག་ནི་རྐྱང་པའི་རང་བཞིན་ཟེར་བ་དེ་ཡིན། གནས་སྐབས་འདིར་རྩིས་རིག་གི་མཚུངས་རྩིས་དང་དངོས་ཁམས་ཀྱི་ཆོས་ཉིད་མཐའ་དག་ལ་ནུས་རྩོལ་སྟོང་ཞིང༌། ཚགས་དམ་ལྷོད་དང་ཚ་གྲང་ལྟ་བུ་རྒྱུན་དུ་ཚད་འཇལ་བྱེད་ཆོག་པའི་གྲངས་འབོར་ཡང་གནས་སྐབས་འདིར་ངེས་མེད་ཡིན།

 

འཇིག་རྟེན་གྱི་ཐོག་མར་ཕྱོགས་པའི་ཚན་རིག་གི་ཞིབ་འཇུག་ལ་མཚུངས་རྩིས་བཀོལ་སྤྱོད་དང༌། དངོས་ཁམས་ཀྱི་ཆོས་ཉིད་རྣམས་ཚད་མ་ཡིན་པའི་བདེན་འཛིན་དགོས་པས། མཚུངས་རྩིས་དང་དངོས་ཁམས་ཀྱི་ཆོས་ཉིད་དག་གི་ནུས་རྩོལ་འཇིག་རྟེན་གྱི་ཐོག་མའི་གནས་རིམ་དུ་མེད་ཚེ། ང་ཚོས་ངེས་པར་དུ་རང་ཉིད་ལ་འདྲི་དགོས་པ་ནི་ཐོག་མའི་སྐར་ཆ་འགའ་ཤས་ཀྱི་རིང་གི་འབར་གས་ཆེན་མོའི་གནས་ཚུལ་ཆ་ཚང་བ་ཞིག་ནམ་ཡང་རྟོགས་ཐུབ་བམ། ངའི་གྲོགས་པོ་ཚན་རིག་པ་ཚོས་བཤད་པ་ལྟར་ན། མཁས་པ་རྣམ་དཔྱོད་ཅན་ཁག་ཅིག་གིས་ང་ཚོའི་འཇིག་རྟེན་གྱི་ཐོག་མའི་ཆགས་རིམ་ལ་ཞིབ་འཇུག་བྱེད་ཀྱི་ཡོད། འགའ་ཤས་ཤིག་གིས་སེལ་ཐབས་བྲལ་བའི་དཀའ་ངལ་འདི་ཚོ་ཐག་གཅོད་བྱེད་རྒྱུ་ནི། ད་བར་དུ་ང་ཚོས་རྙེད་ཟིན་པའི་དངོས་ཁམས་ཀྱི་ཆོས་ཉིད་མཐའ་དག་གཅིག་སྒྲིལ་བྱེད་པའི་རྣམ་གཞག་གསར་པ་ཞིག་འཚོལ་རྒྱུ་ལ་རག་ལས་པར་འདོད། ཕལ་ཆེར་འདི་འདྲའི་གཅིག་སྒྲིལ་གྱི་རྣམ་གཞག་ཅིག་གིས་དེང་རབས་ཀྱི་དངོས་ཁམས་རིག་པའི་ནང་ཕན་ཚུན་འགལ་བ་རུ་སྣང་བའི་ལྟ་བའི་བཟོ་བཀོད་གཉིས་ཏེ། ལྟོས་གྲུབ་དང་ཁོན་ཏྲོམ་འགུལ་ཤུགས་རིག་པ་གཅིག་མཐུན་བཟོ་སྲིད། ངའི་གོ་ཐོས་ལ། རྣམ་གཞག་འདི་གཉིས་ཀྱི་གཞི་རྩའི་རྩ་དོན་རྣམས་གཅིག་མཐུན་བྱེད་རྒྱུ་ནི་ད་ལྟའི་བར་དུ་བྱུང་མ་སྲིད་པ་ཞིག་རེད། ལྟོས་གྲུབ་ཀྱི་རྣམ་གཞག་གིས་ང་ཚོ་ལ་གནས་ཚུལ་འདང་ངེས་ཤིག་ཡོད་ཚེ་ཡང་དག་པའི་མཚུངས་རྩིས་ལ་བརྟེན་ནས་དུས་ངེས་ཅན་ཞིག་གི་འཇིག་རྟེན་ཁམས་ཀྱི་གནས་སྟངས་རྟོགས་ཐུབ་པར་བཤད། དེ་ལས་ལྡོག་སྟེ། ཁོན་ཏྲོམ་འགུལ་ཤུགས་རིག་པས་འཇིག་རྟེན་ཕྲ་མོའི་ཆ་རྡུལ་ཕྲ་མོ་རྣམས་ཤེས་རྟོགས་མཐའ་འཁྱོལ་བ་ཞིག་བྱེད་མི་ཐུབ་པར་བསྟན་པ་དང༌། དེའི་རྒྱུ་མཚན་ནི་གཞི་རྩའི་གནས་རིམ་དུ་འཇིག་རྟེན་འདི་ངེས་མེད་ཆོས་ཉིད་ཀྱི་དབང་དུ་འགྲོ་བའི་གཟུགས་ཅན་དུམ་བུའམ་ཁོན་ཏྲ་༼quanta ཁོན་ཏྲོམ་དངོས་ཁམས་རིག་པའི་མིང་འདི་ལས་བྱུང༌།༽ལ་བརྟེན་ནས་གྲུབ་ཡོད། གཅིག་སྒྲིལ་གྱི་རྣམ་གཞག་གསར་པ་ཞིག་གི་འོས་ཚབ་ལ་ཐག་སྐུད་ཆེན་མོའི་རྣམ་གཞག་དང༌། ཨད་མི་༼M༽རྣམ་གཞག་ལྟ་བུ་ཡ་མཚན་ཅན་གྱི་མིང་ལྡན་པའི་རྣམ་གཞག་འདྲ་མིན་འདོན་གྱི་ཡོད།

