ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།

མདུན་ངོས། / ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཁུལ་དུ་ཡོད་པའི་བླ་སྤྲུལ་རྣམ་པ་དང༌། དགེ་བཤེས། ཉེ་འཁོར་གྲྭ་ཚང་གི་འཐུས་མི། གྲྭ་བཙུན་གཙོ་བོར་གྱུར་པའི་ཐོག་བཀའ་སྤྱི་དང་སྲི་ཞུའི་ལས་བྱེད་ཁོངས་གཏོགས་དང༌། ཚོགས་པ་ཁག་གི་རྒྱུན་ལས་འཐུས་མི། གཞན་ཡང་སེར་སྐྱ་མི་མང་ཁག་གཅིག་བཅས་ལ་དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་ལ་ལོ་རྒྱུས་ཀྱི་ཡིག་ཆའི་ཁུངས་སྐྱེལ་དང་བཅས་སྤང་བླང་བྱེད་སྒོའི་བཀའ་སློབ་གསལ་བཤད་ཤིན་ཏུ་གལ་ཆེ་བ་ཞིག་སྩལ་བའི་བཀའ་སློབ།

    དེ་རིང་འདིར་བླ་སྤྲུལ་དགེ་བཤེས་རྣམ་པ་དང༌། དགེ་འདུན་པ་དང་བཙུན་མ་ཚོ་བཅས་གཙོ་བོར་གྱུར་པ་དང༌། དེ་བཞིན་གཞུང་གི་ལས་བྱེད་དང་མི་མང་ཚོ་བཅས་ཀྱི་ཐོག་ཞུ་རྒྱུ་གཙོ་བོ་དོལ་རྒྱལ་གྱི་སྐོར་ཡིན། འདི་ང་རང་ཚོའི་བོད་རང་དབང་གི་འཐབ་རྩོད་བྱེད་པའི་ཆབ་སྲིད་ཀྱི་ཚོགས་འདུ་མིན་ལ། ཆོས་འཆད་ཉན་བྱེད་པའང་མིན། དེ་རིང་གནད་དོན་འདི་དམིགས་བསལ་ཞིག་ཆགས་ཡོད། འདི་འདྲ་ཚོགས་མཁན་འཛམ་གླིང་ཐོག་ཧ་ལམ་ང་ཚོ་མ་གཏོགས་ཡོད་པ་མ་རེད་བསམ་པ་དྲན་གྱི་འདུག ཡང་ལྷ་འདྲེའི་སྐོར་ཤོད་དུས་ང་ཚོས་མཐོང་བའི་ཡུལ་དུ་མ་གྱུར་པའི་ལྐོག་གྱུར་གྱི་གནས་ཚུལ་ཞིག་ཡིན། དཔེར་ན། སྣང་ས་འདས་ལོག་གིས་བར་དོ་དང༌། དམྱལ་ཁམས་ནང་ཉམས་མྱོང་ག་རེ་བྱུང་མིན་བཤད་ཡོད་པ་བཞིན་སྣང་ས་འདས་ལོག་གི་ལོ་རྒྱུས་བཤད་པ་ལྟ་བུ་ཧ་ལམ་ཆགས་གྲབས་བྱེད་ཀྱི་ཡོད་པ་དང༌།

    གཉིས་ནས་ང་རང་ཚོ་བོད་སྤྱི་པའི་དོན་དག་དུས་ཚོད་ཤིན་ཏུ་ཛ་དྲག་པོ་དང༌། ཧ་ཅང་གལ་ཆེ་བའི་དུས་ཚོད་ལ་སླེབས་ཡོད། གཞུང་གི་ལས་བྱེད་པར་ཆ་བཞག་ན་ཆུ་ཚོད་གཅིག་གཉིས་ཀྱི་དུས་ཚོད་ཀྱང་རྩ་ཆེར་བརྩིས་ནས་དམ་འཛིན་བྱས་ཏེ་ལས་ཀ་བྱེད་དགོས་པ་འདི་འདྲའི་དུས་ཚོད་ལ་ང་ཚོས་དེ་རིང་གི་དུས་ཚོད་འདི་བཏང་ནས་ཚོགས་པ་འདི་ཕྱོགས་གཅིག་ནས་བལྟས་ན་ཧ་ལམ་ལས་ཀའི་དུས་ཚོད་ཆུད་ཟོས་གཏོང་བ་ལྟ་བུ་ཆགས་ཀྱི་འདུག ཡིན་ནའང་ང་རང་ཚོའི་བར་སྐབས་ཀྱི་གནས་ཚུལ་ཡོང་རྐྱེན་མང་པོའི་ཐོག་ནས་གང་ལྟར་རྙོག་ཁྲ་འདི་གཅིག་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེར་འབྲེལ་བ་ཡོད་པ་ཞིག་དང༌། གཉིས་ནས་བོད་རང་དབང་གི་འཐབ་རྩོད་བྱེད་མཁན་བཙན་བྱོལ་གཞུང་ངམ། ྋརྒྱལ་བ་རིན་པོ་ཆེས་འགོ་ཁྲིད་པའི་བོད་གཞུང་འདི་དང་འབྲེལ་བ་ཡོད་པ་ཞིག་ལ་བརྟེན། འདི་ཡང་གནད་འགག་བརྩི་དགོས་པ་ཞིག་འདུག དོལ་རྒྱལ་གྱི་གནས་ཚུལ་སྐོར་ལ་ཐོག་མ་ངོས་ནས་ཀྱང་དོལ་རྒྱལ་བསྟེན་གྱི་ཡོད། ྋསྐྱབས་རྗེ་ཕ་བོང་ཁས་ཐུན་མོང་མ་ཡིན་པ་གནང་བ་དང༌། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་ཐུན་མོང་མ་ཡིན་པ་གནང་གི་ཡོད།

    འཕྲལ་རྐྱེན་ནི་ངོས་རང་སྔོན་མ་ ༡༩༥༠ ནས་ ༡༩༥༡ ལོར་གྲོ་མོར་སོང་ནས་སྡོད་སྐབས་དུང་དཀར་དགོན་པར་འདུལ་འཛིན་གྱི་སྐུ་ཕེབས་ཡག་པོ་ཞིག་ཡོད། དེ་འདྲའི་ཐོག་ནས་ངོས་དང་འབྲེལ་བ་བྱུང་བ་རེད། དེའི་མཇུག་ཏུ་ཆོས་འཁོར་ཡང་རྩེའི་དོལ་རྒྱལ་གྱི་སྐུ་ཕེབས་འདི་དགེ་བཤེས་བསམ་གྲུབ་སྐུ་གཞོན་པ་ཚེ་དབང་བསམ་གྲུབ་ཁོང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ནས་ཁོང་གིས་སྐབས་དེར་འཇིགས་བྱེད་ཀྱི་འཕྲུལ་འཁོར་སྒྲུབ་པ་གནང་གི་ཡོད། དེ་སྔ་བསམ་གྲུབ་སྐུ་བགྲེས་པའི་སྐབས་སུའང་འཇིགས་བྱེད་ཀྱི་འཕྲུལ་འཁོར་དེ་འདྲ་སྒྲུབ་པ་གནང་ཡོད། ཕྱིས་སུ་དུས་འགྱུར་མ་བྱུང་ཙམ་སྟེ་ ༡༩༤༩ ལོ་ཙམ་ལ་ཡིན་པ་ཡོད། གཟིམ་དཔོན་མཁན་པོ་བྱམས་པ་ཆོས་བཟང་བརྒྱུད་ནས་དགེ་བཤེས་ཚེ་དབང་བསམ་གྲུབ་ཀྱིས་འཇིགས་བྱེད་ཀྱི་འཕྲུལ་འཁོར་སྒྲུབ་པ་དེ་འདྲ་དང་འབྲེལ་བ་བྱུང༌། དེ་རྗེས་དེ་འདྲའི་འབྲེལ་བའི་ཐོག་ནས་ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་དང་འབྲེལ་བ་བྱུང་བ་རེད།

    ཡང་སྙིང་ངོས་རང་རྒྱ་གར་དུ་འབྱོར་འཕྲལ་ལ་རྒྱལ་ཆེན་གྱི་སྲོག་གཏད་ཞུ་རྒྱུའི་འཆར་གཞི་བཏིང་ནས་ྋསྐྱབས་རྗེ་རིན་པོ་ཆེར་སྙན་གསན་ཞུས་པ་ཡིན། ྋསྐྱབས་རྗེ་རིན་པོ་ཆེས་ཀྱང་དེ་དོན་གྲ་སྒྲིག་གནང་བ་བཅས་སྐབས་དེ་དག་གི་ལོ་རྒྱུས་ཞིབ་ཕྲ་སྔོན་མ་བཤད་ཟིན་པ་ལྟར་དེབ་ཀྱི་ནང་འཁོད་ཡོད། དེ་རིང་འདིར་ངོས་ནས་ཁ་ཚ་དགོས་གཏུགས་ཀྱི་གལ་ཆེ་བ་ཁག་བཤད་ན་སྙམ་པ་བྱུང༌། སྔོན་མ་དང་པོ་ངོས་ནས་ཀྱང་བསྟེན་རྒྱུའི་བསམ་བློ་བཏང་བ་རེད། དེ་རྗེས་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ནས་གནས་ཚུལ་འདི་སྐོར་ངོས་ནས་རྗི་རིག་སྟེ་ངོས་ནས་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱེད་རྒྱུའི་བསམ་བློ་འཁོར། ཐག་གཅོད་བྱེད་བྱེད་རྒྱུ་དེ་ཡང་ལྐོག་གྱུར་གྱི་གནས་ཚུལ་ཡིན་པར་བརྟེན་ལམ་སང་མིས་ཐག་གཅོད་བྱེད་ཐུབ་ཐབས་མེད་ལ། ལྷ་ནང་ཁུལ་ནས་ཀྱང་དེ་ཚོའི་ཐག་གཅོད་བྱ་རྒྱུ་ཁག་པོ་རེད། དེ་ནི་དོ་དོ་ཏན་ཏན་བྱས་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་དུས། ངོས་ནས་དོ་དོ་ཏན་ཏན་གྱིས་བརྟག་དཔྱད་བྱས་པའི་མཐའ་མར་བརྒྱ་ཆ་བརྒྱ་ངོས་རང་ཡིད་ཆེས་གདེངས་འཁེལ་བའི་གནས་ཚུལ་ལ་རྒྱལ་ཆེན་བསྟེན་ན་འགྲིགས་ཀྱི་མེད་པའི་གནས་ཚུལ་ཧ་ཅང་གསལ་པོ་ཆགས་སོང༌། དེར་བརྟེན་ང་རང་གི་ངོས་ནས་ཅམ་འཇོག་བྱེད་པའི་མཐའ་མའི་ཐག་གཅོད་ཀྱང་ཟན་བརྟག་གི་ཐོག་ནས་ཐག་གཅོད་བྱས་པ་ཡིན། དེ་སྐབས་མཚན་མ་ཡང་དམིགས་བསལ་ཁྱད་མཚར་དེ་འདྲ་བྱུང༌། དེ་ལྟར་བྱས་ཏེ་ཐག་བཅད་པ་རེད། ངོས་རང་གི་སྤང་བླང་བྱེད་སྒོ་ང་རང་ལ་རང་དབང་ཡོད་པ་ཡིན་དུས་ངོས་ནས་ཐག་བཅད་པ་ཡིན་ཡང༌། སྤྱིར་བཏང་ཕྱི་ལ་སྐབས་དེར་གནས་ཆུང་གི་ལུང་ཞིག་ཐོན་པའི་དུས་སུ་ངོས་ནས་གནས་ཆུང་ལའང་རྒྱལ་ཆེན་གྱི་སྐོར་དེ་གསུངས་ན་མདའ་དཀྲོག་ཕུ་དཀྲོག་བྱེད་ཀྱི་རེད། དམ་ཚིག་མ་གཙང་བ་མང་པོ་ཆགས་ན་ཡག་པོ་མེད། ཞལ་ཁར་བཞུགས་ན་ཡག་གི་རེད་ཅེས་ངོས་ནས་གནས་ཆུང་གི་ཞལ་བཀག་པ་ཡིན།

   འདི་ནས་བཟུང་གནས་ཆུང་གིས་ཚིག་གཅིག་གསུངས་མ་བྱུང༌། ཡིན་ནའང་ཛེ་སྨད་རིན་པོ་ཆེས་བྲིས་པའི་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བའི་དེབ་དེ་ཐོན་པ་རེད། སྐབས་དེར་ང་ཚོས་འདི་གར་བོད་བསྟན་སྲིད་ཀྱི་དོན་དུ་གུ་རུའི་འབུམ་ཚོགས་འབུལ་བའི་སྐབས་ལ་བཙུན་མ་ཁ་ཤས་ཡོང་ནུས་མ་ནུས་བྱས་འདུག ག་རེ་བྱས་པ་རེད་དམ་ཞེས་བརྗོད་སྐབས། ཛེ་སྨད་རིན་པོ་ཆེའི་དེབ་ཅིག་འདུག དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་སྐོར་དེ་འདྲ་བྱས་ན་ལམ་སེང་རྒྱལ་ཆེན་གྱིས་ཚར་གཅོད་ཀྱི་རེད་ཟེར་བ་ཞིག་གིས་ཞེད་སྣང་ཧ་ཅང་ཆེན་པོ་བྱེད་པ་དེ་འདྲ་བྱུང་སོང༌། ངོས་རང་འདི་བདེ་པོ་ཞིག་རྩ་བ་ནས་མཐོང་མ་བྱུང༌། དེ་སྐབས་གུ་རུར་འབུམ་ཚོགས་འབུལ་བ་འདི་ངོས་རང་སྒེར་གྱི་དོན་དག་མིན། བོད་སྤྱི་པའི་དོན་དག་ཡིན། ག་རེ་བརྗོད་རུང་མ་བརྗོད་རུང་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་གནས་ཚུལ་གྱི་འོག་ནས་སློབ་དཔོན་རིན་པོ་ཆེ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན། འདི་ལ་འབུམ་ཚོགས་འབུལ་རྒྱུ་དང་བོད་སྤྱི་པའི་དོན་དག་ལ་ངོས་རང་མི་སྒེར་གྱིས་བསོད་ནམས་བསགས་ནས་བོད་སྤྱི་པའི་དོན་ལ་འཕོ་འགྱུར་འགྲོ་གི་ཡོད་ན་ཁྱད་པར་མི་འདུག ངོས་རང་གཅིག་པུས་ཐབས་ཤེས་བྱེད་ཆོག་གི་རེད། ཡིན་ནའང་བོད་སྤྱི་པའི་བདེ་སྡུག་འདིར་བོད་སྤྱི་པ་རང་གི་ཐོག་ནས་བསོད་ནམས་བསགས་དགོས་པ་ལས། ང་མི་གཅིག་གིས་བསོད་ནམས་བསགས་པ་གཅིག་པུས་འགྲིགས་མེད། དེར་བརྟེན་འབུམ་ཚོགས་འབུལ་རྒྱུ་འདི་གལ་ཆེ་དོན་ཆེ་ལ་བརྩིས་ནས་འབུམ་ཚོགས་འབུལ་གྱི་ཡོད། དེ་ལ་ཞེད་སྣང་བྱེད་པ་ཞིག་ཆགས་དུས་བདེ་པོ་ཞིག་རྩ་བ་ནས་མ་བྱུང༌།

    ལར་ནས་ངོས་ཀྱིས་ཆོལ་ཁ་གསུམ་ཚང་མ་རྡོག་རྩ་ཆིག་བསྒྲིལ་དགོས་པ་དང་ཆབས་ཅིག་ང་ཚོས་ཆོས་དང་གྲུབ་མཐའ་ཕན་ཚུན་ལ་བརྟེན་ནས་སྡིག་པ་གསོག་པ་འདི་ཤིན་ཏུ་ཐབས་སྐྱོ་པོ་ཡིན་པ་དེ་སྔ་ང་རང་བོད་ལ་ཡོད་དུས་ནས་མཐོང་ཚུལ་འདི་ཡོད་ལ། ལྷག་པར་རྒྱ་གར་དུ་སླེབས་དུས་འདི་ཧ་ཅང་སྐྱོན་ཆེན་པོ་ཞིག་ཏུ་མཐོང་བྱུང༌། རིས་སུ་མ་ཆད་པའི་ྋརྒྱལ་བའི་བསྟན་པ་ལ་དག་སྣང་དང༌། ཉམས་ལེན་བྱེད་པའི་ཧ་ཅང་གི་མིག་དཔེ་བཟང་པོ་དང༌། ཕྱག་སྲོལ་བཟང་པོ་ཞིག་ལ་ཤེས་ནས་དད་པ་ཐོབ་པའི་ཐོག་ནས་ངོས་ནས་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱེད་ཀྱི་ཡོད། འདིར་འགལ་རྐྱེན་གྱི་གནས་ཚུལ་ཆགས་ཡོང་དུས་འདི་ཡག་པོ་གང་ཡང་མི་འདུག དེར་བརྟེན་རྒྱལ་ཆེན་སྐོར་ཡོངས་བསྒྲགས་ཀྱིས་དམ་དྲག་བྱེད་པའི་འགོ་བཙུགས་པ་ཡིན། དེ་སྐོར་གོང་དུ་བཤད་མ་ཐག་པ་བཞིན་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་དེ་དུས་ངོས་ཀྱི་དམིགས་ཡུལ་བཟུང་སྟངས་ཧ་ཅང་གསལ་པོ་ཡིན། དོལ་རྒྱལ་འདི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྐྱེན་ངན་ཞིག་གི་ཐོག་ནས་བཀྲོངས་པ་ཡིན་ནའང་འདྲ། གང་ལྟར་ག་རེ་ཡིན་རུང་མིན་རུང་དོལ་རྒྱལ་འདི་བྱུང་བ་ཡིན་པ་རེད། མི་ཐོག་ཀྱང་མང་པོ་ཞིག་ཕྱིན་ཡོད།

