ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༢ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༢ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་སྐྱ་མི་མང་ལ་ྋསྐྱབས་རྗེ་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེའི་སྐོར་སྩལ་བའི་བཀའ་སློབ།

    བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་འདི་རྙོག་དྲ་ཕྲན་བུ་ཆགས་འདུག ཉིན་ཤས་སྔོན་ཤར་རྩེའི་དགེ་བཤེས་ལགས་དང་ངོས་གཉིས་ཨ་རིར་འཕྲད་སྐབས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བསྙེན་པ་ཞིག་བསྡད་རྒྱུ་ཡིན་ལུགས་སྐད་ཆ་བྱུང་དགེ་བཤེས་ལགས་ཀྱིས་སྦྱིན་བདག་ཞུ་གི་ཡིན་གསུང་གི་འདུག འགྲིག་གི་རེད་ཅེས་ཞུས་པ་ཡིན། དེའི་གོང་དུ་ངོས་རང་གི་བསམ་བློའི་ནང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ངས་ཐོག་མར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་ཞུས་པ་ཡིན། དེར་བརྟེན་དབང་དང་པོ་དེ་མཆོག་སྤྲུལ་རིན་པོ་ཆེར་ཕུལ་ཐུབ་ན་བསམ་ནས་རེ་བ་བརྒྱབ་པ་ཡིན། ཁ་སང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བསྙེན་པ་གཏོང་བའི་སྐབས་ལ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྨི་ལམ་ནང་མཇལ་ཏེ་ཐུགས་ཧ་ཅང་མཉེས་པོས་ལམ་རིམ་ཆེན་མོའི་ཕྱག་དཔེ་ཞིག་གསོལ་རས་གནང་བའི་རྨི་ལྟས་བཟང་པོ་ཞིག་བྱུང༌། ངོས་རང་བློ་བདེ་པོ་བྱུང་སྟེ་དབང་གི་ཐོག་མ་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བསམ་སྟེ་བསྡད་ཡོད།

   འགོ་སྟོད་ནས་བླ་ཏི་རིན་པོ་ཆེ་དང་ངོས་གཉིས་བཀའ་མོལ་བྱུང་བ་བཞིན་མཆོག་སྤྲུལ་རིན་པོ་ཆེ་འདིར་ཕྱི་ཟླ་ ༩ པའི་ཟླ་མཇུག་དུ་ཕེབས་རྒྱུའི་བཀའ་མོལ་ཡོད། ཤར་རྩེའི་དགེ་བཤེས་ལགས་ཀྱིས་ཀྱང་ཏག་ཏག་བྱེད་ཀྱི་རེད་གསུང་གི་འདུག ཕྱི་ཟླ་ ༩ པའི་ཟླ་མཇུག་ལ་ངོས་ནས་བཀའ་ཆོས་བྱེད་རྒྱུ་དང་ཆབས་གཅིག་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་རྣམས་མཆོག་སྤྲུལ་རིན་པོ་ཆེར་ཕུལ་ཐུབ་པ་བྱུང་ན་ཡག་པོ་ཡོང་བ་འདུག་ཅེས་བཀའ་མོལ་བྱུང་ཡང༌། ད་རེས་སུད་སི་ནས་ལན་ཞིག་འབྱོར་བའི་ནང༌། མཆོག་སྤྲུལ་རིན་པོ་ཆེ་ཕེབས་ཐུབ་པ་མི་འདུག རྒྱ་གར་ནས་ཁ་པར་མང་པོ་ཞིག་འབྱོར་ཡོང་གི་འདུག མཆོག་སྤྲུལ་རིན་པོ་ཆེ་རྡ་རམ་ས་ལར་ཕེབས་པ་ཡིན་ན་སྐུ་ཕྱྭ་འགན་བཟོད་ཀྱི་མ་རེད། དེར་བརྟེན་རིན་པོ་ཆེའི་སྐུ་སྲུང་ལ་མི་ཉི་ཤུ་སུམ་ཅུ་ལྷན་དུ་བཅར་ན་མ་གཏོགས་འགྲིགས་ཀྱི་མ་རེད། དེར་བརྟེན་ཕེབས་སྟབས་བདེ་པོ་མི་འདུག་ཅེས་ལན་འབྱོར་བྱུང༌། ཡིག་ཚང་ནས་ལམ་སང་མཆོག་སྤྲུལ་རིན་པོ་ཆེར་ཕྱག་བྲིས་ཕུལ་བ་དང༌། དེ་བཞིན་བཀའ་ཤག་ནས་ཀྱང་མཆོག་སྤྲུལ་རིན་པོ་ཆེ་ཕེབས་ཐུབ་ན་ཡག་པོ་འདུག་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ལ་སྐུ་སྒེར་ཡིག་ཚང་དང༌། བཀའ་ཤག་ནས་འགན་འཁྱེར་ཆོག་གི་རེད་ཅེས་འཁོད་པའི་ཕྱག་བྲིས་ཕུལ་ཡོད།