 

འཇིག་རྟེན་གྱི་ཐོག་མའི་སྐོར་ལ་གོ་རྟོགས་ཆ་ཚང་ཞིག་འཚོལ་བའི་ལས་གཞི་འདིར་གོང་དུ་བཤད་ཟིན་པ་དེ་ཚོར་ལྟོས་ནའང་རྙོག་འཛིང་ཆེ་བའི་དཀའ་ངལ་གཞན་ཞིག་ཡོད། ཁོན་ཏྲོམ་འགུལ་ཤུགས་རིག་པས། གཞི་རྩའི་གནས་རིམ་དུ་ཆ་རྡུལ་ཕྲ་མོས་གནས་སྟངས་ངེས་ཅན་ཞིག་གི་ནང་ཅི་ཞིག་བྱེད་པ་སྔོན་དཔག་འཁྲུལ་མེད་བྱེད་མི་ཐུབ་པར་བརྗོད། དེའི་ཕྱིར་ཆ་རྡུལ་ཕྲ་མོའི་མངོན་ཚུལ་སྔོན་དཔག་བྱེད་པ་ནི་ངེས་མེད་ཀྱི་བྱེད་ཐབས་ཤིག་གི་ལམ་ནས་བྱེད་ཀྱི་ཡོད། གལ་ཏེ་འདི་འདྲ་ཡིན་ཚེ་རྩིས་ཐབས་ཀྱི་སྒྲིག་གཞི་ཇི་ལྟར་ནུས་སྟོབས་ཆེ་ཡང༌། ཆོས་ངེས་ཅན་ཞིག་གམ་བྱུང་བ་ཞིག་གི་ཐོག་མའི་གནས་སྟངས་སྐོར་གྱི་ང་ཚོའི་གོ་རྟོགས་དེ་ནམ་ཡང་ཆ་མི་ཚང༌། དེ་བཞིན་ང་ཚོས་ཆོས་དེ་དག་གི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཀྱང་ཚོད་དཔག་ཆ་ཚང་བ་ཞིག་བྱེད་མི་ཐུབ། རབ་ཡིན་ན་ང་ཚོས་བདེན་སྲིད་པའི་ཚོད་དཔག་ཅིག་བྱེད་ཐུབ་ཀྱང༌། འཇིག་རྟེན་འདི་ཡོངས་སུ་རྟོགས་རྒྱུ་ཕར་ཞོག ཐ་ན་རྡུལ་ཕྲན་གཅིག་གི་རང་བཞིན་ཡང་ཆ་ཚང་བ་ཞིག་རྟོགས་མི་ཐུབ།

 