    སྐུ་གོང་མའི་སྐབས་ལྷ་ཞིབ་གནང་སྟེ་ལྷ་འདྲེ་ཕེབས་མཁན་མང་པོ་ཞིག་ཕེབས་མ་ཆོག་པ་བཟོས་གནང་ཡོད། ཡིན་ནའང་སྤྲོ་བདེ་ཁང་གསར་གྱི་ལྷ་ཕེབས་རྒྱུ་དེ་འདི་མུར་བཞག་ཡོད་པ་ལས་ཕེབས་མ་ཆོག་པ་བཟོས་མེད། ཕེབས་མ་ཆོག་པའི་གྲས་དེ་རིགས་མ་རེད། ཡིན་ནའང་དེ་ལ་ཁོ་རང་གི་གནས་བབ་ཅིག་ཡོད་པ་ཡིན། བོད་དུ་ལུང་པ་རེར་ཡུལ་ལྷ་རེ་དང༌། གཞི་བདག་རེ་བྱས་ཏེ་མང་པོ་ཡོད་པ་དེ་ཚོ་སྐྱེས་ལྷ་ཡུལ་ལྷར་བསྟེན་ཏེ་གསོལ་བའི་ལུགས་སྲོལ་ཞིག་ཡོད། དེ་ནི་འགྲིགས་པ་ཡིན། དོལ་རྒྱལ་ཡང་སྐྱེས་ལྷ་ཡུལ་ལྷ་ལྟ་བུར་བརྩིས་ཏེ་གསོལ་མཁན་ཡོད་པ་ཡིན་ན་དེ་ལ་ཁྱད་གང་ཡང་མི་འདུག མི་ལ་ཡིན་ནའང་རང་བཞིན་གྱི་ཐོབ་དང་གོ་ས་ལ་གཞིགས་པའི་གནས་སྟངས་ཐོག་སྡོད་དགོས་པ་ཇི་བཞིན། ལྷའི་སྤྱི་ཚོགས་ཀྱི་ནང་དུའང་དེ་དེ་བཞིན་བྱས་ཏེ་མིང་གནས་ཀྱི་ཐོབ་ཐང་ཡོད་པ་དེ་རང་ཐོག་བཞག་ན་སྙོམས་པོ་ཡོད། སྐུ་གོང་མས་སྲིད་བྱུས་འདིའི་ཐོག་ཕྱིན་ཡོད་པ་རེད། གང་མཚམས་ནས་འབྲས་སྤུངས་དང༌། གདན་སའི་ནང་ཕྲན་བུ་མངོན་གསལ་དོད་པོའམ། ཤུགས་ཆེན་པོ་ཆགས་ཡོང་དུས་དམ་དྲག་གནང་ཡོད། རྩ་བ་ནས་ཕེབས་མ་ཆོག་པ་བཟོས་གནང་ཡོད་པ་མ་རེད། གནས་ཚུལ་དེ་ལྟར་ཡིན།

    ང་རང་ཡང་གནས་ཚུལ་དེ་ལྟར་ཡིན། རི་བོང་ཅལ་འདྲོགས་ཀྱི་གནས་ཚུལ་འདི་བཀག་འགོག་བྱེད་པའི་ཆེད་དུ་འབད་རྩོལ་བྱས་པ་ཡིན། རྩ་བ་མི་སྒེར་སུ་དང་སུ་ཡིན་ནའང་མདོར་ན། ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ལྷ་ག་རེ་བསྟེན་དང་མི་བསྟེན་ཡང་སོ་སོའི་རང་དབང་རེད་ཅེས་སྐབས་དེར་ངས་བརྗོད་ཡོད། སྤྱི་པའི་མིང་ཐོག་ནས་མི་བཞི་གྲྭ་ཡན་ཆད་ཀྱིས་བསྐང་གསོ་བཏང་ན་འགྲིགས་ཀྱི་མི་འདུག་ཅེས་བརྗོད་ཡོད། དེ་རྗེས་མང་པོ་ཞིག་གིས་ངོས་ནས་བརྗོད་པར་རྒྱུ་མཚན་མཐོང་ནས་མཚམས་འཇོག་བྱེད་མཁན་མང་པོ་བྱུང་ཡོད། ཡིན་ནའང་བར་སྐབས་ནས་རིགས་ཁ་ཤས་ཀྱིས་མ་གོ་མ་ཐོས་པའི་ཚུལ་བྱེད་པ་དང༌། ཁ་ཤས་ནི་མ་ཤེས་པ་ཡིན་ནམ། རིགས་གཅིག་གིས་རྫུས་རྫུས་བྱས་ཏེ་ཨའུ་ཙི་མིན་ནམ་ཟེར་བ་དེ་མཐར་གཏུགས་ནས་བཤད་ན་ང་ཚོ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད་དུས་ྋརྒྱལ་བ་རིན་པོ་ཆེར་བྱེད་ཚད་གང་ཡོད་སྙམ་པའི་ཐོག་ནས་གང་ལྟར་རི་བོང་རྡོ་བརྫུས་བྱེད་མཁན་ཡོང་གི་ཡོད། ཡིན་ནའང་དེ་དག་གནད་འགག་མི་འདུག ཕལ་ཆེར་ལོ་བཅུ་གྲངས་ཙམ་ཕྱིན་མེད་དམ་འབྲས་སྤུངས་ལ་ལམ་རིམ་ཆེན་མོ་འཆད་པའི་སྐབས་ངོས་ནས་དམ་དྲག་བྱེད་དགོས་པའི་སྐོར་ཐེངས་གཅིག་བཤད་མྱོང༌། སྐབས་དེར་ཆོས་ཞུར་སེ་འབྲས་དགའ་གསུམ་དང་རྒྱུད་པ་བཅས་པའི་མཁན་པོ་ལས་ཐོག་བཅུ་གྲངས་ཤིག་ཡོད། ཁོང་ཚོ་ཚང་མས་ངོས་ཀྱི་མདུན་ལ་ཕེབས་ནས་བཤུམས་ཏེ་ཤུགས་ཆེའི་ཁས་ལེན་གནང་བྱུང༌། གང་ལྟར་ངས་འབོད་བསྐུལ་བྱས་པར་ཐུགས་ཁུར་ཆེན་པོ་བསྐྱེད་བྱུང་ཡང༌། དོན་ངོ་མའི་ལག་ལེན་གྱི་ཐོག་བལྟ་དུས་དེ་ཙམ་གྱི་ནུས་པ་ཐོན་པའི་གནས་ཚུལ་ཞིག་བྱུང་མེད།

    དེ་ནས་རྐྱེན་རྩ་གཅིག་ནི་ངོས་རང་ཧུན་སུར་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་འགྲེལ་པ་བཞི་མགས་ཀྱི་གསུང་ཆོས་ཕུལ་བའི་སྐབས་ལ། གཞིས་སྒར་ནང་གི་མི་སྐྱོ་པོ་དེ་འདྲ་གནོད་པས་ན་གི་འདུག་པས་ཕུ་རྒྱག་རོགས་ཟེར་མཁན་དེ་འདྲ་ཡང་ཡང་ཐུག་བྱུང༌། མི་སྐྱོ་པོ་གང་འཚམས་ཤིག་གིས་ལྷས་གནོད་ཀྱི་འདུག རྒྱལ་ཆེན་གྱིས་གནོད་ཀྱི་འདུག་ཅེས་དེ་འདྲ་བརྗོད་གྱི་འདུག ངོས་རང་ཧ་ཅང་སེམས་སྐྱོ་པོ་བྱུང༌། བསྟན་པ་སྤྱི་ལ་ཐུག་པ་དེ་འདྲ་ནི་མ་རེད་གཉོམ་ཆུང་དེ་དག་ལ་ཐུབ་ཚོད་བཤད་ནས་ཆོ་གང་ཡོང༌། ལྷ་དངོས་གནས་ཡེ་ཤེས་པ་གཞན་ཕན་གྱི་བསམ་བློ་ཡོད་པ་ཞིག་ཡིན་ན་མི་གཉོམ་ཆུང་དེ་ཚོའི་རིགས་ལ་ཐུབ་ཚོད་གཏོང་དོན་མེད། མིའི་སྤྱི་ཚོགས་ཀྱི་ནང་ལའང་མིས་མི་ལ་ཐུབ་ཚོད་བཏང་ན་སྡུག་ཆགས་ཡིན་ལ། ལྷའི་ནང་ནས་ཀྱང་ཐུབ་ཚོད་གཏོང་མཁན་བྱུང་ན་ཡག་པོ་མ་རེད་བསམས་ཏེ། འདི་ངོས་ཀྱི་སྣང་བར་ཕྱིན་མ་སོང༌། འགྲེལ་པ་བཞི་མགས་ཀྱི་འཆད་ཉན་ཆོས་ཐུན་གཅིག་གི་ཐོག་ལ་སྔར་རྒྱུད་པའི་དགེ་བསྐོས་དང༌། བླ་མ་ལས་སྣེ་ཚོས་གྲྭ་དམངས་ལ་ཚོགས་གཏམ་བསླབ་བྱ་བསྐྱོན་སྐབས་ཆོས་སྲུང་ཚོ་ལའང་བཀའ་བསྒྱུར་གཏོང་བའི་ལུགས་སྲོལ་ཞིག་ཡོད་པ་བཞིན། ངོས་ནས་ཀྱང་དེ་ལྟར་བྱས་ཏེ་འགྲེལ་པ་བཞི་མགས་འཆད་པའི་ཁྲི་སྟེང་ནས་ལྷ་འདྲེ་དེ་ཚོའི་གྲས་ལ་ཕན་པ་བསྒྲུབ་དགོས་པ་དང༌། གླགས་འཁེལ་བའི་ནུས་པ་འདོན་རྒྱུ་ཡོད་ན་རྒྱ་མིའི་སྒང་ལ་བཏོན་དགོས། དེ་ལྟར་བཏོན་ན་རྗེས་སུ་ཡི་རངས་ཡོད། དེ་མིན་ང་རང་ཚོ་ནང་ཁུལ་མི་གཉོམ་ཆུང་ཐོག་ཐུབ་ཚོད་བཏང་ན་ཡག་པོ་རྩ་བ་ནས་མ་རེད་ལ། དེ་ནི་བསྟན་སྲུང་མ་རེད་ཅེས་ངོས་ནས་འགྲེལ་པ་བཞི་མགས་འཆད་སའི་ཁྲི་སྟེང་ནས་རྡོ་རྗེ་འཆང་གི་ང་རྒྱལ་འཛིན་ནས་བཤད་པ་ཡིན། ཉན་མཁན་ཡོད་མེད་ནི་མི་ཤེས། ངོས་རང་དེར་མ་བདེ་བ་ཞིག་གིས་སྐྱིད་པོ་མ་བྱུང༌། དེ་ནས་བར་སྐབས་རྒྱལ་ཆེན་སྐོར་དེ་ཕྱི་རྒྱལ་གྱི་མིའི་ནང་དུའང་གང་འཚམས་སྤེལ་གྱི་ཡོད་པའི་བཟོ་འདུག ཕྱི་རྒྱལ་གྱི་མིའི་གྲས་ནས་དེ་དག་བསྟེན། རྗེས་སུ་ཞེད་སྣང་གིས་འདྲ་མི་འདྲ་བྱེད་མཁན་དེ་འདྲ་ཕྲན་བུ་ཡོང་གི་འདུག

    ཉེ་བའི་ཆ་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྣང་བརྙན་དང༌། དེའི་གཞོགས་ཕར་ཕྱོགས་ལ་རྒྱལ་ཆེན་གྱི་སྐུ་ཡོད་པའི་པར་དེ་འདྲ་ཞིག་ཐོན་འདུག དེ་ནི་རྫབ་ཆེན་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་འདི་འདྲའི་སྐྱེས་བུ་ཆེན་པོ་འདིའི་སྐུ་པར་གྱི་རྒྱབ་ལ་རྒྱལ་ཆེན་སྦྱར་ནས་ཡོང་ན་དེ་ནི་ཧ་ཅང་ཚད་ལས་བརྒལ་བའི་གནས་ཚུལ་རེད། གཞན་དག་ཕར་བཞག་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་པར་གྱི་རྒྱབ་ལ་དམ་ཅན་ཆོས་རྒྱལ་སྦྱར་བ་ཡིན་ནའང་ང་ནི་བདེ་པོ་ཡོང་བ་མི་འདུག ཡི་དམ་གྱི་ལྷ་དེ་འདྲ་བཞག་ན་གནས་ཚུལ་ཐ་དད་རེད། དེ་དག་རྫུས་རྫུས་ཚ་རུ་ཚ་རུ་འགྲོ་གི་འདུག དེ་བཞིན་སེར་སྨད་སྤོམ་པོ་ར་བའི་ཁོངས་མིན་ནམ་སྤང་ལུང་རྒྱལ་ཆེན་ཕེབས་མཁན་དེ་བར་སྐབས་ཐེ་ཝན་ལ་ལོ་བསྟུད་ནས་འགྲོ་གི་ཡོད་པ་དང༌། ཐེ་ཝན་ཐོག་ང་ཚོ་བོད་གཞུང་གི་སྲིད་བྱུས་གང་འདྲ་ཞིག་ཡོད་པ་དང༌། བོད་གཞུང་གིས་བྱེད་སྟངས་གང་འདྲ་ཞིག་བྱེད་ཀྱི་ཡོད་ཅེ་ན། དོན་དག་གི་ཐོག་ལ་ང་ཚོའི་མི་འགྲོ་གི་ཡོད་པ་མ་གཏོགས། བྱབ་སྐྱེལ་བར་ང་ཚོའི་མི་འགྲོ་གི་མེད། དེ་མིན་ལ་དམ་དྲག་བྱེད་ཀྱི་ཡོད། འདི་འདྲ་ཞིག་བྱེད་པའི་སྐབས་ལ་དོལ་རྒྱལ་གྱི་སྐུ་རྟེན་དང་མཉམ་དུ་རོགས་པ་གཅིག་གཉིས་ཕྱིན་ནས་དངུལ་མང་པོ་བཟོ་གི་ཡོད་འདུག ཧམ་པ་ཚ་རུ་ཚ་རུ་ཕྱིན་པའི་སྐབས་ལ། ངོས་ཀྱིས་སྔོན་མ་ནས་གསལ་པོ་བྱས་ཏེ་བརྗོད་ཡོད་དུས། ྋརྒྱལ་བ་རིན་པོ་ཆེའི་ལྟ་བ་དང་སྤྱོད་པ་འདི་འདྲ་རེད། སོ་སོའི་གནས་ཚུལ་དེ་དང་ཐ་དད་ཡིན་ཞེས། དཔེར་ན། ཨིང་ལན་ལ་ཡོད་པའི་དགེ་བཤེས་སྐལ་བཟང་དངོས་གནས་ཆོས་པ་རེད། ཡག་པོ་ཡོད་པ་རེད། ཁོ་རང་ལ་ཆ་བཞག་ན་ཁོ་རང་གི་ཆོས་ཚོགས་ལ་ྋརྒྱལ་བ་རིན་པོ་ཆེའི་པར་འཇོག་མི་ཆོག་པ་དེ་འདྲའི་དམ་དྲག་བྱེད་ཀྱི་འདུག ང་ནི་དེ་ལ་རྗེས་སུ་ཡི་རངས་ཡོད། ཡག་པོ་རེད་སྙམ་པ་དྲན་གྱི་འདུག སོ་སོར་ལྟ་བ་གཅིག་ཡོད་པ་དང༌། སོ་སོའི་ལྟ་བ་འདིའི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེའི་ལྟ་བ་དང་འགལ་བ་ཡོད་པའི་སོ་སོའི་འགལ་ཟླའི་ལྟ་བ་དེ་ཁྱེར་ལྟ་བ་དེ་གཞིར་བཟུང་ནས་ང་ྋརྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་བྱེད་ཀྱི་མིན་ཞེས་བཞག་ན་དེ་ནི་ཕྱི་གསལ་ནང་གསལ་རེད། དགོས་ས་ཞིག་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་འདི་ཡང་འཁྱེར་དགོས་མཁན་དང༌། ངོ་ཐོག་ལག་ལེན་སྐབས་ྋརྒྱལ་བ་རིན་པོ་ཆེས་ལམ་སྟོན་བྱས་པ་དེར་མི་བརྩི་མཁན་དེ་ལ་མགོ་གཉིས་མ་ཟེར་བ་རེད། ཡག་པོ་མི་འདུག དེ་འདྲའི་གནས་ཚུལ་གྱིས་ད་ལྟ་རྒྱལ་ཆེན་གྱི་སྐུ་རྟེན་ཐེ་ཝན་ལ་ཕྱིན་ནས་དངུལ་གང་འཚམས་ཡོང་དུས་ངན་བྱས་ངོ་ལ་འཁྱེར་ནས་གང་འདྲ་བྱེད་ཀྱི་འདུག་གམ། དེ་དག་ནི་མི་དགོས་པ་ཞིག་དང༌། བྱབ་ཆུབ་དང་གླེན་པའི་བྱེད་སྟངས་རེད། ཡིན་ནའང་དེ་འདྲ་ཡོང་གི་ཡོད།