    དེའི་མཇུག་ཏུ་དགོན་གསར་རིན་པོ་ཆེས་བསྐུར་བའི་དབྱིན་ཡིག་ཅིག་ཡིག་ཚང་དུ་འབྱོར་བའི་ནང༌། མཆོག་སྤྲུལ་རིན་པོ་ཆེ་ས་གནས་གཞན་ཁ་ཤས་ཤིག་ལ་མཛད་འཆར་བཟོས་ཚར་བ་ཡིན། རྡ་སར་ཕེབས་སྟབས་བདེ་པོ་མི་འདུག་ཅེས་དང༌། ལར་ནས་ྋརྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་མཁན་ཚོར་དབང་མི་གནང་བའི་གཏན་འབེབས་གནང་ཚར་བ་རེད་ཅེས་འཁོད་འདུག དོལ་རྒྱལ་སྐོར་ན་ནིང་ངོས་ནས་ཐག་གཅོད་བྱས་ཚར་བའི་རྗེས་ལ་མཆོག་སྤྲུལ་རིན་པོ་ཆེ་དང༌། སྐབས་དེར་ནོར་བུ་ཆོས་འཕེལ་ཞབས་གྲས་རྒན་པ་ཡིན་སྟབས་ཆེད་མངགས་འབོད་བཀུག་ཞབས་གྲས་གཉིས་བཅས་པར་མཆོག་སྤྲུལ་རིན་པོ་ཆེས་མ་འོངས་པར་དོལ་རྒྱལ་བསྟེན་དང་མི་བསྟེན་ཟན་བརྟག་སྒྲིལ་ནས་ཐག་གཅོད་བྱེད་ཀྱི་ཡིན། གལ་ཏེ་དགོས་པ་རྒྱུ་མཚན་དམིགས་བསལ་ཐོག་ནས་དོལ་རྒྱལ་བསྟེན་པ་གནང་རྒྱུའི་ཟན་བརྟག་ཕེབས་པའི་དབང་དུ་བཏང་བ་ཡིན་ན། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ཐད་དཀོན་མཆོག་གོང་ཕུད་ཀྱི་དམིགས་བསལ་ཡིན། གཞན་སུ་ཡིན་རུང་དོལ་རྒྱལ་བསྟེན་མཁན་ཞིག་ཡིན་ཕྱིན་ཆད་ངོས་ནས་དབང་བསྐུར་རིགས་བྱ་རྒྱུའི་འདོད་པ་མེད་ཅེས་ངོས་ནས་ཐག་བཅད་ཟིན་པ་ཡིན། མཆོག་སྤྲུལ་རིན་པོ་ཆེར་དམིགས་བསལ་ཡིན་ཞེས་གསལ་པོ་བཤད་པ་ཞབས་གྲས་ཚོས་ཀྱང་ཤེས་ཀྱི་ཡོད།