ནང་ཆོས་ཀྱི་གཞུང་དུ་ང་ཚོས་འཇིག་རྟེན་གྱི་ཐོག་མ་ཆ་ཚང་བ་ཞིག་རྟོགས་མི་ཐུབ་པའི་ངོས་འཛིན་བྱས་ཡོད། ཐེག་ཆེན་གྱི་བསྟན་བཅོས་ཤིག་སྟེ་མདོ་ཕལ་ཆེན་གྱི་ནང་དུ་གྲངས་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཡོད་པ་དང་མིའི་ཤེས་ཡོན་ནི་ཚད་ཅན་ཡིན་པ་སོགས་གསུངས་འདུག གསུང་རབ་དེའི་དཔག་ཏུ་མེད་པའི་ལེའུའི་ནང་ཧ་ཅང་མཐོ་བའི་གྲངས་གནས་རིང་པོ་ཞིག་བཀོད་ནས་དཔག་ཏུ་མེད་པ་དང༌། ཚད་མེད་པ། ཀུན་ཏུ་མཐའ་ཡས་པ། མཚུངས་པ་མེད་པ་ལྟ་བུའི་ཐ་སྙད་བེད་སྤྱོད་བྱས་ཤིང༌། གྲངས་གནས་མཐོ་ཤོས་དེ་མ་བརྗོད་པའི་གྲུ་བཞི་ཟེར་བ་འདི་ཡིན། དེ་ནི་བརྗོད་དུ་མེད་པ་དེ་ཉིད་བརྗོད་དུ་མེད་པས་བསྒྱུར་བའི་འབྲས་བུ་ཞིག་ཡིན་པར་བཤད། ངའི་གྲོགས་པོ་ཞིག་གིས་གྲངས་འདི་ ༡༠༥༩ ལྟར་འབྲི་ཆོག་པར་བཤད་མྱོང༌། མདོ་ཕལ་ཆེན་གྱི་ནང་དུ་སེམས་ལ་མི་ངེས་པའི་གྲངས་ཀ་འདི་ཚོ་འཇིག་རྟེན་ཁམས་ཀྱི་སྟེང་ལ་སྦྱོར་བ་དང༌། གལ་ཏེ་མ་བརྗོད་པའི་འཇིག་རྟེན་རྣམས་རྡུལ་ཕྲན་ལ་བསྒྱུར་ནས་རྡུལ་ཕྲན་རེ་རེའི་ནང་དུ་མ་བརྗོད་པའི་འཇིག་རྟེན་ཞིག་བཅུག་ཚེ། ད་དུང་ཡང་འཇིག་རྟེན་ཁམས་ཀྱི་གྲངས་མི་ཟད་པར་གསུངས།

 

གསུང་རབ་འདིའི་ནང་སྙན་ཞིང་འཇེབས་པའི་སྙན་ངག་གི་ཚིགས་བཅད་ཀྱི་ལམ་ནས་རྟེན་ཅིང་འབྲེལ་བའི་རང་བཞིན་གྱི་འཇིག་རྟེན་འདི་མུ་མཐའ་བྲལ་བའི་བར་སྣང་གི་ཕྱོགས་ཡོངས་སུ་ཁྱབ་པའི་རིན་པོ་ཆེའི་དྲ་བ་སྟེ་དབང་པོའི་རྒྱན་གྱི་དྲ་བ་ཟེར་བ་ཞིག་དང་བསྡུར་འདུག དྲ་བའི་མདུད་པ་རེ་རེའི་སྟེང་ཤེལ་གྱི་རིན་པོ་ཆེ་རེ་ཡོད། རིན་པོ་ཆེ་དེ་དྲ་བའི་སྟེང་གི་རིན་པོ་ཆེ་གཞན་རྣམས་ལའང་འབྲེལ་བ་ཡོད་པར་མ་ཟད། རིན་པོ་ཆེ་གཞན་རྣམས་དེའི་ནང་དུ་འཆར། འདི་འདྲའི་དྲ་བ་ཞིག་གི་སྟེང་རིན་པོ་ཆེའི་རྒྱན་ཆ་གང་ཞིག་ཡིན་རུང་དཀྱིལ་དང་མཐའ་གང་དུའང་མེད། རིན་པོ་ཆེ་རེ་རེའི་ནང་དྲ་བའི་སྟེང་གི་རིན་པོ་ཆེ་གཞན་ཐམས་ཅད་འཆར་བས་རང་ཉིད་དཀྱིལ་མར་གནས་ཤིང༌། དེ་དང་ཆབས་ཅིག་རང་ཉིད་གཞན་ཐམས་ཅད་ཀྱི་ནང་དུ་འཆར་བས་རང་ཉིད་མཐའ་རུ་ཡོད། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་བར་ལ་རྟེན་འབྲེལ་ཟབ་མོ་ཞིག་ཡོད་པས། ཐམས་ཅད་མཁྱེན་པ་ཞིག་མིན་ཚེ་ཐ་ན་རྡུལ་ཕྲན་གཅིག་ཀྱང་ཆ་ཡོངས་སུ་རྟོགས་མི་སྲིད། མདོར་ན། རྡུལ་ཕྲན་གཅིག་ཆ་ཡོངས་སུ་རྟོགས་པར་རྡུལ་ཕྲན་དེ་དང་མཐའ་མེད་པའི་འཇིག་རྟེན་འདིའི་ནང་གི་ཆོས་ཐམས་ཅད་ཀྱི་བར་ལ་ཡོད་པའི་འབྲེལ་བ་དེ་ཚོ་ཡང་རྟོགས་དགོས།

