ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༣༠ ཉིན་སྩལ་བའི་བཀའ་སློབ།

 ༄༅། །ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༣༠ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ ཚོགས་མི་རྣམས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

    ཁྱོད་རང་ཚོས་དོ་སྣང་བྱས་པ་ཡག་པོ་རེད། ངས་ཐག་གཅོད་འདི་ལྟར་བྱེད་དགོས་དོན་ནི་ྋགོང་ས་ལྔ་པ་ཆེན་པོ་ནས་ད་ལྟ་བར་ལོ་སུམ་བརྒྱ་ལྷག་ཙམ་རིང་རྩོད་གཞི་ཅན་དུ་ལྷག་ཡོད་པ་རེད། གང་ལྟར་དངོས་ཡོད་ལོ་རྒྱུས་ཀྱི་ཐོག་བརྟག་ཞིབ་བྱས་པ་ཡིན་ན། ཨ་མདོ་ཁུལ་ལ་དོལ་རྒྱལ་བསྟེན་མཁན་དེ་ཙམ་མེད། ཁམས་ཁུལ་དང༌། དབུས་གཙང་ཁུལ་དུ་བར་སྐབས་ལོ་དྲུག་ཅུ་ཙམ་གྱི་ནང་དོལ་རྒྱལ་ཁྱབ་སྤེལ་སོང་ཞིང༌། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་ཆ་བཞག་ན་བླ་མ་ཚད་ལྡན་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡང་ངོས་ཀྱི་རྩ་བའི་བླ་མའི་གྲས་ཡིན། བསམ་གྱིས་མི་ཁྱབ་པའི་བླ་མ་ཚད་ལྡན་རེད། དེར་བརྟེན་བླ་མ་སྐྱེས་བུ་དམ་པ་ཁོང་རྣམས་རྟོགས་པའི་གདེང་ཡོད་པའི་ཐོག་ནས་དོལ་རྒྱལ་གྱི་གནས་ཚུལ་ཐ་དད་རེད། ཡིན་ནའང་རྗེས་འབྲངས་སློབ་མ་ཚོས་བླ་མ་ནང་བཞིན་གྱི་རྟོགས་པ་དང་བླ་མ་ནང་བཞིན་གྱི་གནས་ཚད་མེད་བཞིན་དུ་རང་གར་དྲེགས་པ་ཞིག་བསྟེན། དེ་ལ་མགོ་འབུལ་ལུས་འབུལ་ཞུ་དུས་དེ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱིའི་འགྲོ་སྟངས་དང་འགལ་གྱི་ཡོད་ལ། ཡང་སྒོས་ལྷག་པར་ཅན་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་ཕྱག་བཞེས་དང་འགལ་གྱི་ཡོད། གཉིས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དང་མ་འགྲིག་པའི་གནས་ཚུལ་ཧ་ཅང་གསལ་པོ་ཡིན། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པའི་སྐབས་བོད་ཀྱི་ལྷ་མི་ཡོངས་རྫོགས་ནང་ནས་དགའ་བསུ་ཞུ་མཁན་དོལ་རྒྱལ་མ་གཏོགས་བྱུང་མེད། དེ་ཡང་སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་པོ་འཁོད་འདུག ྋསྐུ་གོང་མ་གཤེགས་པའི་ཚེས་གྲངས་བོད་ཟླ་བཅུ་པའི་གནམ་གང་ཉིན་རེད། སྐབས་དེར་དོལ་རྒྱལ་གྱིས་དགུ་རྫོགས་གནམ་གང་ལ་ཡིན་ཞེས་སྐད་གསང་མཐོན་པོས་བསྒྲགས་པ་རེད། དེ་ཡང་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་ལོ་རྒྱུས་ཡོད་པ་ཞིག་ཡིན་སྟབས། སྤྱི་དང་སྒེར་གྱི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ངས་ཐག་གཅོད་བྱས་པ་ཡིན།