    དེ་ནས་ན་ནིང་འདིར་བསྟན་སྲིད་ཀྱི་ཞབས་རིམ་སྒྲུབ་པའི་སྐབས་ལ་དོལ་རྒྱལ་ཟློག་པ་བྱེད་སའི་ཡུལ་ལ་བཞག་དགོས་པའི་གནས་ཚུལ་བྱུང་ཡོད། ཟློག་པ་བྱེད་སའི་ཡུལ་ལ་བཞག་པ་ཞིག་བསྟེན་མཁན་གྱི་མི་ཚོར་ངོས་ནས་དབང་བསྐུར་བྱ་རྒྱུ་བདེ་པོ་མི་འདུག དེར་བརྟེན་ཁ་སང་རྟ་མགྲིན་གྱི་དབང་བསྐུར་བྱེད་སྐབས་གསལ་པོ་བྱས་ཏེ་བཤད་ཡོད། དབང་བསྐུར་དུས་བླ་མ་དང་སློབ་མ་དམ་ཚིག་གཙང་མ་ཞིག་དགོས་པ་ཡིན། ལྷ་དམ་ཚིག་མ་གཙངབ་བསྟེན་མཁན་གྱི་སློབ་མ་ཞིག་ཡིན་ན། དེའི་ངོས་ནས་དམ་ཚིག་མི་གཙང་བ་ཆགས་ཀྱི་ཡོད། དེར་བརྟེན་དེ་དག་དབང་བཀའི་བཀའ་ཆོས་ཞུ་བར་ཡོང་ན་འགྲིགས་ཀྱི་མི་འདུག་ཅེས་ཁ་སྔོན་བརྗོད་དགོས་པ་ཆགས་ཏེ༑ དེ་ལྟར་བརྗོད་པ་ཡིན། དེ་ནི་ང་ལ་རྒྱུ་མཚན་ཡོད།

    དེ་འདྲའི་གནས་ཚུལ་གྱི་འོག་ནས་ཐོག་མར་ངོས་ནས་གནས་སྟངས་འདི་འདྲ་ཞིག་ལ་བཞག་པ་ཡིན་ཡང༌། བར་སྐབས་ནས་ཚོད་རྩིས་བྱས་ཏེ་གནས་ཚུལ་ཡོང་བའི་སྐབས་ལ། ཁ་སང་ངས་ཁ་ཁར་བསྡད་ན་སྐད་ཆ་ཉུང་ལ། རྣ་ཅོག་འཇམ་པ་ཡག་པོ་འདུག་ཀྱང༌། ཡིན་ནའང་ཆོས་དང༌། ཆབ་སྲིད་གཉིས་ཀའི་ཐོག་གང་ལྟར་གནད་འགག་ཅིག་ཆགས་ཀྱི་ཡོད་དུས་འདིའི་སྐོར་ལ་ཤོད་པའི་བབས་འོས་ངོས་ལ་ཡོད་པ་ལས་གཞན་སུ་གཅིག་གིས་ཤོད་ཐུབ་མཁན་མེད། ཧ་ཅང་ཁག་པོ་ཡིན། དེའི་བབ་འོས་ངོས་ཀྱི་སྒང་ལ་སླེབས་ཡོད། ྋརྒྱལ་བ་རིན་པོ་ཆེ་ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་རེད་བརྗོད་ཀྱི་ཡོད་པ་རེད་ལ། ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་ཡིན་ནམ་མིན་ནམ་གང་ལྟར་ལྷ་ཡི་འཇིག་རྟེན་གྱི་ཡུལ་ལའང་མགོ་ཏོག་ཙམ་བརྒྱུས། མི་ཡི་འཇིག་རྟེན་གྱི་ཡུལ་ལའང་མགོ་ཏོག་ཙམ་བརྒྱུས་ཏེ་བསྡད་མཁན་འདི་ང་ཆགས་ཡོད། དེར་བརྟེན་ལྷ་ཡི་འཇིག་རྟེན་ནང་ཕན་གནོད་གང་འདྲ་ཡོང་གི་ཡོད་མེད་ངོས་ནས་ཕྲན་བུ་ཤེས་པ་འདི་མཐོང་བ་མངོན་གྱུར་མ་ཡིན་ཀྱང་ཉམས་མྱོང་དང༌། གནས་ཚུལ་མང་པོ་ཞིག་རྩད་བཅད་ནས་ཡོང་དུས་ཕྲན་བུ་ཚོད་དཔག་དང༌། རིགས་པས་རྗེས་དཔག་བྱེད་ཐུབ་ཀྱི་འདུག དེ་འདྲ་ཡིན་དུས་ངོས་ནས་མཐོང་གིན་མཐོང་གིན་ལ་བློས་བཏང་ནས་བསྡད་པ་ཡིན་ན་དེ་ནི་ང་རང་གིས་ལན་པ་རེད་སྙམ་པ་དྲན་གྱི་འདུག ངས་བརྗོད་ནས་མ་ཉན་ན་ངོས་ལ་ཁག་གང་ཡང་མེད། ངོས་ནས་ཆོས་དང་ཆབ་སྲིད་གཉིས་ཀའི་ཐོག་དགེ་དང་སྐྱོན་ག་རེ་ཡོད་པ་དེ་ངོས་ནས་གསལ་པོ་བྱས་ཏེ་བཤད། བཤད་ནས་ཉན་དང་མི་ཉན་འདི་ཁ་ཆེ་ཕ་ལུའི་རྣམ་ཐར་ནང༌།
                                       ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། །
                                       ཉན་དང་མི་ཉན་སོ་སོའི་ལག་པ་རེད། །
    ཅེས་བཤད་ཡོད་པ་ནང་བཞིན་ཉན་དང་མི་ཉན་སོ་སོའི་ལག་པ་རེད་མ་གཏོགས་ངས་དབང་ཤེད་དང༌། བཙན་བཀའ་གཏོང་རྒྱུ་གང་ཡང་མེད། དེར་བརྟེན་ཁ་སྔོན་ངོས་ནས་ནན་པོ་བྱས་ཏེ་བརྗོད་པའི་གནས་ཚུལ་དེ་ལྟར་ཡིན།

    བར་སྐབས་བཀའ་ཤག་དང༌། འབྲེལ་ཡོད་ཚོས་དེར་དོ་གལ་ཆེན་པོ་བྱས་ཏེ་ཆེད་མངགས་ལས་འགུལ་སྤེལ་བ་དང༌། མི་མང་ཚོའི་ནང་ནས་ཀྱང་བསྟེན་གསོལ་བྱེད་མཁན་སོ་སོའི་སྒེར་གྱི་རྣམ་ཀུན་གོམས་གཤིས་ཀྱི་ཐོག་ནས་དཀའ་ངལ་ཡོད་ཀྱང༌། ྋརྒྱལ་བ་རིན་པོ་ཆེས་བརྗོད་པ་དང༌། དོན་དག་ཆེ་ས་ལ་ཡིད་ཆེས་དང༌། དོ་སྣང་བྱས་ནས་ཕྱིན་ཆད་སྤང་བླང་བཞིན་བྱེད་ཀྱི་ཡིན་ཞེས་བརྗོད་མཁན་ཚོགས་པ་སྐྱིད་སྡུག་ཁག་དང༌། མི་མང་མང་ཚོགས། བླ་མ་དགེ་བཤེས་བཅས་དེ་དག་རྣམས་ལ་ངོས་རང་ཧ་ཅང་དགའ་པོ་བྱུང༌། ཐུགས་རྗེ་ཆེ་བརྗོད་ཀྱི་ཡིན། སྒེར་སོ་སོ་དངོས་གནས་བྱེད་ཁག་པོ་ཏན་ཏན་ཡོད་ཀྱང་ཆེ་ས་ལ་བསམ་བློ་བཏང་སྟེ་དེ་ལྟར་བྱས་པར་ངོས་ནས་ཐུགས་རྗེ་ཆེ་བརྗོད་ཀྱི་ཡིན། ཁ་ཤས་ནི་ཁག་ཀྱང་མི་འདུག ཞེད་ཀྱི་ཡོད་འདུག སྐྱབས་འཇུག་གནང་རོགས་ཞེས་བརྗོད་ཀྱི་འདུག་ཀྱང་ངས་སྐྱབས་མཇུག་དང་སྲུང་སྐྱོབ་བྱེད་ཐུབ་མིན་མི་ཤེས། ཡིན་ནའང་འུད་ཤོབ་བཤད་ནས་ཁ་མཆུ་ངོས་ནས་བརྒྱབ་ཆོག་ཅེས་བཤད་ཡོད་ལ། གནོད་ཀྱི་མ་རེད་སྙམ་པ་དྲན་གྱི་འདུག རྒྱུ་མཚན་ག་རེ་ཡིན་ཞེ་ན། ཆོས་སྐྱོང་ཞིག་གིས་མི་གནོད་པའི་ཆེད་ཆོས་སྐྱོང་གཞན་ཞིག་གིས་སྲུང་སྐྱོང་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཀྱང༌། གཙོ་བོ་ནི་ང་རང་ཚོའི་ལམ་རིམ་ཆེན་མོའི་ནང་སྐྱབས་འགྲོ་རྣམ་དག་ཡོད་ན་ནི་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་ཞེས་པའི་བསླབ་བྱ་ཞིག་ཡོད་པ་འདི་ང་རང་ཚོའི་ཁ་ནས་མ་ཎི་བགྲང་བ་ནང་བཞིན་བགྲང་གི་ཡོད། དེ་ནི་བདེན་པ་ཡིན་པ་ལས་རྫུན་མིན། ངོས་རང་ལ་ཆ་བཞག་ན་གཞན་གྱི་རྟོགས་པའི་ཡོན་ཏན་གང་ཡང་མེད། སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་སེང་གེ་འདི་དངོས་གནས་ཀྱི་སྐྱབས་གཅིག་ཡིན་པ་དྲན་དུས་ལུས་ཀྱི་བ་སྤུ་གཡོ་བ་དང༌། མིག་ནས་མཆི་མ་འཁྲུགས་པ་ཡང་ཡང་ཡོང་བས་ངོས་རང་ལ་སྐྱབས་འགྲོ་རྣམ་དག་ཅིག་ཡོད་སྙམ་པ་དྲན་གྱི་འདུག

    སྐྱབས་འགྲོ་འདི་ཡང་བཅོམ་ལྡན་འདས་ཀྱི་གསུང་ལ་བརྟག་དཔྱད་བྱས། རྒྱ་ཆེ་བའི་ལམ་དང་ཟབ་མོའི་ལམ་ལ་བརྟག་དཔྱད་བྱས། ཉམས་མྱོང་ཕྲན་བུ་བསགས། དེ་འདྲའི་ཐོག་ནས་སྟོན་པ་འདི་ངོ་མཚར་ཅན་ཞིག་འདུག དངོས་གནས་འདི་ནི་བསླུ་བ་མེད་པའི་སྐྱབས་སམ། མགོན་དང་དཔུང་གཉེན་བློ་གཏད་ཐུབ་པའི་སྐྱབས་ཤིག་ཡིན་སྙམ་པ་སྙིང་ཁོང་རུས་པའི་གཏིང་ལ་ཡོད། འདི་འདྲ་ཡོད་དུས་མི་དང་མི་མིན་གྱི་གནོད་པས་མི་ཚུགས་པ་ཞིག་ཡོང་གི་རེད་སྙམ་པ་དྲན་གྱི་འདུག གཞན་དག་སྲུང་འཁོར་སྒོམས། དྲག་གཏོར་འཕེན་བྱེད་དགོས་པ་མེད། སྐྱབས་འགྲོ་རྣམ་དག་ཅིག་ཡོད་ན་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་ཞེས་པ་འདི་སྒྲ་ཇི་བཞིན་པ་རེད། དེར་བརྟེན་རྒྱལ་ཆེན་མཚམས་འཇོག་བྱེད་མཁན་ཚོས་ཞེད་སྣང་དངོས་གནས་བྱེད་མི་དགོས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་པ་འདིའི་རྒྱུ་མཚན་ལ་བསམ་པ་རྣམ་དག་གིས་བསམ་བློ་བཏང་ནས་སྐྱབས་འགྲོ་རྣམ་དག་ཅིག་ཡོད་ན་གང་ཡང་བྱེད་ཐུབ་ཀྱི་མ་རེད། དེ་ལྟར་ངོས་ནས་འདི་དག་གླེང་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་གི་ཐོག་ནས་བྱུང་སྟེ་བར་སྐབས་དམ་དྲག་བྱས་པ་དང༌། དམ་དྲག་བྱས་པའི་སྐབས་ལ་མང་པོ་ཞིག་གིས་ཕྱིན་ཆད་ཚུལ་མཐུན་བྱ་རྒྱུའི་བླང་དོར་མ་ནོར་བ་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱེད་མཁན་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ་རྗེས་སུ་ཡི་རངས་ཡོད།

    བར་སྐབས་དེ་འདྲའི་སྐད་ཆ་མང་པོ་ཞིག་ལྷགས་ནས་དོ་སྣང་བྱེད་ཀྱི་ཡོད་དུས་འདིའི་གནད་འགག་རྣམས་ངོས་ནས་གསལ་བཤད་ཅིག་བྱས་ན་ཁྱེད་རང་ཚོས་ཀྱང་གནད་འགག་དེ་རྣམས་རྟོགས་ཏེ་བསམ་བློ་གཏོང་རྒྱུར་ཕན་ཐོགས་མི་ཡོང་ངམ་སྙམ་པ་དྲན་བྱུང༌། དེ་ཡང་ལྷ་སྲུང་བསྟེན་ཕྱོགས་འདི་ཆོས་དང་འབྲེལ་བ་གང་འདྲ་བྱས་ཏེ་ཡོང་གི་ཡོད་དམ་ཞེ་ན། ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་འདི་བདེན་པ་གཉིས་དང༌། བདེན་པ་བཞི་ལ་བརྟེན་ནས་ནང་པའི་ཆོས་ཀྱི་རྣམ་གཞག་ཐོན་ཡོང་གི་ཡོད། ལས་རྒྱུ་འབྲས་ཞེས་རྒྱུ་དང་འབྲས་བུའི་རྣམ་གཞག་ལས་བདེ་སྡུག་ཡོང་བ་ཞིག་གསུང་གི་ཡོད་པ་ལས། འཇིག་རྟེན་བཀོད་པ་པོ་ཞིག་གིས་འཇིག་རྟེན་བཀོད་དེ་བདེ་སྡུག་བྱུང་བ་ཞིག་རྩ་བ་ནས་མིན། འདི་ང་ཚོའིནང་ཆོས་ཀྱི་ལྟ་བའི་གཙོ་བོ་ཡིན། གཞུང་ནས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གསུངས་པ་འདི་ལས་འབྲས་ལ་ཡིད་ཆེས་བྱེད་པ་ལ་གསུང་གི་ཡོད། རྒྱུ་དང་འབྲས་བུའི་རང་བཞིན་གྱི་ཁྲིམས་འདི་ཐོག་ནས་དགེ་སྡིག་སྤང་བླང་མ་འཆོལ་བ་བྱེད་པའི་ནང་པའི་ཆོས་ཀྱི་ལྟ་བ་འདི་ཡོང་གི་ཡོད། དེང་སང་སྤྱིར་ལྷ་སྲུང་དང༌། ཡང་སྒོས་དྲེགས་པ་དེ་འདྲ་དང༌། དེའི་ནང་ཚན་ནས་གླེང་གཞི་ཅན་གྱི་དྲེགས་པ་དེ་འདྲ་བསྟེན། བསྟེན་སྟངས་ཀྱང་ཧ་ལམ་གློ་སྙིང་བྲང་གསུམ་གཏད་ནས་བསྟེན་མཁན་འདུག ང་རང་ཚོའི་ནང་འཇིག་རྟེན་པའི་དྲེགས་པ་ཧ་ཅང་ཤུགས་ཆེན་པོ་བསྟེན་མཁན་དེ་ཚོའི་གྲས་ཀྱི་སེམས་ཀྱི་གཏིང་ནས་སྟོན་པ་བཅོམ་ལྡན་འདས་ལ་དད་གུས་ཆེ་བ་འདུག་གམ། ཡང་ན་ཡུལ་ལྷ་གཞི་བདག་ཨམ་གཙིགས་བསྡམས་ནས་སྡོད་མཁན་དེ་འདྲར་དད་པ་ཆེ་བ་འདུག་གམ་ཞེ་ན། ཧ་ལམ་འགག་ལ་ཐུག་དུས་སྟོན་པའི་མཚན་མི་དྲན་པར། སོ་སོའི་ལྷ་ཐེབས་ཆག་དེའི་མིང་ཕལ་ཆེར་དྲན་ཡོང་གི་ཡོད་པ་རེད། དེ་ལ་བསམ་བློ་ཞིབ་ཚགས་བཏང་ན་ནང་པ་ཡིན་མིན་ཐེ་ཚོམ་རེད།