 

དུས་འཁོར་གྱི་ལུགས་ལ་འཇིག་རྟེན་བྱེ་བྲག་པ་གང་ཞིག་ཡིན་རུང་མ་གྲུབ་པའི་སྔ་རོལ་ཏུ་སྟོང་པའི་རང་བཞིན་དུ་གནས་ཤིང༌། འཇིག་རྟེན་བྱེ་བྲག་པ་དེའི་གཟུགས་ཅན་གྱི་གྲུབ་ཆ་ཐམས་ཅད་ནུས་པའི་ངོས་ནས་བར་སྣང་གི་རྡུལ་སྟོང་པའི་རང་བཞིན་དུ་གནས་པར་འདོད། འཇིག་རྟེན་བྱེ་བྲག་པ་དེའི་ནང་འཕེལ་འགྱུར་བྱེད་པར་ཕྱོགས་པའི་སེམས་ཅན་དག་གི་ལས་ཀྱི་འཕེལ་ཕྱོགས་སྨིན་པའི་སྐབས་ངེས་ཅན་ཞིག་ལ་རླུང་གི་རྡུལ་རྣམས་འདུ་འགོ་ཚུགས་ནས་འཇིག་རྟེན་གྱི་རླུང་བསྐྲུན། དེ་ནས་མེའི་རྡུལ་རྣམས་དེ་དང་གཅིག་མཚུངས་སུ་འདུས་ནས་ནུས་ཤུགས་ཆེ་བའི་ཚ་རླབས་བསྐྱེད་ཅིང༌། ཚ་རླབས་དེ་རླུང་བརྒྱུད་ནས་བགྲོད་པར་བྱེད། ཕྱིས་སུ་ཆུའི་རྡུལ་རྣམས་འདུས་ནས་གློག་དང་ལྷན་དུ་ཆར་ཆེན་འབབ། མཇུག་ཏུ་སའི་རྡུལ་རྣམས་འདུས་ནས་འབྱུང་བ་གཞན་དང་འདྲེས་སྦྱོར་བྱས་ཏེ་སྲ་བའི་རང་བཞིན་དུ་ཆགས། འབྱུང་བ་ལྔ་པ་ནི་བར་སྣང་ཁམས་ཏེ་འབྱུང་བ་གཞན་ཚང་མའི་སྟེང་དུ་ལྷན་སྐྱེས་ཀྱི་ནུས་ཤུགས་ལྟ་བུའི་རང་བཞིན་དུ་ཁྱབ་པས། རང་ཉིད་ལ་ཐུན་མོང་མ་ཡིན་པའི་གནས་གཞི་ཞིག་མེད་པར་འདོད། བསྐལ་བ་རིང་པོ་ཞིག་གི་བརྒྱུད་རིམ་ཁྲོད་འབྱུང་ཁམས་ལྔ་པོ་འདི་རྒྱ་བསྐྱེད་ནས་ང་ཚོ་ལ་མངོན་སུམ་དུ་སྣང་བའི་དངོས་ཁམས་ཀྱི་འཇིག་རྟེན་འདི་འདྲ་འགྲུབ་ཀྱི་ཡོད།

 