        འཕྲལ་རྐྱེན་ཞིག་གི་ཐོག་ནས་མིན་པར་འདས་པའི་ལོ་སུམ་བརྒྱ་ལྷག་ཙམ་རིང་གི་ལོ་རྒྱུས་རྙོག་འཛིངས་ཅན་ཞིག་ཡིན་པར་བརྟེན། ངོས་ནས་ཐག་གཅོད་བྱས་པ་ཡིན། ན་ཚ་ལྟ་བུར་མཚོན་ནའང་ཐོག་མར་གཤགས་བཅོས་བྱེད་སྐབས་ཅུང་མི་བདེ་བ་ཡོང་ལྟར་སྐད་ཆ་ལྷགས་དོན་དེ་འདྲ་རེད། དེ་ལ་ཐལ་ཆ་གང་ཡང་མི་འདུག ཁོ་ཚོ་ཉུང་ཤས་ཤིག་གིས་ྋརྒྱལ་བ་རིན་པོ་ཆེ་དགེ་ལུགས་པའི་བསྟན་པ་བསྣུབས་པར་ཡོང་གི་ཡོད་པ་ལྟ་བུ་ཤོད་ཀྱི་འདུག་ཀྱང་ངོས་ལ་ཁྱད་པར་མི་འདུག ངོས་ནས་བསམ་པ་རྣམ་དག་བྱེད་ཀྱི་ཡོད། མི་གཞན་གྱི་མཐོང་ཚུལ་འདྲ་མིན་ལ་རྣམ་རྟོག་གང་ཡང་བྱེད་ཀྱི་མེད། བཅོམ་ལྡན་འདས་ཞལ་ཞུགས་པའི་སྐབས་སུའང་སྐྱོན་བརྗོད་བྱེད་མཁན་ཡོད་ལ། རྗེ་རིན་པོ་ཆེ་ལ་ཡང་སྐྱོན་བརྗོད་བྱེད་མཁན་ཡོད་པས་ང་མི་ཐེབས་ཆག་ཅིག་ལ་སྐྱོན་བརྗོད་བྱེད་མཁན་ཡོང་དང་ཡོང༌། དེ་ལ་ཧ་ལས་རྒྱུ་གང་ཡང་མེད། ཡིན་ནའང་ག་རེ་གལ་ཆེན་པོ་རེད་དམ་ཟེར་ན། རྒྱ་ཆེའི་མང་ཚོགས་རྣམས་མགོ་འཁོར་ཐེབས་རྒྱུ་མེད། ཤེས་སོང་ངམ། སྤྱང་པོ་དང་གྲུང་པོ་བྱེད་དགོས། སྤྱང་གྲུང་འཛོམས་པོ་བྱེད་པ་ནི་རྒྱག་རེས་རྒྱག་པའི་ཆེད་དུ་མིན། ཚུར་མི་བསད་པ་དང༌། གཞིས་ཆགས་ཁག་ནང་ལ་མེ་བརྒྱབ་པ། མི་གསོན་པོར་མེ་བསྲེགས་གཏོང་རྒྱུ་སོགས་ཀྱི་ལས་ངན་བྱས་ཡོད། ཉེ་དུས་བོད་ནས་གསར་དུ་འབྱོར་བ་དགའ་ལྡན་དང་སེར་སྨད་ལ་འགྲོ་མཁན་རེ་ཟུང་འདུག་པས་ཁོ་ཚོར་བཤད་རྒྱུ་བྱུང༌། ཁྱེད་རང་ཚོ་བོད་ནས་ཡོང་མཁན་ཚོ་རྒྱ་གར་ལ་མི་གསོད་ཁྲག་སྦྱོར་བྱེད་པར་ཡོང་བ་མ་རེད། དངོས་གནས་བསླབ་པ་སློབ་གཉེར་ཡག་པོ་ཞིག་བྱེད་ཐུབ་ན་བསམ་ནས་ཡོང་བ་རེད།
 