    དཔེར་ན། གཞན་དག་ཕར་ཞོགས་གནས་ཆུང་ལ་ཆ་བཞག་ནའང་དངོས་གནས་ཚད་ཐུབ་པའི་ལྷ་དང༌། སློབ་དཔོན་རིན་པོ་ཆེས་དམ་ལ་བཏགས་པའི་ལྷ་རེད། དགེ་འདུན་གྲུབ་དང་དམིགས་བསལ་འབྲེལ་བ་ཆགས་མེད་པ་ཕུད། ྋརྒྱལ་དབང་དགེ་འདུན་རྒྱ་མཚོ་མན་ཆད་ནས་སྐུ་ཕྲེང་རིམ་བྱོན་དང་ཧ་ཅང་འབྲེལ་བ་ཆེ་བའི་ལྷ་ཡིན། དགེ་འདུན་རྒྱ་མཚོའི་རྣམ་ཐར་གཡང་པ་ཆོས་རྗེས་མཛད་པ་དེའི་ནང་དགེ་འདུན་རྒྱ་མཚོའི་གསུང་ནས་རྒྱལ་པོ་དཔེ་ཧར་གནས་ཆུང་དེ་ས་ཐོབ་པའི་ལྷ་རེད་ཅེས་རྒྱུ་མཚན་གསུངས་ཡོད་ཀྱང༌། གནས་ཆུང་ལྟ་བུ་ལའང་གློ་སྙིང་བྲང་གསུམ་གཏད་ནས་སྐྱབས་གནས་གལ་ཆེ་ཞིག་ཡིན་སྙམ་པ་དྲན་ན་ནོར་བ་ཡིན། རྒྱལ་པོ་སྐུ་ལྔའི་གྲས་དེ་ཚོ་ཡང་སྐྱབས་གནས་སུ་བརྩིས་ནས་བསྟེན་ཆོག་གི་མེད་དུས་རྩོད་པ་ཅན་དང༌། གླེང་གཞི་ཅན་གྱི་ལྷ་ལ་དེ་བས་དད་པ་བྱེད་པའི་གཞི་རྩ་བསྡད་མེད། དེ་ལྟར་བྱེད་སྟངས་ལ་བསམ་བློ་བཏང་བ་ཡིན་ན་སྐྱབས་སུ་ངོས་འཛིན་བྱས་པ་གསལ་པོ་ཡིན། དེ་ནི་ནང་པའི་གྲས་ལ་ཚུད་དང་མ་ཚུད་ཐེ་ཚོམ་ཡིན།

    ང་ཚོས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། བདེ་སྡུག་ཚང་མ་རང་གི་ལས་ཀྱི་དབང་གིས་བྱུང་བ་ཡིན། རྩ་བ་ལས་བཟང་ངན་གྱི་ཐོག་ནས་བདེ་སྡུག་ཡོང་བ་བཤད་ཀྱི་ཡོ། འོན་ཀྱང་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོ་ལས་ཧ་ལམ་ལོད་ཙམ་བྱས་ཏེ་ཕྲན་བུ་དཀའ་ངལ་བྱུང་བ་དང་ལྷས་གནོད་ཀྱི་འདུག ཀླུས་གནོད་ཀྱི་འདུག རྒྱལ་བཙན་གྱིས་གནོད་འདུག་ཟེར་བ་དང༌། ཕྲན་བུ་གྲ་འགྲིགས་པོ་ཞིག་བྱུང་ན་ལྷའི་གྲོགས་འཕྲིན་ལས་ལ་ངོས་འཛིན་གྱིས་ཚོང་ཡག་པོ་བྱུང༌། ང་ལ་ལམ་འགྲོ་ཡག་པོ་བྱུང༌། ནད་ན་ཚ་དྲག་སོང་བརྗོད་པ་འདི་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོ་ལས་སྡུག་པ་ལྟ་བུ་འདུག མ་གཞི་བཀའ་ཆོས་ཀྱི་སྐབས་ངོས་ནས་ཡང་ཡང་བཤད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་བདེ་སྡུག་འཇིག་རྟེན་བཀོད་པ་པོས་བྱས་པ་རེད། སོ་སོའི་བྱ་བ་ལམ་འགྲོ་དེ་ཡང་དཀོན་མཆོག་གི་ཐུགས་རྗེ་ཞེས་བརྗོད་པ་དང༌། དཀའ་ངལ་དེ་ཚོའི་གྲས་ཀྱང་དཀོན་མཆོག་གིས་གནང་བ་རེད་ཅེས་དཀོན་མཆོག་ལ་བློ་ལིང་འགེལ་བྱེད་པ་འདི་རྩ་བ་འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་སྟབས། དེའི་ལྟ་བའི་རྣམ་གཞག་གི་ཐོག་ནས་རྒྱུ་མཚན་བཤད་ཀྱི་ཡོད་ལ། འབྲེལ་པོ་ཡང་ཡོད།

    ང་རང་ཚོ་ནང་པ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་རྐྱེན་གསུམ་བཤད་པ་སྟེ། གཡོ་བ་མེད་པའི་རྐྱེན་དང༌། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་བཅས་རྐྱེན་གསུམ་གྱི་ཐོག་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་བཤད་ཀྱི་ཡོད། དེ་འདྲའི་ལྟ་བ་ཞིག་འཛིན་བཞིན་དུ་ཕྲན་བུ་འགྲིགས་མིན་བྱུང་བ་ཚང་མ་ལྷ་དང༌། ཀླུ་དང༌། རྒྱལ་བཙན་གྱིས་བྱས་པ་རེད་ཅེས་བརྗོད་ན་འདི་ནི་ང་ཚོའི་ལྟ་བ་དང་རྩ་བ་ནས་རྒྱབ་འགལ་དུ་འགྲོ་གི་ཡོད། རིམ་པས་བོད་མི་མང་པོ་ཞིག་གིས་བྱེད་སྟངས་འདི་འདྲ་བྱས་ན༑ ཕྱི་ལ་ང་ཚོ་ནང་པའི་རྒྱལ་ཁབ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང༌། དངོས་གནས་དོན་ངོ་མའི་ཐོག་ནས་ནང་པ་ཡིན་མིན་ཐེ་ཚོམ་གྱི་ཐོག་ཏུ་སླེབས་ཡོང་གི་ཡོད། བླ་མའི་རིང་ལུགས་ཟེར་བ་ལྟ་བུའི་མིང་འདྲ་མིན་དེ་འདྲ་ཕྱི་མི་འགས་བཏགས་ཡོད་པས། དངོས་གནས་སོ་སོའི་རང་ས་ནས་ཞབས་འདྲེན་ཞུས་ན་རྩ་བ་ནས་ཡག་པོ་མིན།

    གཉིས་ནས་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་བཀའ་གདམས་ལྷ་ཆོས་བདུན་ལྡན་ཞེས་ཆོས་སྐྱེས་བུ་གསུམ་གྱི་ཆོས་དང༌། ལྷ་བཞི་ཞེས་བསྟན་པའི་བདག་པོ་ཡིན་པས་སྟོན་པ་བཅོམ་ལྡན་འདས་དང༌། འཕྲིན་ལས་ཀྱི་ལྷ་ཡིན་པས་འཕགས་མ་སྒྲོལ་མ། སྙིང་རྗེའི་ལྷ་མཆོག་ཡིན་པས་འཕགས་མཆོག་སྤྱན་རས་གཟིགས། བར་ཆད་སེལ་བའི་ལྷ་ཡིན་པས་ཁྲོ་བོ་མི་གཡོ་བ་བཅས་ལྷ་བཞི་ལས་སྐད་ཆ་མང་པོ་མེད། དངོས་གནས་ཇོ་བོ་བཀའ་གདམས་པའི་རྣམ་ཐར་འདི་ཕྱི་གཙང་བ་ནང་གཙང་བ། ཐོག་མཐའ་བར་གསུམ་དུ་དགེ་བ། བརྟག་ཐུབ་པ་བཅས་ཤིན་ཏུ་རྩ་ཆེ་ཡིན། ཚུལ་འདི་ཉམས་ཆག་འགྲོ་བའི་ཉེ་ཁ་གཟིགས་ནས། ཇོ་བོ་བཀའ་གདམས་པའི་བླ་མ་ཚོའི་གསུང་སྒྲོས་ལ་མ་འོངས་པར་ངའི་བཀའ་གདམས་གོང་མའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་མ་ཆོག་པར། དེའི་སྒང་སྔགས་རེ་སྣོན་མ་བརྒྱབ་སྟེ་འཆལ་ཏེ་འགྲོ་ཡོང་ཞེས་དེ་འདྲ་གསུངས་འདུག ད་ཆ་འདི་ལྟར་ཏན་ཏན་ཆགས་ཡོད། རྗེ་རིན་པོ་ཆེས་ཀྱང་བཀའ་གདམས་རྙིང་མ་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་འདི་རྩ་བ་ལ་བཞག་པའི་ཐོག་ནས་ཕྱི་གཙང་ནང་གཙང་འདུལ་བའི་བསྟན་པ་གཞིར་བཟུང་བའི་ཕྱག་སྲོལ་ཐོག ཡི་དམ་གསང་བདེ་འཇིགས་གསུམ་གཙོ་བོར་གྱུར་པའི་དུས་འཁོར་སོགས་བསྣན་ནས་མདོ་སྔགས་ཟུང་འབྲེལ་ཁྱད་དུ་འཕགས་པ་ཞིག་གི་ཕྱག་སྲོལ་བཏོད་ཅིང༌། དེ་ལྟར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོར་ལྷ་གང་བྱུང་མང་བྱུང་རྩ་བ་ནས་མེད། དངོས་གནས་སྲེག་གཏུབ་འཕེར་བའི་ཕྱི་གཙང་ནང་གཙང་གི་བཀའ་གདམས་གསར་མ་ཧ་ཅང་སྤུས་དག་པོ་ཞིག་ཕྱག་སྲོལ་བཏོད་ཡོད། དེ་འདྲ་ཡིན་དུས་ད་ལྟ་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་པོ་ཏོ་བའི་གསུང་གཅིག་ལུང་འདྲེན་གནང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་རང་ཚོར་ནད་ན་ཚ་ལ་སོགས་པའི་ཁ་ཆག་སྣ་རལ་བྱུང་བ་ཚང་མ་མཁར་ལན་དང་ཕྱོགས་ལན་གཞན་པ་མི་མཛད་པར། ལས་འདི་དང་འདི་ལྟ་བུ་བསགས་པའི་འབྲས་བུ་འདི་དང་འདི་འདྲ་བ་མྱོང་བ་ཡིན། ཞེས་ལས་འབྲས་ཁོ་ནའི་སྟེང་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་པ་ལས། ཁང་པ་རྒྱག་སྟངས་ཀྱི་རྟེན་འབྲེལ་ཉེས་པ་རེད་ཅེས་པ་དང༌། ཚེས་གྲངས་བཟང་ངན་གྱིས་རྟེན་འབྲེལ་ཉེས་པ་རེད་གསུངས་མེད། ང་ཚོའི་བྱེད་སྟངས་འདི་དངོས་གནས་བསྟན་པ་སྤྱིའི་འགྲོ་སྟངས་ཉམས་འཆལ་འགྲོ་བའི་གནས་ཚུལ་ཞིག་ཆགས་ཡོང་གི་ཡོད།

    བཀའ་གདམས་རྙིང་མའི་ཕྱག་སྲོལ་གྱི་ཐོག་ནས་བཤད་ཀྱང་ང་ཚོའི་བྱེད་སྟངས་འདིས་ཉམས་འཆལ་འགྲོ་གི་འདུག་ལ། དགེ་ལུགས་པ་ཞིག་གི་ངོས་ནས་བཤད་ཀྱང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཕྱག་བཞེས་ཉམས་འཆལ་ལ་འགྲོ་གི་ཡོད། རྗེ་རིན་པོ་ཆེ་ཁོང་ཉིད་ཀྱི་འཁྲུངས་ལྷ་རྨ་ཆེན་སྤོམ་ར་རྗེ་རིན་པོ་ཆེའི་རྗེས་སུ་འབྲངས་ཏེ་ཡོང་བ་རྗེ་རིན་པོ་ཆེས་ཕྱིས་སུ་དགའ་ལྡན་མ་དགོན་ཕྱག་བཏབ་པའི་སྐབས་ལ་རྗེའི་རྗེས་སུ་འབྲངས་ནས་ཕེབས་པའི་རྨ་ཆེན་སྤོམ་རའི་རྟེན་མཁར་དེ་ཡང་དགའ་ལྡན་དགོན་པའི་ཕྱི་ལོགས་སུ་བཞག་ཡོད་པ་ལས། རྨ་ཆེན་སྤོམ་ར་ཡག་པོ་ཞེ་པོ་གཅིག་ཡིན་ཞེས་གསུངས་ནས་རྗེ་རིན་པོ་ཆེའི་གཟིམ་ཆུང་ནས་བསྒྲིགས་པའི་སྐད་ཆ་རྩ་བ་ནས་མེད། དེ་ལྟར་ཡིན་པ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེ་ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་སྲས་ཀྱི་ཐུ་བོ་གང་ལྟར་སྤྱིར་བཏང་བཤད་སྲོལ་ལ་དགེ་ལུགས་པ་གཙང་མ་ཞེས་པ་དགེ་ལུགས་རྐྱང་རྐྱང་མ་གཏོགས། གཞན་དག་ས་སྐྱ་དང༌། བཀའ་བརྒྱུད་རྙིང་མ་དེ་འདྲའི་ཉམས་བཞེས་མི་གནང་བའི་ཕྱག་སྲོལ་ལྟར་གནང་མཁན་ཞིག་རེད། ྋགོང་ས་ྋལྔ་པ་ཆེན་པོ་ནི་རིས་མེད་གནང་གི་ཡོད། ྋརྒྱལ་མཆོག་བདུན་པ་ཆེན་པོ་དགེ་ལུགས་པ་རྐྱང་པ་ཆགས་ཡོད། དེའི་སྲས་ཀྱི་ཐུ་བོའི་གྲས་ལྕང་སྐྱ་རོལ་པའི་རྡོ་རྗེ་དགེ་ལུགས་པ་རྐྱང་པ་རེད། ཁོང་གི་རྣམ་ཐར་བསྒྲིགས་ནས་མཛད་མཁན་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེའི་སློབ་མ་སྲས་ཀྱི་ཐུ་བོའི་གྲས་ཡིན་ལ། བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ་ནང་ཡོད་པའི་རྣམ་ཐར་ལྷ་སའི་པར་མ་ཤོག་གྲངས་ ༢༢༡ མདུན་ཤོག་ཡིག་ཕྲེང་དང་པོའི་ནང༌། སྔོན་མ་ལྷ་ས་ནས་ལ་མོ་ཆོས་སྐྱོང་ཆེན་པོས་གདན་ས་དགའ་ལྡན་དུ་བོས་པར་བཏང་ན་གསང་ལུང་འགའ་ཞིག་སྨྲ་རྒྱུ་ཡོད་ཅིང་བྱད་གྲོལ་ཞིག་ཀྱང་ཕུལ་ན་དགོས་པ་ཆེ་ཞེས་ཕེབས་ཡོད་པ་བཞིན་འདིའི་སྐབས་གཟིམ་ཆུང་དུ་སྐུ་ཕེབས་གནང༌། ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོས་གསང་བའི་ལུང་མང་པོ་ཞིག་དང་ཆོས་སྐྱོང་རང་ནས་བྱད་གྲོལ་ཀྱང་འབུལ་བར་མཛད། ཉིན་གཅིག་གླིང་སྐོར་དུ་དགའ་ལྡན་གྱི་གླིང་སྐོར་ཡིན། ཕེབས་ནས་རྒྱབ་རིའི་གཡས་ཟུར་གྱི་ལམ་སྣེ་ནས་ལུང་པའི་མཐིལ་དུ་གྲོང་ཆུང་ཞིག་ན་བསངས་ཀྱི་དུད་པ་ཆེན་པོ་ཞིག་ཐོན་པ་སྙན་དུ་ཕུལ་བས། གྲོང་པ་དེའི་མིང་ལ་ཅི་ཟེར་གསུངས། རྒྱུས་ཡོད་གཅིག་གིས་མཐའ་རྒྱས་ཟེར་ལགས་ཞུས་པས་རྟེན་འབྲེལ་བཟང་གསུངས་ཏེ་མཉེས་མཉེས་མཛད། དེ་ནི་རྗེ་བླ་མ་ཉིད་ཀྱི་བཀའ་དྲིན་གྱི་མཐུ་ལས་རྗེ་བླ་མ་ཞེས་པ་འདི་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡིན།དུས་ཀྱི་མཐའ་དང་ས་ཡི་མཐའ་ཐམས་ཅད་དུ་ཞེས་སྨད་ཕྱོགས་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཧ་ཅང་གི་ཁྱབ་སྤེལ་བྱུང་ཞིང༌། མདོར་ན། སྐབས་དེའི་རྒྱ་ནག་མན་ཇུ་གོང་མ་དང༌། གོང་མའི་སྲས་དེ་འདྲ་ཡང་སྤྱིར་ནང་པའི་ཆོས་དང༌། ཡང་སྒོས་བོད་ཀྱི་ནང་པའི་ཆོས་ལ་ཧ་ཅང་གི་ཐུགས་སྣང་ཆེན་པོ་དང༌། ཁ་ཤས་ནི་བསམ་པ་རྣམ་དག་གི་དད་པ་ཡོད་པ་བྱུང་ཡོད། དེ་འདྲའི་ཐོག་ནས་གསུང་གི་ཡོད།