ང་ཚོས་འདི་བར་དུ་འཇིག་རྟེན་འདི་དགུ་ཚིགས་དང༌། བུ་ག་ནག་པོ། སྐར་མ། རྒྱུ་སྐར། ཁྱད་མཚར་བའི་རྡུལ་ཕྲན་གྱི་ཆ་རྡུལ་ཕྲ་མོ་བཅས་སྲོག་མི་ལྡན་པའི་གཟུགས་ཅན་དང་ནུས་ཤུགས་འདྲེས་མ་ཁོ་ན་ལས་གྲུབ་པ་གཞི་རུ་བཟུང་ནས་གླེང་སློང་བྱས་ཡོད། འོན་ཀྱང༌། ནང་པའི་ལྟ་ཚུལ་ལ། རྣམ་ཤེས་དེ་ཡང་འཇིག་རྟེན་གྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན། འཇིག་རྟེན་ཁམས་བྱེ་བྲག་པ་ཞིག་གི་ཆགས་རིམ་དེ་སེམས་ཅན་དག་གི་ལས་ཀྱི་འཕེལ་ཕྱོགས་དང་འབྲེལ་བ་ཟབ་མོ་ཡོད་པའི་ལྟ་ཚུལ་འདི་དུས་འཁོར་དང་མངོན་པའི་ལུགས་གཉིས་ཀའི་ནང་དུ་ཡོད། དེང་རབས་ཀྱི་སྐད་ཆ་བཤད་སྟངས་བྱས་ན། ནང་པའི་འཇིག་རྟེན་གྲུབ་ཚུལ་རིག་པའི་ནང་ང་ཚོའི་སའི་གོ་ལ་ད་ལྟའི་རྣམ་པར་གྲུབ་པ་ཡང་འདིའི་སྟེང་དུ་འཚོ་བཞིན་པའི་སེམས་ཅན་ཐམས་ཅད་ཀྱི་འཕེལ་འགྱུར་ལ་རྟེན་གཞི་བྱེད་པའི་དོན་དུ་ཡིན།

 

ངས་འདིར་ལས་ཀྱི་སྐོར་ལ་གླེང་སློང་བྱས་ནས་ནང་ཆོས་ལྟར་ན་ཆོས་ཐམས་ཅད་ལས་ཀྱི་ནུས་རྩོལ་ལས་བྱུང་བ་རེད་ཟེར་གྱི་མེད། ང་ཚོས་ངེས་པར་དུ་ལས་ཀྱི་ཆོས་ཉིད་དང༌། རང་བྱུང་གི་རྒྱུ་འབྲས་ཀྱི་ནུས་རྩོལ་བར་ལ་ཁྱད་པར་གསལ་པོ་ཞིག་འབྱེད་དགོས། རྒྱུ་འབྲས་ཀྱི་ཆོས་ཉིད་ནི་རྒྱུ་རྐྱེན་འདུ་ཚོགས་ངེས་ཅན་ཞིག་གིས་འབྲས་བུ་འདུ་ཚོགས་ངེས་ཅན་ཞིག་བསྐྱེད་པའི་རང་བྱུང་གི་འགྲོ་ལུགས་ཤིག་རེད། ལས་ནི་ཀུན་སློང་ཞིག་གིས་བསྐྱེད་པའི་བྱ་སྤྱོད་ལས་འབྲས་བུ་ངེས་ཅན་ཞིག་འབྱུང་བ་འདི་ཡིན། དཔེར་ན། ནགས་ཚལ་ཞིག་གི་ནང་མེ་བྱུང་སྟེ་ཤིང་ཧྲུལ་སྐམ་པོ་འགའ་མེས་བཟུང་བས་ནགས་ཚལ་དེ་མེར་ཤོར་བ་ཡིན་ན། མེ་དང་ཤིང་གི་རང་བཞིན་ལ་བརྟེན་ནས་ཤིང་ནགས་དེ་མེས་ཚིག་ནས་དུ་བ་དང་སོལ་བར་འགྱུར་བ་ནི་རྒྱུ་འབྲས་ཆོས་ཉིད་ཀྱི་ནུས་རྩོལ་ཡིན་པ་ལས་ལས་དང་འབྲེལ་བ་མེད། འོན་ཀྱང༌། སེམས་ལྡན་ཞིག་གིས་མེ་དེ་སྦར་ནས་གསོད་རྒྱུ་བརྗེད་པས་ནགས་ཚལ་མེ་ལ་ཤོར་བའི་དོན་རྐྱེན་བྱུང་བ་ཡིན་ན། ལས་འབྲས་ཀྱི་ཆོས་ཉིད་དང་འབྲེལ་བ་ཡོད།

 