    ན་ནིང་ངོས་རང་རྒྱ་གར་ལྷོ་ཕྱོགས་སུ་སླེབས་པའི་སྐབས་ཁྲི་བྱང་བླ་བྲང་གི་གཉེར་པའམ་ཞབས་ཕྱི་ཞུ་མཁན་མིང་ལ་ཆོས་མཛད་ཅེས་པ་དེ་དང༌། ཕྱག་བྲིས་ཞབས་ཞུ་བ་ཁོང་གཉིས་ལ་ཡང་ངོས་ནས་གནད་དོན་གསལ་པོར་བརྗོད་དེ་མངགས་ཆ་བྱས་པ་ཡིན། རིན་པོ་ཆེ་དང་མཉམ་དུ་ཡོད་པའི་ཞབས་གྲས་ཚོས་གསལ་པོ་ཤེས་ཀྱི་ཡོད་ཀྱང་དེ་སྐོར་གཞན་ལ་རྩ་བ་ནས་བཤད་མེད་པ་ཡིན་ནམ་ཡི་གེའི་ནང་དེ་འདྲ་འདུག གང་ལྟར་དགོན་གསར་སྤྲུལ་སྐུས་རྙོག་དྲ་ཤོད་འདོད་ཡོད་པ་ཞིག་མཐོང་བྱུང༌། ཁྱད་པར་མི་འདུག བློ་ཆུང་ཕན་བཏགས་ཟེར་བ་དེ་ཆགས་པ་རེད། དེ་འདྲ་བྱས་ཏེ་ད་རེས་མཆོག་སྤྲུལ་རིན་པོ་ཆེ་ཕེབས་མ་ཐུབ་པ་རེད། ངོས་ནས་ཡག་པོ་ཞིག་བྱུང་ན་བསམ་སྟེ་ལྷག་བསམ་ཟོལ་མེད་བྱས་པ་ལས་རྒྱུ་མཚན་གཞན་གང་ཡང་མེད།

    བར་སྐབས་ཤིག་ནས་འགའ་ཤས་ཀྱི་ཤོད་སྟངས་ལྟར་ན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ཚུར་ཕེབས་མ་ཐུབ་པ་དེ་ཧ་ལམ་ངོས་ནས་རྙོག་དྲ་བཟོ་གི་ཡོད་པ་ལྟ་བུ་ཤོད་ཀྱི་ཡོད། དེ་འདྲ་ཡོང་ཤེས་སྟངས་མེད། ངོས་ནས་གནད་དོན་དེའི་ཐད་དག་འབུད་བྱེད་དགོས་དོན་གང་ཡང་མེད། གང་ལྟར་ད་རེས་འགལ་རྐྱེན་གྱི་གཞན་དབང་དུ་སོང་སྟེ་མཆོག་སྤྲུལ་རིན་པོ་ཆེ་ཕེབས་ཐུབ་མེད། དེར་བརྟེན་ད་ལམ་ལན་གཅིག་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཕྱིར་འཐེན་བྱེད་རྒྱུ་ཡིན། དགེ་བཤེས་ལགས་ཆེད་མངགས་ཚུར་ཕེབས་པ་ཡིན་ན་སྟོང་ལོག་ཆགས་རྒྱུ་ཡང་ཁྱད་པར་མི་འདུག ཁྱེད་རང་ཚོས་བསམ་བློ་གཏོང་ཤེས་ཀྱི་རེད། མ་འོངས་པར་ཇི་ལྟར་བྱེད་དགོས་མིན་བལྟ་གིན་བལྟ་གིན་བྱེད་རྒྱུ་ཡིན།

    མི་ཁ་ཤས་ཀྱིས་ཁྱད་མཚར་བྱེད་ཀྱི་འདུག ང་ལ་ཁྱད་པར་གང་ཡང་མི་འདུག མ་གཞི་དོལ་རྒྱལ་སྐོར་སང་ཉིན་གནངས་ཉིན་དུས་ཚོད་བྱུང་ན་འགྲེལ་བཤད་བྱེད་ཀྱི་ཡིན། ངོས་ནས་དོ་ནན་པོ་བྱེད་དགོས་པའི་རྒྱུ་མཚན་ལོ་སུམ་བརྒྱའི་རིང་གི་ལོ་རྒྱུས་ཡོད་པའི་གནས་ཚུལ་ཞིག་ཡིན་པ་ལས། ངོས་ནས་རང་དགར་བཤད་པ་ཞིག་མིན། ཞེས་བཀའ་སྩལ།།    །།