       བར་སྐབས་བོད་ནས་ཚུར་ཡོང་མཁན་གྱི་གྲྭ་རྒྱུན་སེར་སྨད་སྤོམ་ར་ཁང་ཚན་གྱི་གྲྭ་རྒྱུན་ཁ་ཤས་དང༌། དགའ་ལྡན་རྡོ་ཁང་ཁང་ཚན་གྱི་གྲྭ་རྒྱུན་ཁ་ཤས་མཚན་ཉིད་དགེ་རྒན་གསོད་མཁན་གྱི་གྲས་སུ་ཡོད་པ་རྒྱ་གར་ས་གནས་ཉེན་རྟོག་པས་གནས་ཚུལ་རིམ་པས་རྩད་གཅོད་བྱེད་དུས་གསལ་པོ་ཐོན་ཡོད། མི་དྲུག་ཡོད་པ་རྣམས་བོད་ལ་བྲོས་ཚར་འདུག ཆ་ཕྲེང་བ་ཁ་ཤས་དང༌། ལི་ཐང་བ་གཅིག་གཉིས་ཡོད་པ་ཤོད་ཀྱི་འདུག དེ་ཚོ་ཚང་མ་བོད་ནས་གསར་དུ་འབྱོར་བ་ཤ་སྟག་རེད། སྙིང་རྗེ་བོད་ནས་ཡོང་དུས་བསམ་བློ་དེ་འདྲ་ག་ལ་ཡོད། རྒྱ་གར་ནང་སྡོད་མཁན་གྱི་མི་ཁྱད་མཚར་དེ་ཚོས་བོད་ནས་ཡོང་མཁན་གནས་ཚུལ་གང་ཡང་མ་རྟོགས་པ་དེ་ཚོའི་གྲས་དངུལ་གྱི་བླུས་པའམ་སློབ་གསོ་བཏང་ནས་བླུས་ཏེ་གང་ལྟར་གནས་ཚུལ་ཐབས་སྡུག་དེ་འདྲ་ཡོང་གི་ཡོད། ང་རང་ཚོའི་ངོས་ནས་རྒྱུ་མཚན་བཤད་པ་དང༌། བདེན་པ་བདེན་ཐུབ་ཀྱི་ཐོག་ནས་གསལ་བཤད་བྱེད་རྒྱུ་མ་གཏོགས་ལག་འཛིངས་གཏོང་དགོས་དོན་རྩ་བ་ནས་མེད།

    བར་སྐབས་ཁྲི་བྱང་རིན་པོ་ཆེ་མཆོག་སྤྲུལ་རྒྱ་གར་དུ་ཕེབས་རྒྱུ་སྐུ་ཕྱྭའི་ཉེན་འགན་བཟོད་ཀྱི་མི་འདུག་ཟེར་གྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་ནས་དོལ་རྒྱལ་བསྟེན་མཁན་ཚོར་ངར་ངར་ཕད་ཕད་ལྟ་བུ་རྩ་བ་ནས་བྱེད་རྒྱུ་མེད། ཤེས་སོང་ངམ། གཙོ་བོ་ང་རང་ཚོ་མགོ་འཁོར་མ་ཐེབས་པ་བྱེད་དགོས། རྒྱུ་མཚན་དང་དགོས་པ་གང་དང་གང་ཡོད་པ་རྣམས་ཤེས་པ་བྱས་ནས་རང་ལུགས་བརྟན་པོ་འཛིན་དགོས། བོད་རྒྱ་ཆེའི་མི་མང་ལྷག་བསམ་རྣམ་དག་ཡོད་པ་རྣམས་གཡམ་རྒྱུགས་ལ་མི་འགྲོ་བ་ཞིག་དང༌། མགོ་སྐོར་མ་ཐེབས་པ་བྱེད་དགོས་པའི་སློབ་གསོ་རྒྱག་དགོས། གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་ང་ལམ་དེར་འགྲོ་གི་ཡིན་ཞེས་བརྗོད་ན་སོ་སོའི་རང་དབང་རེད། ཁྱད་པར་གང་ཡང་མི་འདུག ང་ཚོའི་ངོས་ནས་དབྱུག་པ་གཞུས་པ་དང༌། གྲི་འཛུགས་པ་བྱེད་དགོས་དོན་མེད། དེ་ནི་གནས་ཚུལ་ཐ་དད་ཡིན། ཤེས་སོང་ངམ། ཞེས་བཀའ་སྩལ་ཏོ།།    །།