ང་རང་ཉིད་ཀྱི་ལྟ་ཚུལ་ལ། འཇིག་རྟེན་ཁམས་ཤིག་གི་ཐོག་མའི་བྱུང་བའི་བརྒྱུད་རིམ་མཐའ་དག་རང་བྱུང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་དང་འབྲེལ་བའི་གནད་དོན་ཞིག་རེད། འཇིག་རྟེན་ཁམས་དེ་དང་འབྲེལ་བའི་ལས་འབྲས་ནི་དུས་སྐབས་གཉིས་ལ་འབྱུང་བར་སྙམ། འཇིག་རྟེན་དེ་འཕེལ་འགྱུར་བྱུང་ནས་སེམས་ཅན་གྱི་ཚེ་སྲོག་གི་རྟེན་གཞི་བྱེད་ཐུབ་པའི་གནས་སྐབས་སུ། འཇིག་རྟེན་དེའི་ལས་སྐལ་ནི་དེར་གནས་བཅའ་བར་བྱེད་པའི་སེམས་ཅན་རྣམས་ཀྱི་ལས་དང་འབྲེལ་ཞིང༌། ཕལ་ཆེར་དེ་ལས་ཀྱང་རྟོགས་དཀའ་བ་ནི་ལས་ཀྱི་ཤུགས་རྐྱེན་ཐོག་མ་སྟེ། འཇིག་རྟེན་དེར་སྐྱེ་བར་འགྱུར་བའི་སེམས་ཅན་དག་གི་ལས་ཀྱི་འབྲས་བུ་སྨིན་པ་དེ་ཡིན། འདིས་འཇིག་རྟེན་དེ་འགྲུབ་པར་རྐྱེན་བྱེད།

 

ནང་པའི་སྲོལ་རྒྱུན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་གཏོགས་ལས་འབྲས་ཀྱི་ཆོས་ཉིད་འདི་རང་བྱུང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་དང་མཚམས་གང་དུ་སྦྱོར་བ་རྟོགས་མི་ཐུབ་པར་བཤད། འགྲེལ་བཤད་མི་མཐུན་པ་གཉིས་ཏེ། སྔ་མས་འཇིག་རྟེན་གྱི་ཁམས་གང་རུང་དང་དེའི་ནང་དུ་གནས་པའི་སེམས་ཅན་རྣམས་ལས་ལས་སྐྱེས་པར་བརྗོད། ཕྱི་མས་རང་བྱུང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ཡོད་པ་དེ་ལ་བརྟེན་ནས་རིམ་གྱིས་འཕེལ་འགྱུར་བྱུང་བར་བརྗོད་པ་འདི་གཉིས་གཅིག་མཐུན་བྱེད་རྒྱུ་ནི་རྙོག་དྲ་ཞིག་ཡིན། གནའ་བོའི་ནང་པའི་གཞུང་དུ་ཕྱོགས་གཅིག་ནས་བེམ་པོ་དང་ཕྱོགས་གཞན་ནས་ཤེས་པ་གཉིས་ལ་རྒྱུ་འབྲས་ཀྱི་ནུས་རྩོལ་རེ་རེ་ཡོད་ཅིང༌། རྒྱུ་འབྲས་ཀྱི་ནུས་རྩོལ་མི་འདྲ་བ་དེ་གཉིས་ཀྱིས་བྱེད་ལས་དང་ཁྱད་ཆོས་ཀྱང་མི་འདྲ་བ་རེ་བསྐྱེད་པར་བརྗོད། བྱེད་ལས་དང་ཁྱད་ཆོས་དེ་ཚོའི་རང་བཞིན་དང༌། རྒྱུ་འབྲས་ཀྱི་འབྲེལ་བ་དང་ནུས་རྩོལ་བཅས་ཀྱི་གོ་རྟོགས་ལ་བརྟེན་ནས་བེམ་པོ་དང་ཤེས་པའི་ཐད་ལ་རྗེས་དཔག་བྱེད་ཅིང༌། རྗེས་དཔག་དེ་ལ་བརྟེན་ནས་ང་ཚོར་ངེས་ཤེས་འཐོབ་ཆོག བརྒྱུད་རིམ་འདི་ལ་ཆོས་ཉིད་དང་ལྟོས་པ། བྱ་བ་བྱེད་པ་དང་འཐད་པ་བཅས་ཀྱི་རིག་པ་ཞེས་མིང་བཏགས་ནས་རྩ་འཛིན་ཞིག་ཏུ་གཏན་འབེབས་བྱས་ཡོད།

 