   ྋརྒྱལ་བ་ཙོང་ཁ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྟེན་འབྲེལ་ཤིན་ཏུ་བཟང་ཞེས་དང༌། དེ་ནས་རིམ་གྱིས་ཕེབས་པའི་སྐོར་ལམ་གྱི་སྟེང་འོག་ཀུན་ཏུ་རང་བྱོན་གྱི་སྐུ་བརྙན་ཡིག་འབྲུ་སྣ་ཚོགས་དང༌། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱུང་བ་མང་པོ་འདུག་པ་རྣམས་གསང་སྔགས་མཁར་པ་དགེ་བཤེས་ཤིག་གིས་སོ་སོའི་ལོ་རྒྱུས་ཞིབ་ཏུ་གསོལ། ྋརྒྱལ་བ་བསྐལ་བཟང་རྒྱ་མཚོ་ཕེབས་དུས་གསར་དུ་བྱུང་བ་ཡིན་ཟེར་བའི་རྡོ་ཞིག་ལ་འབུར་ཐོན་གྱི་རྗེ་བླ་མའི་སྐུ་ཡི་རྣམ་པ་གསལ་བར་ཐོན་པ་ཞིག་གཟིགས་རྟོགས་ཕུལ། སུའི་ཡིན་མི་ཤེས་པའི་ཞབས་རྗེས་ཤིག་མཇལ་སྐབས་རྗེ་བླ་མས་ལྕང་སྐྱ་རོལ་པའི་རྡོ་རྗེ། ཁོ་བོ་ ཐུའུ་བཀྭན་ཆོས་ཀྱི་ཉི་མ། ལ་སྐུ་རྩེད་ཀྱི་ཚུལ་གྱིས་ཞབས་རྗེས་འདི་རྙིང་མ་བ་ཞིག་གི་ཡིན་འདུག་པས་ཁྱེད་ཅག་ཕུར་ལྕོག་པའི་སློབ་མ་རྣམས་ཀྱིས་འཛེམས་པར་ལེགས་ཞེས་གསུང་བྱུང་བར་ཕུར་བུ་ལྕོག་དང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་དེ་ཚོ་དངོས་གནས་ལམ་རིམ་གྱི་བསྟན་པའི་བདག་པོ་བསམ་གྱིས་མི་ཁྱབ་པ་དང༌། དགེ་ལུགས་རྐྱང་རྐྱང་གནང་མཁན་ཞིག་ཡིན། སྐབས་དེར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཞལ་ཤོབ་ཀྱི་ཚུལ་དུ་ལན་ཕུལ་བར། རྗེ་བླ་མའི་གདན་སར་རྙིང་མས་ཞབས་རྗེས་འཇོག་ཐུབ་ན། བདེ་བ་ཅན་གྱི་རིན་པོ་ཆེའི་ས་གཞི་ལ་ངོས་ནས་ཀྱང་རྐང་རྗེས་ཤིག་འབེབས་ལགས་ཞུས་པས་ཐམས་ཅད་བཞད་གད་ཐེ་གེ་བ་ཞིག་བྱུང༌། ཕྱིས་སུ་རྩད་བཅད་པས་ཞབས་རྗེས་དེ་སྔོན་འཁོན་སྟོན་གྱི་ཡིན་པའི་གཏམ་རྒྱུད་ཡོད་ཟེར། མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ནི་ྋགོང་ས་ྋལྔ་པ་ཆེན་པོའི་དབུ་བླ་དང༌། རིས་མེད་གནང་མཁན་གྱི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། རྗེ་བླ་མ་ལྕང་སྐྱ་རོལ་པའི་རྡོ་རྗེ་འཁོན་གྱི་སྐུ་ཕྲེང་གྲས་ཡིན་པ་ཞིག་ཡོང་གི་ཡོད་པ་མིན་ནམ། དེ་ལྟར་ན་རྗེ་བླ་མས་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པ་གོར་མ་ཆག་གོ །དེ་ནས་རྨ་ཆེན་གྱི་ལྷ་ཐོའི་སར་ཕེབས་ནས་རྨ་ཆེན་སྤོམ་རའི་ལྷ་ཐོ་དེ་དགའ་ལྡན་དགོན་པའི་འོག་གི་ས་ཆ་སྐྱིད་པོ་ནགས་ཚལ་ཡོད་ས་ཞིག་ལ་འདུག ཁོང་རང་རང་བཙན་བྱས་ནས་སྐྱིད་པོ་ཡོད་ས་རེད། དགོན་པའི་ནང་བསྡད་ན་དགོན་པའི་ཁྲིམས་འཁྱེར་དགོས་པ་ཡིན། དེ་ལས་བླ་མའི་བྱིན་བརླབས་རྒྱང་ནས་ཆེ་ཟེར་བ་བཞིན་རྨ་ཆེན་སྤོམ་ར་དགོན་པའི་འོག་གི་ནགས་གསེབ་ནང་ཁོ་རང་གི་ལྷ་ཐོ་དེ་འདུག དེར་སྐྱིད་པོ་ཡོད་ས་རེད། རྨ་ཆེན་གྱི་ལྷ་ཐོའི་ཐད་དུ་ཕེབས་ནས་རྗེ་བླ་མ་ཡབ་སྲས་ཀྱིས་ཞེས་པ་འདི་རྗེ་རིན་པོ་ཆེ་དང༌། རྒྱལ་ཚབ་མཁས་གྲུབ་སོགས་རི་བོ་དགེ་ལྡན་པའི་སྲོལ་བཏོད་མཁན་རྣམས་ལ་གསུང་གི་ཡོད།

     འཇིག་རྟེན་པའི་ལྷ་སྲུང་བསྟེན་པར་མི་མཛད་པས་འཁྲུངས་ལྷ་རྨ་ཆེན་གྱི་ལྷ་ཐོ་ཡང་སྐོར་ལམ་གྱི་ནང་དུ་མ་ཆུད་ཅིང༌། དེའི་མཇུག་ལ་སྔོན་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས། དོལ་རྒྱལ་ནི་ཤུགས་ལྡན་ལ་ཟེར་བ་ཡིན། བཀྲ་མི་ཤིས་པ་བྱུང་བ་ཁྲི་ཆེན་རྡོ་རྗེ་འཆང་གིས་ཞེས་པ་འདི། ྋརྒྱལ་མཆོག་བསྐལ་བཟང་གི་ཡོངས་འཛིན་དབུ་བླ་དངོས་གནས་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཆེན་པོ་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་གསུང་གི་ཡོད་པ་རེད། ཁོང་ནི་ཨ་མདོ་ཡིན་ལ་ལྕང་སྐྱ་རོལ་པའི་རྡོ་རྗེའི་དབུ་བླ་ཡང་གནང་ཡོད། གང་ལྟར་ཐུགས་ཞེ་ས་མ་ཞུས་ན་ྋརྒྱལ་མཆོག་བསྐལ་བཟང་གི་གློ་སྙིང་བྲང་གསུམ་གཏད་སའི་བསམ་གྱིས་མི་ཁྱབ་པའི་བླ་མ་ཡིན་ཞིང༌། ཕན་ཚུན་ཐུགས་བརྩེ་ཤིན་ཏུ་ཆེན་པོ་ཧ་ལས་དགོས་པ་ཞིག་འདུག ྋརྒྱལ་མཆོག་བསྐལ་བཟང་གི་རྣམ་ཐར་ནང་ཁྲི་ཆེན་ངག་དབང་མཆོག་ལྡན་རྩེ་ནས་རྭ་སྒྲེང་ལ་ཕེབས་ཐོན་གྱིས་ལྟག་སྒོའི་རྒྱབ་ནས་ཕེབས་པའི་སྐབས་ྋརྒྱལ་མཆོག་བསྐལ་བཟང་ལྟག་སྒོའི་རྒྱབ་མཐོང་སའི་ནུབ་རྒྱུད་ཉི་འོད་འཁྲིས་ཀྱི་གཟིམ་ཆུང་དབང་ཁང་ནང་ཕེབས་ནས་དབང་ཁང་གི་སྒེའུ་ཁུང་ནས་ཡོངས་འཛིན་ཁྲི་ཆེན་རྡོ་རྗེ་འཆང་ཕེབས་ཚུལ་ལ་གཟིགས་ནས་ྋརྒྱལ་མཆོག་ཐུགས་ཧ་ཅང་སྐྱོ་པོ་བྱུང་བ་དང༌། ཁྲི་ཆེན་གྱིས་ཀྱང་ཡར་ཕྱི་བལྟས་ཡང་ཡང་གཟིགས་པ་བཅས་ཧ་ཅང་ཐུགས་འབྱོངས་པོ་ཞིག་བྱུང་བའི་ལོ་རྒྱུས་རྣམ་ཐར་ནང་ཐོན་ཡོང་གི་འདུག སེམས་སྐྱེ་པོ་ཞིག་ཡོང་གི་འདུག གང་ལྟར་བླ་མ་བསམ་གྱིས་མི་ཁྱབ་པ་རེད།

    ཡང་ཁྲི་ཆེན་རྡོ་རྗེ་འཆང་འདི་རྙིང་མ་དང༌། བཀའ་བརྒྱུད་གནང་མཁན་མ་ཡིན་པར་དགེ་ལུགས་རྐྱང་རྐྱང་གནང་བཞུགས་མཁན་ཞིག་རེད། ཁོ་པའི་ལྷ་རྟེན་སོགས་བཤིག་ནས་དགོན་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས། ཁྲི་ཆེན་ངག་དབང་མཆོག་ལྡན་གོང་གི་དགའ་ལྡན་ཁྲི་པ་ཁ་ཤས་ཀྱིས་དོལ་རྒྱལ་བསྟེན་ནས་དགའ་ལྡན་ནང་བཀྲ་མི་ཤིས་པ་མང་པོ་ཞིག་བྱུང༌། དེ་འདྲའི་ལོ་རྒྱུས་ཡོད་པའི་གླེང་གཞི་ཅན་གྱི་ལྷ་དེའི་ལྷ་ཐོ་དགོན་པའི་ནང་ཡོད་པ་དེ་དག་བཤིག དགོན་པ་ནས་ཕུད་པ་ཡིན་ཞེས་ཞིབ་ཏུ་གསུངས། ལམ་བར་དང་ལྷ་སར་ཕེབས་ནས་ཀྱང་ འདི་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུང་གི་ཡོད། ད་རེས་དགའ་ལྡན་དུ་སྡོད་རིང་གཞན་དང་མི་འདྲ་བ་ཞིག་བྱུང་ཞེས་ཡང་ཡང་གསུངས་པས་དེ་ལ་དཔག་ན་དགའ་ལྡན་དུ་དག་པའི་རྣམ་རོལ་ཁྱད་པར་ཅན་མང་དུ་བྱུང་བ་འདྲ་ཡང་དངོས་སུ་གསུངས་པ་མ་ཐོས་སོ།། ཞེས་གསལ་བའི་རྣམ་ཐར་འདི་དག་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཡིན་པ་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེས་ལོ་རྒྱུས་གསུངས་པའི་བླ་མ་དེ་ཁྲི་ཆེན་ངག་དབང་མཆོག་ལྡན་ཡིན། ལོ་རྒྱུས་དེ་དག་འབྲི་མཁན་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ཡིན།

    གང་ལྟར་རི་བོ་དགེ་ལུགས་པའི་བསྟན་འཛིན་གྱི་སྐྱེས་བུའི་ནང་ནས་དངོས་གནས་བསྟན་པ་ལ་ཕྱག་རྗེས་ཆེན་པོ་ཡོད་པའི་ཚད་ཐུབ་ཀྱི་སྐྱེས་བུ་རྩོད་མེད་ཡོངས་སུ་གྲགས་པའི་དགེ་ལུགས་རྐྱང་རྐྱང་གནང་མཁན་གྱི་བླ་མ་ཡབ་སྲས་གསུམ་གྱི་ཐོག་ནས་དེའི་ཐད་དམ་ཕྲུག་བརྒྱབ་པ་ལྟ་བུ་ཆགས་ཡོད། ངོས་ནས་བསམ་བཏང་དྲན་སྐྱེས་བྱས་ནས་བཤད་པ་མིན་ལ། ཡང་གནས་ཆུང་གིས་བཤད་པར་ངས་རྣ་ཅོག་སྲབ་པོ་བྱས་ནས་བཤད་པའང་མིན། འདི་དག་ནི་མི་ཐོག་མང་པོའི་གོང་ནས་གནས་ཚུལ་ཡོད་པ་ཞིག་ཡིན། དེ་འདྲ་ཡིན་དུས་སྔར་ཡིན་ན་རྒྱལ་ཆེན་དོལ་རྒྱལ་ཟེར་གྱི་ཡོད་པ་དང༌། དེ་ནས་རྒྱལ་ཆེན་དང་ཤུགས་ལྡན་ཡང་ཟེར་གྱི་ཡོད། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་བའི་མིང་འདི་ཕྱིས་སུ་གྲགས་པ་ཞིག་ཡིན་པ་ལས་དེ་སྔ་ཡོད་པའི་མིང་ཞིག་མ་རེད། དྲེགས་པ་བསྐྱེད་ཆོག་གི་གཞུང་ལ་རྒྱལ་པོ་སྐུ་ལྔ་ཡིན་ནའང་འདྲ། མང་པོ་ཞིག་བསྐྱེད་དུས་མངའ་གསོལ་དང༌། བསྐང་བ་དེ་འདྲའི་ནང༌། དཔེར་ན། རྒྱལ་པོ་སྐུ་ལྔར་ཆ་བཞག་ན་ངོ་བོ་བཀའ་བརྒྱད་ཡིན་པར་བརྟེན་དེ་འདྲའི་ཐོག་ནས་ཡིད་ཆེས་གསོལ་འདེབས་ཀྱི་བསྐང་བའི་ཚིག་འདྲ་ཡོད་པ་ལས། བསྐྱེད་པའི་སྐབས་དྲེགས་པ་དྲེགས་པ་རང་གི་གནས་ལ་བཞག་ནས་བསྐྱེད་ཀྱི་ཡོད་པ་རེད། དོལ་རྒྱལ་གྱི་བསྐྱེད་ཆོག་ནང་ཡ་ཧུཾ་གིས་མཚན་པ། ངོ་བོ་འཇམ་དཔལ་གཤིན་རྗེའི་གཤེད། རྣམ་པ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་ནས་འགོའི་མངོན་རྟོགས་རང་ལ་བསྐྱེད་ཆོག་དེ་འདྲ་འདུག དེ་ནི་ཧ་ཅང་ཐལ་དྲགས་པ་རེད། བླ་མ་བསམ་གྱིས་མི་ཁྱབ་པ་མ་རེད་དམ་ཟེར་ན། བླ་མ་བསམ་གྱིས་མི་ཁྱབ་པ་རེད། ཡིན་ན་ཡང་ཀློང་རྡོལ་བླ་མ་རིན་པོ་ཆེས་གསང་སྔགས་མིང་གི་རྣམ་གྲངས་ནང༌། དབང་བསྐུར་བའི་དཀྱིལ་འཁོར་གྱི་རྣམ་གཞག་གསུང་དུས། བུམ་དབང་བསྐུར་སའི་དཀྱིལ་འཁོར་གྱི་གྲས་ལ་བློས་བསླངས་ཀྱི་དཀྱིལ་འཁོར་བགྲངས་པ་བླ་མ་གོང་མ་འགས་གསུངས་པ་ཞིག་ལ་ཀློང་རྡོལ་བླ་མ་རིན་པོ་ཆེས་དེ་ནི་རྟོགས་པ་མཐོན་པོའི་ཧང་རྒྱག་རེད། ཅེས་གསུངས་འདུག ྋསྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་བླ་མ་བསམ་གྱིས་མི་ཁྱབ་པ་རེད།

    ཡིན་ནའང་དོལ་རྒྱལ་སྐོར་གསུང་སྟངས་དེ་ཚོ་ཞེ་ས་མ་ཞུས་ན་རྟོགས་པ་མཐོན་པོའི་ཧང་རྒྱག་རེད། རིན་པོ་ཆེ་ཁོང་ཚད་ལོངས་པ་རེད། རིན་པོ་ཆེ་ཁོ་རང་རྟོགས་པ་མཐོན་པོ་རེད། རྟོགས་པ་མཐོན་པོ་ཁོང་རང་གིས་དྲེགས་པ་བསྟེན་པ་དེ་གནས་ཚུལ་ཐ་དད་རེད། འོན་ཀྱང་འདི་ཙམ་གྱི་ཆེ་བསྟོད་གནང་བ་འདི་ཕྲན་བུ་ཧང་རྒྱག་གནང་བ་ཞིག་ཡིན་པར་ཕལ་ཆེར་ངས་ཞུས་ཆོག་གི་རེད་སྙམ། ཕྱོགས་བསྡོམས་ནས་ཞུས་པ་ཡིན་ནའང་འདི་ལྟར་ཞུ་ཆོག དེ་ནས་ཁུངས་དྲངས་པའི་རྒྱུ་མཚན་གཅིག་སྲོག་གཏད་ཀྱི་རྒྱུན་གཙོ་བོ་དེ་སྟག་ཕུ་པདྨ་བ¿་ཞེས་བསམ་གྱིས་མི་ཁྱབ་པའི་བླ་མ་དེ་ལ་དག་སྣང་བྱུང་བའི་གནས་ཚུལ་ཞིག་ཆགས་ཡོད། ཡིན་ནའང་དེའི་ལོ་རྒྱུས་ལ་ཞིབ་ཏུ་བསམ་བློ་བཏང་ན། ཕལ་ཆེར་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཆུང་ཆུང་སྐབས་ནས་དོལ་རྒྱལ་དང་འབྲེལ་བ་ཡོད་པས། དེ་འདྲའི་ཐོག་ནས་སྟག་ཕུ་པདྨ་བ¿་ལ་ཡར་ཞུ་བསྐུལ་ནན་པོ་གནང་བ་ཞིག་མིན་ནམ་སྙམ་པ་འདི་ལ་ང་ཚོས་ཞིབ་འཇུག་བྱེད་དགོས་པ་འདུག དེ་འདྲའི་ཞུ་བསྐུལ་ནན་པོ་གནང་ཡོང་དུས་སྟག་ཕུ་རིན་པོ་ཆེའི་ཐུགས་གཤིས་དེ་ང་རང་ཚོའི་ལྷ་བཙུན་རྡོ་རྗེ་འཆང་ནང་བཞིན་ཧ་ཅང་གི་ཐུགས་གཤིས་བཟང་པོ་ཞིག་ཡིན་ཚོད་འདུག དེ་འདྲའི་ཐོག་ནས་ཡོང་སྲིད་པ་རེད།