དེས་ན་རིག་པ་བཞི་པོ་འདི་༼ནང་པའི་མཚན་ཉིད་རིག་པའི་གཞུང་གཞིར་བཞག་ན་རིག་པ་བཞི་པོ་འདིས་རང་བྱུང་ཁམས་ཀྱི་ཆོས་ཉིད་རྣམས་གྲུབ་ཡོད།༽ལས་འབྲས་ཀྱི་ཆོས་ཉིད་ལ་མ་བརྟེན་པ་ཡིན་ནམ། ཡང་ན་འདི་དག་གི་གནས་སྟངས་ཀྱང་རང་ཉིད་འཇུག་སའི་འཇིག་རྟེན་དེའི་ནང་གི་སེམས་ཅན་རྣམས་ཀྱི་ལས་དང་འབྲེལ་བ་ཡོད་དམ། གནད་དོན་འདི་ནི་དངོས་ཁམས་རིག་པའི་ཆོས་ཉིད་དང་འབྲེལ་བའི་དྲི་བ་ཁག་ཅིག་ཡོད་པ་དེ་ཚོ་དང་མཚུངས། འཇིག་རྟེན་གཞན་ཞིག་གི་ནང་ད་ལྟའི་དངོས་ཁམས་ཀྱི་ཆོས་ཉིད་དེ་ཚོ་དང་རྩ་བ་ཉིད་ནས་མི་འདྲ་བའི་ཆོས་ཉིད་གཞན་ཡོད་དམ། ཡང་ན་ང་ཚོར་ཆ་རྒྱུས་ཡོད་པའི་དངོས་ཁམས་ཀྱི་ཆོས་ཉིད་དེ་ཚོ་ཡོད་སྲིད་པའི་འཇིག་རྟེན་ཐམས་ཅད་ཀྱི་ནང་དུ་བདེན་པར་གནས་སམ། འཇིག་རྟེན་ཁམས་མ་འདྲ་བ་ཞིག་གི་ནང་དངོས་ཁམས་ཀྱི་ཆོས་ཉིད་མ་འདྲ་བ་ཁག་ཅིག་འཇུག་པ་ཡིན་ཚེ། ༼ནང་པའི་ལྟ་ཚུལ་ལ།༽ ཐ་ན་དངོས་ཁམས་ཀྱི་ཆོས་ཉིད་རྣམས་ཀྱང་འཇིག་རྟེན་དེར་སྐྱེ་བར་འགྱུར་བའི་སེམས་ཅན་རྣམས་ཀྱི་ལས་དང་འབྲེལ་བ་དམ་པོ་ཡོད་པ་བསྟན་ཡོད།

 

སེམས་ཅན་རྣམས་ཀྱི་ལས་ཀྱི་འཕེལ་ཕྱོགས་དང༌། གཟུགས་ཅན་གྱི་འཇིག་རྟེན་ཞིག་གི་འཕེལ་འགྱུར་བར་གྱི་འབྲེལ་བའི་བྱུང་རིམ་འདི་ནང་པའི་འཇིག་རྟེན་གྲུབ་ཚུལ་རིག་པའི་རྣམ་གཞག་ཁག་གི་འཆར་སྒོ་ལ་ཇི་ལྟར་སྣང་ངམ། ཐབས་ལམ་གང་འདྲ་ཞིག་བརྒྱུད་ནས་ལས་འབྲས་ཀྱི་ཆོས་ཉིད་འདི་གཟུགས་ཅན་གྱི་འཇིག་རྟེན་ཞིག་གི་འཕེལ་འགྱུར་དང་འབྲེལ་བ་འབྱུང་ངམ། སྤྱི་ཡོངས་ནས་དྲི་བ་འདི་ཚོའི་སྐོར་ལ་ཆོས་མངོན་པའི་གཞུང་གིས། སེམས་ཅན་ཞིག་འཚོ་བའི་ཁོར་ཡུག་དེ་ནི་སེམས་ཅན་དེ་དང་སེམས་ཅན་གཞན་ཐུན་མོང་གི་བདག་འབྲས་ཡིན་པ་ཞིག་མ་གཏོགས་གཞན་གང་ཡང་བརྗོད་མེད། འོན་ཀྱང༌། དུས་འཁོར་གྱི་གཞུང་གི་བསྟན་བཅོས་ཁག་ཏུ་འཇིག་རྟེན་གྱི་ཁམས་དང་དེའི་ནང་དུ་འཚོ་བའི་སེམས་ཅན་རྣམས་ཀྱི་ལུས་ཕུང་བར་དང༌། ཕྱིའི་འཇིག་རྟེན་གྱི་རང་བྱུང་གི་འབྱུང་བ་དང་སེམས་ཅན་གྱི་ལུས་ཕུང་སྟེང་གི་འབྱུང་བ་རྣམས་ཀྱི་བར་དང༌། བར་སྣང་གི་གཟུགས་ཅན་གྱི་ཕུང་པོ་དག་གི་བཞུད་འགྲོས་ཀྱི་འཕེལ་འགྲིབ་དང་སེམས་ཅན་གྱི་ལུས་ཕུང་སྟེང་གི་འགྱུར་བའི་བར་བཅས་ལ་འབྲེལ་བ་དམ་པོ་ཡོད་པར་གསུངས། དུས་འཁོར་གྱི་གཞུང་ན་ཕན་ཚུན་གྱི་འབྲེལ་བ་འདི་ཚོ་དང༌། སེམས་ཅན་ཞིག་གི་མྱོང་བའི་ནང་འདི་ཚོའི་མངོན་ཚུལ་སོགས་ལ་འགྲེལ་བཤད་ཞིབ་མོ་བྱས་འདུག དཔེར་ན། ཉི་འཛིན་དང་ཟླ་འཛིན་གྱིས་སེམས་ཅན་ཞིག་གི་དབུགས་ཀྱི་རྒྱུ་བ་ལ་འགྱུར་བ་བཏང་ནས་སེམས་ཅན་དེའི་ལུས་ཕུང་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་ཚུལ་གསལ་བཤད་བྱས་ཡོད། འགྲེལ་བཤད་དེ་ཚོ་ཁག་ཅིག་ནི་མངོན་སུམ་གྱི་མྱོང་བྱ་ཡིན་པས་ཚན་རིག་གིས་ཞིབ་འཇུག་ཚོད་ལྟ་ཞིག་བྱས་ན་འབྲས་བུ་ཅི་འདྲ་ཞིག་འབྱུང་ངམ་སྙམ།

 

ཐ་ན་འཇིག་རྟེན་གྱི་ཐོག་མའི་སྐོར་ལ་ཚན་རིག་གི་རྣམ་གཞག་ཟབ་མོ་འདི་ཚོ་ཡོད་ནའང༌། ངས་ད་དུང་དྲི་བ་གལ་ཆེན་གང་མང་ཞིག་འདྲི་འདོད་པ་ནི། འབར་གས་ཆེན་མོའི་སྔ་རོལ་ལ་ཅི་ཞིག་གནས་ཡོད་དམ། འབར་གས་ཆེན་མོ་དེ་གང་ནས་བྱུང་ངམ། རྒྱུ་རྐྱེན་གང་ཞིག་གིས་འབར་གས་ཆེན་མོ་དེ་བསྐྱེད་དམ། རྒྱུ་མཚན་ཅིའི་ཕྱིར་ང་ཚོའི་སའི་གོ་ལ་འཕེལ་འགྱུར་བྱུང་ནས་ཚེ་སྲོག་གི་རྟེན་གཞི་ཞིག་ཏུ་གྲུབ་པ་ཡིན་ནམ། འཇིག་རྟེན་གྱི་ཁམས་དང་དེའི་ནང་དུ་འཕེལ་འགྱུར་བྱུང་བའི་སེམས་ཅན་བར་གྱི་འབྲེལ་བ་ཅི་ཡིན་ནམ། ཚན་རིག་པས་དྲི་བ་འདི་ཚོ་ལ་གོ་རྒྱུ་གང་ཡང་མེད་པར་མཐོང་བ་དང༌། ཡང་ན་ཁོང་ཚོས་དྲི་བ་འདི་དག་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་སྲིད་ཀྱང་དེ་དག་ཚན་རིག་གི་འཚོལ་ཞིབ་ཀྱི་ཁྱབ་ཁོངས་སུ་གཏོགས་པར་ཁས་ལེན་མི་བྱེད། གང་ལྟར། དེ་འདྲ་ཡིན་ཚེ་ལྟ་ཚུལ་འདི་གཉིས་ཀས་འཇིག་རྟེན་གྱི་ཐོག་མའི་སྐོར་གྱི་ང་ཚོའི་ཚན་རིག་གི་ཤེས་ཡོན་ལ་ཚད་བཀག་ངེས་ཅན་ཞིག་ལྡན་པ་ཁས་ལེན་བྱས་ཡོད། ང་ནི་ཕྱོགས་གཅིག་ཏུ་ལྷུང་བའི་དངོས་གཙོ་སྨྲ་བའི་འཇིག་རྟེན་ལྟ་ཚུལ་ཞིག་གི་འདུ་ཤེས་འཛིན་སྟངས་དང༌། ཡང་ན་ཆེད་ལས་ཀྱི་གནོན་ཤུགས་སོགས་ཀྱི་དབང་དུ་སོང་མེད་ཅིང༌། ནང་ཆོས་ནང་འཇིག་རྟེན་འདིར་ཐོག་མ་དང་མཐའ་མ་མེད་པས། ངས་འབར་གས་ཆེན་མོའི་ཕ་རོལ་ལ་བལྟས་ནས་དེའི་སྔ་རོལ་ལ་ཅི་ཞིག་བྱུང་ཡོད་སྲིད་པའི་གནས་སྟངས་ཀྱི་ཐད་ལ་བསམ་གཞིགས་བྱེད་པར་སྤྲོ་བ་འཕེལ།། །།