    དེ་ལྟར་ཡིན་པའི་རྒྱུ་མཚན་གཅིག་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་གླིང་རིན་པོ་ཆེས་ངོས་ལ་ལོ་རྒྱུས་གསུངས་པ་ཞིག་ལ། སྟག་ཕུ་པདྨ་བ¿་བདག་ཉིད་ཆེན་པོ་འདིའི་གསུང་ནང་ལ་བོན་ཆོས་ཁ་ཤས་ཡོད་པ། འདི་དག་བླ་མ་རྡོ་རྗེ་འཆང་ཕ་བོང་ཁ་རིན་པོ་ཆེ་ལ་སྐབས་ཤིག་སྟག་ཕུ་རྡོ་རྗེ་འཆང་གིས་ངའི་བརྩམས་བྲིས་འདི་དག་ལ་ཞུ་དག་གཏོང་དགོས་ཞེས་བཀའ་གནང༌། བཀའ་གནང་བ་ལྟར་ྋསྐྱབས་རྗེ་ཕ་བོང་ཁས་ཞུ་དག་གཏོང་བ་གནང་སྐབས་དེའི་ནང་ཡོད་པའི་བོན་ཆོས་དེ་དག་ཚང་མ་བཏོན་པ་ཡིན། སྟག་ཕུ་རྡོ་རྗེ་འཆང་ལ་སློབ་མ་མང་པོ་ཡོད་པ་དེ་ཚོའི་ནང་ནས་བོན་པོ་ཁ་ཤས་ཀྱིས་སྟག་ཕུ་རྡོ་རྗེ་འཆང་ལ་འདི་སྐོར་ལ་གསུང་རྩོམ་ཞིག་གནང་རོགས་ཞེས་ཞུ་མཁན་བྱུང་བ་དེ་ཚོའི་ཞུ་ངོ་མ་བཟློག་པར་མཛད་པ་ཞིག་རེད་འདུག དེ་དག་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཚང་མ་བཏོན་ཏེ་གཙང་མ་བཟོས་པ་ཡིན་ཞེས་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རང་ནས་ཡོངས་འཛིན་རིན་པོ་ཆེར་གསུངས། ཡོངས་འཛིན་རིན་པོ་ཆེས་ངོས་ལ་གསུངས་བྱུང༌། འདིས་བླ་མའི་ཐུགས་གཤིས་བསྟན་ཡོང་གི་ཡོད། དེའི་བབ་ནས་བལྟས་ན་ྋསྐྱབས་རྗེ་བདེ་བར་གཤེགས་པ་ཕ་བོང་ཁ་རིན་པོ་ཆེར་དག་སྣང་གི་སྲོག་གཏད་འདི་བྱུང་བ་མིན་ནམ། དེ་འདྲ་ཡིན་དུས་སྔོན་མ་ངས་གནས་ཚུལ་དེ་སྐོར་གནས་ཆུང་ལ་དོགས་གཅོད་བྱེད་མྱོང༌། དོགས་གཅོད་བྱེད་སྐབས་དེ་བར་ཆད་ཀྱི་དབང་གིས་ཡོང་མི་སྲིད་པ་མིན་ཞེས་དེ་འདྲ་ཞིག་གསུང་བྱུང༌། གང་ལྟར་ག་རེ་ཡིན་རུང་མིན་རུང་རྩ་བའི་དོལ་རྒྱལ་གྱི་འགྲོ་སྟངས་དེ་ལྟར་ཆགས་ཡོང་དུས་བདེ་པོ་ཞིག་ཡོང་གི་མེད།

    ལར་ནས་ང་རང་ཚོ་ནང་པའི་ཆོས་ཀྱི་ནང་ལྷ་བསྟེན་སྟངས་གང་འདྲ་ཞིག་རེད་དམ་ཞེ་ན། ཉན་ཐོས་ཀྱི་གཞུང་ནས་བཤད་ན་ཕལ་ཆེར། རྒྱལ་ཆེན་རིགས་བཞི་ཞེས་པ་དེ་འདྲ་ཡོང་གི་མེད་དམ། ཚངས་པ་དང་བརྒྱ་བྱིན་ཞེས་པའི་དེ་ཚོའི་གྲས་ཡོང་གི་ཡོད་ཤས་ཆེ། ཡག་པོ་ཞིག་ངོས་ནས་མི་ཤེས། ཐེག་ཆེན་གྱི་མདོ་སྡེའི་གཞུང་གི་ནང༌། ལྷ་ཡི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དེ་ཚོའི་གྲས་ཐོན་ཡོང་གི་ཡོད། དེ་བཞིན་ས་ཐོབ་པའི་སེམས་དཔའི་ནང་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་ཐོན་ཡོང་གི་ཡོད། དེ་ཚོའི་གྲས་ང་རང་ཚོ་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་དང༌། མདོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཉམས་ལེན་བྱེད་མཁན་ཚོས་ང་རང་ཚོའི་མངོན་རྟོགས་རྒྱན་ནང་མཐར་གྱི་སྦྱོར་བའི་རྗེས་དྲན་དྲུག་གི་ནང་ལྷ་རྗེས་སུ་དྲན་པ་ཞེས་པ་ཞིག་ཡོད། ལྷ་རྗེས་སུ་དྲན་པ་ཞེས་པ་འདི་ལྷ་དཔང་པོའི་ཚུལ་དུ་བསྟེན་རྒྱུ་ཞིག་ཡོད། དེ་འདྲ་ཡིན་དུས་ཕྱིས་སུ་རྒྱ་གར་གྱི་ནཱ་ལེདྲན་ལ་སོགས་པའི་གཙུག་ལག་ཁང་བཤད་གྲྭ་ཆེན་པོ་དེ་ཚོའི་ནང་ནས། སྒྲོལ་མའི་སྐུ་དང༌། སྤྱན་རས་གཟིགས་ཀྱི་སྐུ་དེ་འདྲ་ཐོན་ཡོང་གི་འདུག དེ་དག་ནི་ང་ཚོས་རྗེས་དྲན་དྲུག་གི་ནང་ལྷ་རྗེས་སུ་དྲན་པའི་ནང་ལྷ་དབང་པོའི་ཚུལ་དུ་བསྟེན་པ་ཞིག་ཡོང་གི་ཡོད་པའི་གནད་ཀྱིས་ཡིན་ནམ་སྙམ།

    དེ་ནས་སྔགས་ཀྱི་ནང་གང་ཟག་རང་ཉིད་ལྷ་ཡི་ང་རྒྱལ་དང་གསལ་སྣང་ཐོག་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་རྒྱུ་ཞིག་གསུང་གི་ཡོད་དུས། དེ་དང་འབྲེལ་ནས་དཀྱིལ་འཁོར་གྱི་ནང་ལྷ་འདྲ་མིན་མང་པོ་ཡོང་བ་དང༌། དྲེགས་པ་དེ་ཚོའི་གྲས་བཀའ་སྲུང་གི་ཚུལ་དུ་ཡོང་གི་ཡོད། ནང་པའི་ཆོས་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་ཡོང་སྟངས་དེ་ལྟར་རེད། སྔགས་དང་འབྲེལ་ནས་སྲུང་མ་དེ་དག་ཐོན་ཡོང་སྟངས་དེ་ལྟར་རེད། སྔགས་དང་འབྲེལ་ནས་སྲུང་མ་དེ་དག་ཐོན་ཡོང་དུས། སྲུང་མ་དེ་དག་བསྟེན་སྟངས་གང་འདྲ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་རང་ཉིད་ལ་ཐབས་ཤེས་ཀྱི་ཉམས་ལེན་ཡོད་པའི་ཐོག་ནས་མདོར་ན་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་རྣལ་འབྱོར་གྱི་གདེང་དང་ལྡན་པའི་ཐོག་ནས་དྲེགས་པ་དེ་ཚོའི་གྲས་བྲན་དུ་བཀོལ་བ་ཞིག་ཡོད། ནག་ཕྱོགས་པ་དེ་ཚོའི་གྲས་ཀྱང་དཀྱིལ་འཁོར་གྱི་མཐར་བཀུག་ནས་བཀའ་བསྒོ་བ་དང༌། ཡང་ན་ཕུར་བཏབ་བྱས་ཏེ་བསྒྲལ་བ། ཡང་ན་ལན་ཆགས་ལ་གཏོར་མ་སྦྱིན་ཏེ་འཁོན་གྲིབ་སྦྱོང་བ་དེ་འདྲ་བྱ་རྒྱུ་ཡོང་གི་འདུག དེ་འདྲའི་ལྷ་བསྟེན་མཁན་གྱི་མི་དེས་དང་པོ་རྣལ་འབྱོར་པ་ཁོ་རང་ལ་རྟོགས་པ་ཞིག་བསྒྲུབས། དེ་འདྲའི་ཚད་ལོངས་པའི་ཐོག་ནས་ཆོས་སྲུང་མང་པོ་ཞིག་བསྟེན་གྱི་ཡོད། ལྷག་དོན་དྲེགས་པའི་ལྷ་དེ་ཚོའི་བསྟེན་སྟངས་འདི་འདྲ་རེད། དྲེགས་པའི་སྲོག་གཏད་ཅེས་པའི་མིང་དེ་ག་རང་ནས་སྲོག་གཏད་ཅེས་པ་འདི་ཉམས་ལེན་བྱེད་མཁན་གྱི་གང་ཟག་རྟོགས་པ་ཡོད་པའི་མི་དེ་ལ་དྲེགས་པའི་སྲོག་ཚུར་གཏད་པ་ཞིག་ཡིན། རྣལ་འབྱོར་པ་རང་ཉིད་ལྷ་ཡི་ང་རྒྱལ་དང་གསལ་སྣང་བརྟན་པོ་ཡོད་པའི་ཐོག་ནས་དྲེགས་པ་དབང་དུ་བསྡུས་ཏེ། བྲན་དུ་བཀོལ་བ་ཞིག་ཡོང་གི་ཡོད། དེང་སང་རྒྱལ་ཆེན་བསྟེན་མཁན་ཚོས་སྲོག་ཕར་གཏད་ཀྱི་འདུག དེ་ལ་བྱབ་གང་འདུག བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ལ། ང་རང་ཚོའི་ལུས་ངག་ཡིད་གསུམ་གྱི་སྲོག་གཏད་པ་ཡིན་ན། དེ་ནི་འགྲིགས་པ་ཡིན། སྟོན་པ་བཅོམ་ལྡན་འདས་ང་རང་ཚོའི་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོར་བཞུགས་ཡོད་ཀྱང༌། འདིས་གསུང་བྱོན་གྱི་ནི་མི་འདུག འདིས་ཚོང་ལམ་འགྲོ་ཡོང་བ་ལ་བྱིན་རླབས་གནང་རྒྱུ་ནི་འདུག འཕྲིན་ལས་བསྒྲུབ་རྒྱུ་ནི་མི་འདུག ཡང་སྡུག་ས་ནས་སྟོན་པ་བཅོམ་ལྡན་འདས་གཙུག་ལག་ཁང་གི་རྟེན་གཙོར་ཡོད་པ་འདིས་གནོད་པ་བསྐྱལ་ཡོང་བསམས་པའི་དོགས་པ་ཡང་བྱེད་དགོས་དོན་མི་འདུག དེ་འདྲ་ཡིན་དུས་སྟོན་པ་བཅོམ་ལྡན་འདས་ལ་དེ་ཙམ་གྱི་རྩི་མཐོང་ཡོད་པ་མ་རེད། ཁ་ནས་སྐྱབས་སུ་མཆིའོ་ཞེས་བརྗོད་པ་མ་གཏོགས། འགག་ལ་ཐུག་དུས་གློ་སྙིང་བྲང་གསུམ་ཚུར་ཕྱོགས་ཀྱི་དྲེགས་པ་ཐེབས་ཆག་ཅིག་ལ་གཏད་ནས་དེ་གསོལ་བ་ལས། བཅོམ་ལྡན་འདས་ལ་དད་པ་དེ་ཙམ་བྱེད་ཀྱི་མི་འདུག གཏོར་མ་ཞིག་ཆག་སོང་ན༑ ཨོ་འོ་གནོད་མི་ཡོང་ངམ། མདང་དགོང་རྨི་ལམ་ལ་གྲྭ་པ་རྒྱའུ་ཞིག་གིས་ངའི་སྐེ་བཙིར་བར་ཡོང་གི་འདུག ཡས་ཡོང་གི་མས་ཡོང་གི་ཟེར། ཨ་ཙི་ཆག་སྒོ་སྐྱབས་འགྲོའི་བསླབ་བྱ་དང་འགལ་འགྲོ་གི་འདུག བྱེད་སྟངས་དེ་འདྲ་མ་རེད། བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་རྒྱས་ཡོད་ཅེས་བརྗོད་ཀྱི་ཡོད་ཀྱང༌། གནས་ཚུལ་དེ་འདྲ་མཐོང་ཡོང་དུས་ཨ་ཙི་གང་འདྲ་ཡིན་ནམ་སྙམ་པ་ཞིག་ཡོང་བ་དང༌། ནང་གསེས་རི་བོ་དགེ་ལུགས་པའི་ནང་ཆ་བཞག་ན་གུང་ཐང་ཚང་གིས་གསུངས་པར།

                                               ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །
                                               དཔལ་དང་འབྱོར་པས་རབ་རྒྱས་ཀྱང༌། །
                                               བཤད་དང་སྒྲུབ་པས་ཆེས་ཕྲ་བ། །
                                               བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །    ཞེས་དང༌།

                                                དེང་དུས་ཡབ་རྗེའི་སྲོལ་བཟང་ཡང༌། །
                                                 སྙིགས་མ་མུན་པའི་རྡུལ་གྱིས་ཁེངས། །
                                                 ལྟར་སྣང་བཤེས་གཉེན་དུ་མ་ཡིས། །
                                                 སྐྱེ་བོ་ཉམ་ངའི་གཡང་དུ་འཁྲིད། །
                                                            ཅེས་གསུངས་པ་འདི་ཡང་དེ་འདྲའི་ཐོག་གོ་ཆོད་པ་འདུག

    ཡང་འགའ་རེས་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་ཡི་དམ་རྣལ་འབྱོར་མ་རེད་ཅེས་བརྗོད་མཁན་ཡོད། ངོས་རང་ལ་ཆ་བཞག་ན་ས་སྐྱའི་གསེར་ཆོས་བཅུ་གསུམ་ཆུང་ཆུང་སྐབས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་དང༌། ཕྱིས་སུ་རྣལ་འབྱོར་མའི་ཆོས་སྐོར་རྣམས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཀྱང་ཐོབ། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ངེས་པ་དོན་ལ་གང་ཡིན་རུང༌། ཐུན་མོང་གདུལ་བྱའི་སྣང་ངོར་ཡང་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཆེན་པོ་ཡིན་པ་རྩོད་མེད་ཡིན། བདེ་མཆོག་ཡབ་བཀའ་ཡུམ་བཀའི་ཆོས་སྐོར་ཡོངས་རྫོགས་དང༌། ལྷག་དོན་དྲིལ་བུ་ལུས་དཀྱིལ་དང༌། རྣལ་འབྱོར་མའི་སྐོར་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཆ་ཚང་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་དང༌། དང་དོད་ཆེན་པོས་བསྙེན་པ་ཡང་བཏང༌། དད་པ་ཧ་ཅང་ཆེན་པོ་ཡོད། ཉམས་ལེན་བྱེད་ཀྱི་ཡོད། ཡིན་ནའང་རྣལ་འབྱོར་མ་དགེ་ལུགས་པའི་ཐུན་མོང་མ་ཡིན་པ་རེད་ཅེས་བརྗོད་ན་འདི་ཡང་ངོས་རང་སྣང་བར་འགྲོ་གི་མི་འདུག དྲང་པོ་མ་རེད། རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་ནང་མཆོག་སྒྲུབ་པའི་གདམས་པ་ཞིག་མེད་པ་རེད་དམ་ཞེ་ན། མེད་པ་ག་ནས་ཡིན། ཡང་རྗེ་རིན་པོ་ཆེ་གང་ཉིད་ཀྱིས་ཉམས་བཞེས་གནང་བའི་ཐུན་མོང་མ་ཡིན་པ་འདི་དག་གསུང་འབུམ་ནང་མ་བཀོད་པ་ཅི་ལ་ཡིན། ཕྱིས་སུ་རྣལ་འབྱོར་མའི་སྐོར་དེ་དག་རྗེ་བླ་མའི་ཐུགས་ལ་གབ་པའི་ཟབ་ཆོས་ཞེས་གསུང་གི་ཡོད། ཐུགས་ལ་གབ་པའི་གབ་ཆོས་གསུང་འབུམ་ནང་མ་བཀོད་བཞག་པ་ཞིག་རྩ་བ་ནས་ཡོང་མི་ཤེས། གང་ཡིན་ཞེ་ན། རྗེ་རིན་པོ་ཆེ་ཁོང་གང་ཉིད་ཀྱིས་རིམ་ལྔ་གསལ་སྒྲོན་ནང༌། མན་ངག་བྱ་བ་ཡི་གེར་བྲིས་པར་ཕངས་ནས་བླ་མས་སློབ་མ་གཅིག་ནས་གཅིག་གི་རྣ་ཁུང་བརྒྱུད་དེ་བཤད་པ་ལ་མན་ངག་མི་ཟེར་ཞེས་གསུངས་འདུག རྗེ་རིན་པོ་ཆེ་ཁོང་ཉིད་ནས་དེ་ལྟར་གསུང་གིན་གསུང་གིན་ལ་གང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་བཞེས་གནང་བ་དེ་དཔེ་ཆའི་ནང་མ་བྲིས་པར་ཟུར་དུ་འཇོག་པ་གནང་གི་མ་རེད།

     དེར་བརྟེན་རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་ནང་མཁའ་སྤྱོད་མ་དམར་པོའི་སྒྲུབ་ཐབས་ཞེས་པ་ཤོག་ལྷེ་གསུམ་ཙམ་ཞིག་ཡོད་པ་ལས་དེ་མིན་ཚིག་གཅིག་ཡོད་པ་མ་རེད། བདེ་མཆོག་གི་རྒྱུད་འགྲེལ་ཆེན་པོ་སྦས་དོན་ཀུན་གསལ་ནང་ཨོཾ་གསུམ་མའི་སྔགས་བཀླགས་པ་ཙམ་གྱིས་གྲུབ་པ་ཡིན་གསུངས་པའི་བཤད་པ་ཕྲན་བུ་ཐོན་ཡོང་བ་མ་གཏོགས་གཞན་གྱི་ཟུར་དུ་སྒྲུབ་ཐབས་གང་ཡང་མཛད་མེད། ངོས་ནས་དེ་དག་ཚར་མང་པོ་ཞུས་མྱོང༌། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཁོང་རང་གི་གསུང་པོད་བཅོ་བརྒྱད་ནང་གལ་ཆེན་པོ་བྱས་ཏེ་སྒྲུབ་ཐབས་དང༌། དབང་བསྐུར་གྱི་ཆོ་ག བསྐྱེད་རྫོགས་ཀྱི་ཁྲིད་ཡིག་དེ་ཚོ་མཛད་ཡོད། དེ་ཡང་གླེགས་བམ་མཐུག་པོ་དང༌། མང་པོ་ཡོད་པ་ནི་གསང་བ་འདུས་པ་གཙོ་བོ་ཡིན། དེར་བརྟེན་རྗེ་བཙུན་ཤེས་རབ་སེང་གེ་ཡབ་སྲས་ཀྱིས་གསང་བ་འདུས་པའི་བཤད་གྲྭ་བཙུགས་ནས་རྒྱུད་སྟོད་སྨད་གཉིས་དང༌། གཙང་ཁུལ་སྲད་རྒྱུད་པ་ཡོད། གང་ལྟར་ཡང་སྙིང་རྗེ་བཙུན་ཤེས་རབ་སེང་གེ་ཡབ་སྲས་ཀྱི་བརྒྱུད་འཛིན་དེ་དག་གིས་གསང་བ་འདུས་པ་གཙོ་བོ་གནང་ནས། ཁ་རྒྱུན་དུའང་འགྲོ་ན་གསང་བ་འདུས་པ་དང༌། བསྡད་ན་གསང་བ་འདུས་པ་ཞེས་བརྗོད་ཀྱི་ཡོད། ངོས་ནས་རྩེད་མོའི་ཚུལ་དུ་བླ་མ་རྒྱུད་པ་དང༌། གྲྭ་ཚང་གི་གྲྭ་པ་སོགས་ལ་སོ་སོས་ཉེས་རྡུང་བཟེད་ཀྱིན་བཟེད་ཀྱིན་ལ་བསླབ་པའི་གསང་བདེ་འཇིགས་གསུམ་གྱི་དཔེ་ཆ་འདི་ཚོ་ཚོགས་འདོན་གྱི་ཁྲལ་རྒྱུགས་བྱེད་པ་ལྟ་བུ་མ་གཏོགས་བྱང་ཆུབ་སྒྲུབ་པར་ཕན་མ་ཐོགས། བྱང་ཆུབ་སྒྲུབ་པར་རྗེ་རིན་པོ་ཆེའི་གསུང་པོད་བཅོ་བརྒྱད་ནང་མེད་པའི་རྣལ་འབྱོར་མ་ཡིན་ཞེས་འདོན་པ་འདི་ཁྱད་མཚར་རེད་ཅེས་བཤད་ཀྱི་ཡོད། དེ་ནི་ངོས་རང་གི་མཐོང་ཚུལ་ཡིན། དེ་དག་ལ་གཟབ་གཟབ་མ་བྱས་ན་མིང་དགེ་ལུགས་པའི་མིང་འཁྱེར་ཏེ་ཞེན་ཁོག་བྱེད་ཀྱི་ཡོད་ཀྱང་ངོ་ཐོག་གང་འདྲ་ཞིག་གི་ཐོག་ཏུ་འགྲོ་གི་ཡོད་མེད་ཡག་པོ་ཤེས་དགོས་པ་ཡིན།

    ད་ལྟ་གོང་དུ་ཞུས་པ་བཞིན་འཇམ་མགོན་ྋརྒྱལ་བའི་བསྟན་སྲུང་ཞེས་པ་འདི་ཧ་ཅང་ཐལ་བའི་སྐད་ཆ་རེད། གཉིས་ནས་བསམ་བློ་ཞིག་ཐོངས་དང༌། དངོས་ཡོད་གནས་ཚུལ་ལ་དགེ་ལུགས་པའི་དགོན་པ་གཙོ་བོ་ཆེ་བ་དེ་དག་གིས་དྲེགས་པའི་ནང་ནས་ལྷ་གང་ཞིག་གཙོ་བོ་བྱེད་ཀྱི་ཡོད་ཅེ་ན། སྐུ་ལྔ་གཙོ་བོ་བྱེད་ཀྱི་ཡོད། འབྲས་སྤུངས་བརྗོད་མི་དགོས་ཤིང༌། སེ་རར་ཡང་དཔེར་ན། བྱ་ཁྲིའམ་ཀརྨ་ཤར་དང༌། སེར་སྨད་ཀྱི་ཐ་འོག་རྒྱལ་པོ་སྐུ་ལྔའི་གྲས་ཆགས་ཡོད། དགའ་ལྡན་ལ་དེ་རིགས་དམིགས་བསལ་མེད་པར་ཆོས་རྒྱལ་གཙོ་བོ་ཡིན་པ་འདི་དཀོན་མཆོག་གོང་ཕུད་དང༌། ཧ་ཅང་ཡག་པོ་ཡིན། དེ་ནས་རྒྱུད་གྲྭ་གཉིས་ལ་མཚོན་ན་མགོན་ཆོས་གཉིས་ཡིན། རྒྱུད་པར་གསོལ་ཇའི་བར་མཚམས་སུ་རྒྱུད་སྨད་ཡིན་ན་བརྐྱངས་བསྐུམས་མ་གསོག་པ་དང༌། རྒྱུད་སྟོད་ཡིན་ན་མྱུར་མཛད་མ་གསོག་གི་ཡོད།

    དེ་ནས་མར་བླ་བྲང་བཀྲ་ཤིས་འཁྱིལ་ལ་བལྟས་པ་ཡིན་ན་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གདན་ས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་མཁན་ཆོས་སྡེ་ཆེན་པོ་དེར་ཡང་གནས་ཆུང་གཙོ་བོ་ཡིན། སྐུ་འབུམ་ལ་ཆ་བཞག་ན། དེའི་སྲུང་མ་ཡང་གཙོ་བོ་གནང་ཆུང་རེད། དེ་ནས་མར་སོག་ཡུལ་ལ་བརྩིས་ན་དྷཱ་ཁུ་རལ་གྱིས་མཚོན་པའི་ཆེན་པོ་ཧོར་གྱི་ཡུལ་གྲུ་མང་པོ་ཞིག་གནས་ཆུང་དང་འབྲེལ་བ་ཤུགས་ཆེན་པོ་འདུག ཁམས་ཀྱི་དཀར་མཛེས་དགོན་པ་སོགས་དགེ་ལུགས་པའི་དགོན་པ་གཙོ་ཆེ་བ་མང་པོ་ཞིག་གིས་གནས་ཆུང་དང༌། སྐུ་ལྔའི་རྣམ་སྤྲུལ་འདྲ་མིན་བསྟེན་མཁན་རེད། ཡིན་ནའང་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་མིང་བཏགས་མེད་ལ། མིང་དགོས་ཀྱི་ཡང་མེད། དེས་བསྟན་པ་སྤྱིའི་ཞབས་འདེགས་སྒྲུབ་ཀྱི་ཡོད། ཚུར་ཕྱོགས་ལ་དོལ་རྒྱལ་འབྲས་སྤུངས་ཀྱིས་བསྟེན་གྱི་མེད། ལོ་རྒྱུས་ཐོག་ནས་ཧ་ཅང་དམ་དྲག་ཡོད། སེ་རའི་ནང་སྔ་མོ་མེད་ལ། དགའ་ལྡན་དུའང་སྔ་མོ་མེད། རེ་ཟུང་རེ་ཟུང་ནས་བསྟེན་མཁན་ཡོད་པ་དེ་ཡང་རྩོད་པ་ཅན་དང༌། དོགས་པ་ཅན་ཞིག་གི་ཐོག་བསྡད་ཡོད། ད་ལྟ་གོང་དུ་ལུང་དྲངས་པ་དེ་འདྲ་ཞིག་ལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་མིང་འདི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཏན་ཏན་བསམ་བློ་བཏང་བ་ཡིན་ན་རན་པོ་མེད། གོང་དུ་ཞུས་པ་བཞིན་སྲུང་མ་བསྟེན་ཕྱོགས་དེ་དག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ལམ་རིམ་སྨོན་ལམ་ནང༌།
                                        གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །
                                        ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །
                                        མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །
                                        བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །
    ཅེས་གསུངས་པ་འདི་གང་ཟག་རང་ཉིད་ཀྱིས་ཐེག་པ་མཆོག་གི་ལམ་ལ་བསླབ། ཐེག་པ་མཆོག་གི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གྱི་ཉམས་ལེན་བྱས་པ་ཡིན་ན། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། མཐུ་ལྡན་དཀར་ཕྱོགས་སྐྱོང་བའི་སྲུང་མ་དེ་དག་གིས་ངང་གིས་འཁོར་ནས་གྲོགས་དང་འཕྲིན་ལས་བྱེད་དགོས་པ་ཞིག་ཆགས་ཡོད། སོ་སོའི་ངོས་ནས་ཆོས་དང་མཐུན་པའི་ཉམས་ལེན་རང་གི་རྒྱུད་ལ་ཞུ་དག་འཕེར་བའི་ཡག་པོ་མེད་པར་ལྷ་གསོལ་ཀླུ་གསོལ་བྱས་ཏེ་ཕྱིན་ན། འགྲོ་སྟངས་དེ་རྩ་བ་ནས་འགྲིགས་ཀྱི་མེད། ད་ལྟའི་ང་ཚོའི་བྱེད་སྟངས་འདི་ལྟར་བྱས་ཏེ་ཕྱིན་པ་ཡིན་ན། རིམ་པས་ང་ཚོ་བོད་ཀྱི་ནང་པའི་ཆོས་དང༌། ལྷག་དོན་གདན་ས་ཆེ་ཁག་མང་པོ་ཞིག་གིས་ཧ་ལམ་བོན་གྱེར་བ་ལྟ་བུས་ལྷ་གསོལ་ཀླུ་གསོལ་བྱེད་པའི་སྒང་ལ་ཕྱིན་ན། འདིས་བསྟན་པ་སླ་རུ་འགྲོ་བ་དང༌། ཅང་ཅང་ལ་འགྲོ་རྒྱུའི་ཉེན་ཁ་འདུག

    ཆོས་དང་འབྲེལ་བའི་ཐོག་ནས་ཞུས་ན་ངོས་ཀྱིས་འདི་འདྲ་ཞིག་མཐོང་གི་འདུག དམ་པ་གོང་མ་སྤྱིའི་ཕྱག་བཞེས་དང༌། གསུང་སྟངས་ལ་སྒོ་བསྟུན་དུས་དམ་པ་རེ་ཟུང་གིས་གསུངས་པ་དེ་མ་མཐུན་པ་ཡོང་གི་ཡོད་ན། དེ་ནི་ལམ་རིམ་ཆེན་མོའི་ནང་རྗེ་རིན་པོ་ཆེས་གསུངས་པ་ལྟར། གཞུང་ཆེན་མོ་དང་རྣམ་པ་ཐམས་ཅད་དུ་འགལ་ན་མི་འགྲིགས། གལ་སྲིད་གཞུང་ཆེན་པོ་དང་འགལ་གྱི་འདུག་ན། འདོར་འོས་མན་ངག་བྱ་བ་ལ་བབས་པ་ཡིན་ཞེས་གསུངས་ཡོད། དེ་བཞིན་བྱས་ནས་བསྟན་པ་སྤྱིའི་འགྲོ་སྟངས་དང༌། དགེ་ལུགས་པའི་བསྟན་འཛིན་གྱི་སྐྱེས་བུ་སྤྱིའི་གཟིགས་ཕྱོགས་དང་མ་མཐུན་པ་ཞིག་ཡོང་གི་ཡོད་ན། རེ་ཟུང་རེ་ཟུང་གིས་གསུངས་པ་དེ་དོར་རྒྱུ་རེད་མ་གཏོགས། རེ་ཟུང་གིས་གསུངས་པ་དེ་རྒྱུ་མཚན་དུ་བྱས་ཏེ་བླ་མ་གོང་མ་མང་པོ་ཞིག་གིས་གསུངས་པ་དེ་དག་ནོར་འཁྲུལ་རེད་ཅེས་བརྗོད་རྒྱུ་ཧ་ཅང་ཁག་པོ་ཡིན།

    གཉིས་ནས་ཕྱོགས་གཅིག་ལ་ཕ་རྒོད་བླ་མའི་ཞལ་ལུང་ནང་ཡོད་པ་བཞིན་དོལ་རྒྱལ་གནོད་པ་ཚ་པོ་ཡོད་པའི་ཆེ་བ་བརྗོད་རྒྱུ་ཞིག་ཡོད་ཀྱང༌། ཕྱོགས་གཞན་ལ་དེ་ལས་རྒྱས་ཙམ་གྱི་གནས་ཚུལ་བརྗོད་རྒྱུ་ཡོད། བར་སྐབས་ཁམས་ཁུལ་གྱིས་མཚོན་པའི་དབུས་གཙང་གི་ས་ཁུལ་མང་པོ་ཞིག་གི་དགོན་པ་སྤྱི་དང༌། བླ་མ་གྲྭ་པ་སྒེར་སོ་སོས་ཕྱིས་སུ་རྒྱལ་ཆེན་གསར་སྤྲོས་ཀྱིས་བསྟེན་པའི་ཉེར་ལེན་གྱིས་གྲ་མ་འགྲིགས་པ་བྱུང་བ་མང་པོ་ཤོད་རྒྱུ་ཡོད། དེ་དག་ཀྱང་མིག་མཐོང་ལག་ཟིན་ཤ་སྟག་ཡིན། འདི་འདྲའི་རྩོད་པ་ཅན་ཞིག་ཡིན་དུས། ཕྱོགས་གཅིག་གི་ལོ་རྒྱུས་གཅིག་པུར་བལྟས་ནས་གཡག་ཞར་གྱིས་རྩྭ་ཟ་བ་ནང་བཞིན་མ་བྱས་པར། ཕྱོགས་ཚང་མའི་གནས་ཚུལ་ལ་བལྟས། བླ་མ་ཚད་ཐུབ་དེ་ཚོའི་གསུང་ལ་ཞིབ་འཇུག་བྱས་ཏེ་བསམ་བློ་ཞིག་བཏང་ན། གང་ལྟར་ངོས་ཀྱིས་བཤད་པ་དེ་དག་ལ་རྒྱུ་མཚན་མཐོང་གི་རེད། གང་ལྟར་ང་ཚོའི་སྤྱིའི་བསྟན་པའི་འགྲོ་སྟངས་ནི།
                                            དགེ་སློང་དག་གམ་མཁས་རྣམས་ཀྱིས། །
                                            བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
                                            ལེགས་པར་བརྟག་ལ་ང་ཡི་བཀའ། །
                                            བླང་བར་བྱ་ཡིས་གུས་ཕྱིར་མིན། །
    ཞེས་བཅོམ་ལྡན་འདས་ཁོང་རང་ཉིད་ཀྱིས་གསུངས་པ་ལྟར་བྱེད་དགོས། ངོས་ནས་བཤད་པ་འདི་ྋརྒྱལ་བ་རིན་པོ་ཆེས་བཤད་པ་རེད་ཅེས་བརྩི་དགོས་དོན་མེད། དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་ཞིབ་འཇུག་ཡག་པོ་བྱས། ལོ་རྒྱུས་ཁག་ལ་ཡག་པོ་ལྟོས་དང༌། ངོས་ནས་བཤད་པ་འདི་དག་ལ་རྒྱུ་མཚན་ཡོད། གལ་སྲིད་ངོས་ནས་བཤད་པ་འདི་དག་ལ་དོན་དངོས་གྱི་གནོད་བྱེད་ཡག་པོ་ཤོད་རྒྱུ་ཡོད་ན་འགྲིགས་ཀྱི་རེད། གནས་ཚུལ་ཐ་དད་ཡིན། འཇམ་མགོན་ྋརྒྱལ་བའི་བསྟན་སྲུང་ངོ་མ་ཞིག་ཡིན་ན༑ དོལ་རྒྱལ་དང་པོ་དྲག་པོའི་སྐུར་ཤར་ཚར་བའི་རྗེས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སློབ་མ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་ཧ་ཅང་ཐུགས་དད་གནང་གི་ཡོད། དང་པོ་བཀྲ་སིས་ལྷུན་པོར་ཞལ་ཕྱོགས་ནས་ཕེབས་པ་ཡིན་པ་རེད། དེའི་སྐབས་བཀྲ་ཤིས་ལྷུན་པོའི་དགོན་པ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་ནང་དུ་ཚུད་ཐུབ་མེད། འདི་ཕལ་ཆེར་ཕ་རྒོད་བླ་མའི་ཞལ་ལུང་ནང་ཡོང་བ་ཡོད། རྣམ་ཀུན་རྒྱལ་ཆེན་བསྟེན་གསོལ་གནང་མཁན་ཚོས་ཀྱང་གསུང་གི་འདུག འདི་ག་རེ་བྱས་པ་ཡིན་ནམ་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་སྲུང་མཁན་གྱི་ཆོས་སྲུང་ལ་ཆེད་དུ་གཉེར་ནས་དྲག་པོའི་སྐུར་བཞེངས་པ་ཞིག་ཡིན་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཁྱེན་དགོས་པ་ཡིན་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་ཀྱང་མཁྱེན་དགོས་པ་ཡིན། མ་མཁྱེན་པ་འདི་ཁྱད་མཚར་ཞིག་ཆགས་མི་འདུག་གམ། བཀྲ་ཤིས་ལྷུན་པོར་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་མ་ཐར་སྟབས་ས་སྐྱ་ལ་ཕྱོགས་ཏེ་སྐབས་དེའི་ས་སྐྱའི་བདག་ཆེན་ཞིག་གིས་ཁྲག་གི་གསེར་སྐྱེམས་མིན་ནམ་ཞིག་ཕུལ་བ་གནང་ནས་ས་སྐྱས་བསྟེན་སྟངས་དང་པོ་དེ་ལྟར་བྱས་ཏེ་བྱུང་འདུག རྒྱལ་ཆེན་རྟ་བཞོན་མ་དེ་ས་སྐྱ་ནས་བསྟེན་གྱི་ཡོད། དེ་ཡང་ས་སྐྱ་ཡོངས་རྫོགས་མ་རེད། ལྷག་དོན་དེང་སྐབས་ས་སྐྱའི་ནང་བསྟེན་མཁན་ཧ་ཅང་ཉུང་ཉུང་རེད། སྔ་མོ་ཡིན་ན་ས་སྐྱའི་རིགས་ཁ་ཤས་ཀྱིས་ཤུགས་ཆེན་པོ་བསྟེན་གྱི་ཡོད་འདུག

    སྔོན་མ་ཀ་ལུ་རིན་པོ་ཆེས་ཐེངས་གཅིག་ངོས་ལ་ལོ་རྒྱུས་ཤིག་གསུང་མྱོང༌། ཀ་ལུ་རིན་པོ་ཆེ་གཙང་སྟོད་ཕྱོགས་ལ་གནས་སྐོར་ལ་ཕེབས་ཏེ་ས་སྐྱ་ཁུལ་གྱི་དགོན་པ་ཞིག་ལ་ཕེབས་སྐབས་དེའི་དཀོན་གཉེར་གྱིས་འདུ་ཁང་དང་ལྷ་ཁང་ནང་སྤྱིར་བཏང་གནས་བཤད་བརྒྱབ་ནས་ཕྱིན་པ་མ་གཏོགས་དམིགས་བསལ་བྱེད་ཀྱི་མི་འདུག ལྷ་ཁང་ཞིག་གི་སྒོའི་འཁྲིས་ལ་སླེབས་སྐབས་དཀོན་གཉེར་དེས་ཕྱག་གསུམ་འཚལ། སྤོས་ཤིག་འཁྱེར། ཤིན་ཏུ་གལ་ཆེན་པོ་བྱས་ནས་འཁྲིད་བྱུང༌། དེ་ནི་དོལ་རྒྱལ་གྱི་མགོན་ཁང་རེད་འདུག་གསུང་གི་འདུག དོལ་རྒྱལ་གནོད་པ་ཚ་པོ་ཡོད་སྟབས་དཀོན་གཉེར་དེས་གལ་ཆེན་པོར་བརྩིས་པ་མིན་ནམ། ཕྱིས་སུ་ས་སྐྱའི་སྐྱེས་བུ་དམ་པ་མང་པོས་བསྟེན་པ་གནང་གི་མེད། དཔེར་ན། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལ་ཆ་བཞག་ན་དོལ་རྒྱལ་ལ་སྡུག་ཐག་ཆོད་གནང་གི་འདུག དེ་ལྟར་དང་པོ་གནས་ཚུལ་ལྷགས་པའི་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་མདུན་ལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་གང་ལྟར་མ་བཏང་བ་རེད། གནས་ཚུལ་དེར་ཡང་བསམ་བློ་གཏོང་དགོས་པ་ཞིག་འདུག འདི་ཞུ་རྒྱུ་གཅིག་ཡིན།

    དེ་ནས་ཆབ་སྲིད་ཐོག་འབྲེལ་བ་གང་ཞིག་འདུག་ཅེས་བརྗོད་ན། ཆབ་སྲིད་ཀྱི་འབྲེལ་བའི་སྐོར་ལ། དེ་ཡང་ལྷ་ཕེབས་རྒྱུ་དེ་ཐོག་མར་སློབ་དཔོན་རིན་པོ་ཆེས་མཛད་གནང་བ་ཡོད་ཚོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང༌། མཁན་ཆེན་ཞི་བ་འཚོས་བཀའ་སློབ་དང་འབྲེལ་བའི་ཐོག་ནས་བསམ་ཡས་གཙུག་ལག་ཁང་བཞེངས་རྒྱུའི་འཆར་གཞི་བཏིང་སྟེ་གང་ལྟར་ྋརྒྱལ་བསྟན་དར་རྒྱས་ཡག་པོ་ཞིག་ཡོང་བའི་ཐུགས་ཁུར་བསྐྱེད་དེ་འབད་བརྩོན་གནང་བའི་སྐབས་ལ། ནག་པོའི་ཕྱོགས་ཀྱི་གཟུགས་ཅན་མི་དང༌། གཟུགས་མེད་མང་པོ་ཞིག་གི་འགལ་རྐྱེན་འཕྲད་པར་བརྟེན་མཐུ་སྟོབས་ཀྱི་མངའ་བདག་སློབ་དཔོན་རིན་པོ་ཆེ་ཐུགས་བསྐྱེད་སྨོན་ལམ་དང་ཕྱི་ནང་གི་རྟེན་འབྲེལ་མང་པོ་ཞིག་གི་ཐོག་ནས་གདན་ཞུ་གནང༌། དེ་ལྟར་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་སློབ་དཔོན་རིན་པོ་ཆེས་མངོན་མཁྱེན་གྱི་ཐོག་ནས་ཇི་ལྟ་ཇི་སྙེད་པའི་ཆོས་ཐམས་ཅད་ཅིག་ཅར་དུ་མཁྱེན་གྱི་ཡོད་ནའང་ཐུན་མོང་གི་སྣང་ངོར་གནས་གཙང་མའི་ལྷ་ཞིག་མིའི་ཁོག་ཏུ་ཞུགས་སུ་བཅུག་ནས་གནོད་པ་སྐྱེལ་མཁན་དེ་དག་གང་དང་གང་ཡིན་ངོས་འཛིན་བྱེད་དུ་བཅུག དེ་ནས་སློབ་དཔོན་རིན་པོ་ཆེས་དམ་འདོགས་གནང་བའི་ལོ་རྒྱུས་ཡོད། སྔོན་མ་འདི་སྐོར་ཁྲི་བྱང་རིན་པོ་ཆེས་བཀའ་གནང་མྱོང༌། ལོ་རྒྱུས་ཀྱི་ཕྱག་བྲིས་ཤིག་ཡོད་རྒྱུ་རེད། ངོས་ནས་དྲན་གྱི་མི་འདུག ལྷ་ཕབ་ཡག་འདི་རྩ་བའི་རྒྱུད་སྡེའི་ནང་བུ་དང་བུ་མོ་གཞོན་ནུ་དེ་འདྲར་ལྷ་ཕབ་ཡས་ཤིག་ཡོང་གི་འདུག རྒྱུད་སྡེའི་ནང་ཡེ་ཤེས་པ་དབབ་ཡས་ཤིག་ཡོད་པ་དེ་འདྲ་དང་འབྲེལ་བ་ཞིག་ཡོང་གི་ཡོད། གང་ལྟར་ལྷ་ཕབ་ཡས་འདི་དེ་འདྲ་བྱས་ཏེ་ཡོང་གི་ཡོད།

    ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་བཞེངས་པ་གནང༌། བསམ་ཡས་ནི་ཆོས་རྒྱལ་རང་གིས་ཧ་ཅང་ཐུགས་གཙིགས་ཆེན་པོ་གནང་བའི་རྩ་བའི་གཙུག་ལག་ཁང་ཞིག་དང༌། བོད་ཀྱི་བསྟན་སྲིད་ཀྱི་ལྟེ་གནས་ཤིག་ཡིན། དེ་ལ་དཀོར་བདག་རྒྱལ་པོ་སྐུ་ལྔ་བྷ་ཏ་ཧོར་གྱི་ཡུལ་གྲུ་ནས་གདན་དྲངས་རྒྱུའི་ཕྱི་ནང་གི་ཐབས་ཤེས་ཤིག་གནང་ཡོད། གང་ལྟར་ལྷ་མི་ཟུང་འབྲེལ་བྱས་ནས་འགྲོ་རྒྱུ་དེ་དུས་ནས་ཆགས་འདུག

    དེ་ནས་ཉེ་བའི་ཆ་ལ་ད་ལྟ་འདིར་བཙན་བྱོལ་གཞུང་ཞིག་ཡོད་པ་འདིའི་འགོ་ངོས་ནས་འཁྲིད་ཀྱི་ཡོད་པ་རེད། ང་ཚོ་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་སྐབས་བོད་ནང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ལོ་སུམ་བརྒྱ་ལྷག་ཙམ་ཕྱིན་པའི་གཞུང་དེའི་རྒྱུན་ཡོད་པ་དེ་ག་རང་རྒྱ་གར་ལ་སླེབས་པ་དང༌། གཞུང་གི་ངོ་བོ་ཡང་མང་གཙོའི་རང་བཞིན་ལྡན་པའི་གཞུང་ཞིག་ལ་འགྱུར་བ་བཏང་ནས་ད་ཕན་ལོ་དེའི་རིང་ལས་ཀ་མང་པོ་ཞིག་བྱས་ཡོད། དེ་ཡང་ང་ཚོ་རྒྱ་གར་ལ་སླེབས་པའི་སྐབས་ང་ཚོས་འདིར་གཞུང་གསར་པ་བཙུགས་པ་ཡིན་ཞེས་རྒྱ་གར་གཞུང་ལ་མཛད་དཀའ་བཟོ་བ་དེ་འདྲ་གང་ཡང་མ་དགོས་པར། ཏཱ་ལའི་བླ་མ་དང་བཀའ་བློན་གང་འཚམས་ཤིག་ཡོད་པ་འདི་ལོ་རྒྱུས་ཀྱི་ཐོག་ནས་བོད་གཞུང་ཞིག་ཆགས་ཡོད་དུས་དེ་ལྟར་བྱས་ཏེ་གནས་པ་ཡིན། ངོས་ནས་སྔོན་མ་བཅའ་ཁྲིམས་བཟོ་བའི་སྐབས་དབྱིན་ཇིའི་ཚིག་ནང་བྱས་ན་སེ་ཀུ་ལར་བྱས་ན་ཡག་པོ་འདུག་ཅེས་བཤད་ཡོད། ང་ཚོ་མ་འོངས་པར་ཏན་ཏན་ཆོས་ཀྱི་རྣམ་དབྱེ་གང་ཡང་མེད་པ་དང༌། ཆོས་དང་འབྲེལ་བ་དམིགས་བསལ་མེད་པའི་གཞུང་ཞིག་ཡོང་མདོག་ཁ་པོ་རེད། དེ་ནི་དེའི་ཚེ་དེའི་དུས་ཀྱི་གནས་ཚུལ་ཐ་དད་ཡིན།

    ད་ལྟ་ྋརྒྱལ་བ་རིན་པོ་ཆེའི་མིང་ཡོད་མཁན་གྱི་མི་ཞིག་གིས་འགན་འཁྱེར་བའི་སྒྲིག་འཛུགས་ཤིག་ཡོད་པ་འདིའི་རྩ་བའི་འགྲོ་སྟངས་ག་རེ་བྱས་ཀྱང་ངོས་ནས་ཆོས་སྲིད་གཉིས་ཀྱི་བླ་མ་ཞིག་བྱས། དེ་འདྲའི་ཐོག་ནས་གང་ལྟར་ཆོས་སྲིད་ཟུང་འབྲེལ་ཞིག་ཆགས་ཀྱི་འདུག དེ་ནི་གང་ཟག་བྱེ་བྲག་པ་ཞིག་ཆོས་ལ་དད་པ་ཡོད་པ་གཅིག་པུ་མ་ཡིན་པར་སྒྲིག་འཛུགས་དེ་གའི་ཐོག་ནས་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད། མ་འོངས་པར་དེ་དག་གནས་ཀྱི་མ་རེད། ད་ལྟའི་གནས་སྐབས་འདིར་ངོས་ལ་འགན་ཞིག་ཡོད་པ་ཡིན་དུས། གང་ལྟར་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བལྟ་དགོས་པ་ཞིག་དང༌། འགན་འཁྱེར་དགོས་པ་ཞིག་ཆགས་ཀྱི་འདུག དེ་ཡང་ཕུན་སུམ་ཚོགས་པའི་ཡན་ལག་ལས་གནོད་འགལ་གང་ཡང་མེད། ང་རང་ཚོའི་ལས་ཀ་ཚང་མ་ལྷ་ལ་འདྲི་གི་མེད། ང་རང་ཚོ་མིས་བསམ་བློ་བཏང༌། གོ་བསྡུར་བྱས། འཆར་གཞི་བཀོད། ང་རང་ཚོ་མི་ཡི་བློའི་ར་བ་ལས་འདས་པའི་གནས་ཚུལ་དེ་འདྲ་ཡོང་བའི་སྐབས་ལྷ་ལ་དྲིས། ཆོས་སྐྱོང་ཚོར་དྲིས་པ་གཅིག་པུ་ལ་ཆ་མ་བཞག་པར་ཟན་བརྟག་བསྒྲིལ། དེ་ལྟར་བྱས་ཏེ་འགྲོ་གི་ཡོད། ངོས་རང་གིས་ལོ་བཅུ་དྲུག་ཙམ་ནས་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྱེར་བ་ཡིན། ད་ལྟ་ལོ་དྲུག་ཅུ་རེ་གཅིག་ལ་སླེབས་ཡོད། དེའི་རིང་གཙོ་བོ་ང་རང་ཚོ་མིས་བསམ་བློ་བཏང༌། འཆར་གཞི་བཀོད། དེ་ནས་སྐབས་རེ་དོགས་མ་ཆོད་པ་ལྷ་ལ་སྐད་ཆ་དྲིས། དེ་དག་ལའང་ཆ་མ་བཞག་པར་མཐར་ཐུག་ཟན་བརྟག་བསྒྲིལ་བ་བཅས་ད་ལྟ་བར་དུ་དེ་ལྟར་བྱས་པ་ཡིན་ལ༑ དོན་དག་ཆེ་སའི་ཐོག་ནོར་སོང་བསམ་པ་ཞིག་རྩ་བ་ནས་མེད། ད་ལྟ་བར་དུ་ང་རང་སྒེར་གྱི་ངོས་ནས་ཆ་བཞག་ན། དེ་ཕན་ཐོགས་ཆེན་པོ་འདུག་སྙམ་པ་དྲན་གྱི་ཡོད། དེ་ལྟར་ལྷ་མི་ཟུང་འབྲེལ་བྱས་ཏེ་འགྲོ་རྒྱུ་འདི་ཕན་ཐོགས་ཡོད་པ་ཡག་པོ་ཞིག་རེད་འདུག ངོས་ནས་འགན་འཁྱེར་བའི་རིང་ལྷ་མི་ཟུང་འབྲེལ་བྱས་ཏེ་འགྲོ་རྒྱུ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་ལྟར། མུ་མཐུད་དེའི་ཐོག་འགྲོ་གི་ཡོད། དེར་བརྟེན་ང་རང་ཚོ་མི་དམ་ཚིག་གཙང་མ་དགོས་པ་ནང་བཞིན་ལྷ་ཡང་དམ་ཚིག་གཙང་མ་དགོས་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ལྷ་མི་ཕྱར་བ་གྲུ་འདེགས་བྱེད་དགོས་བྱུང་ན་ཚང་མ་དམ་ཚིག་གཙང་མ་དགོས་པ་ཡིན། དམ་ཚིག་མ་གཙང་བའི་གནས་ཚུལ་བྱུང་བ་དང༌། མཐུན་སྒྲིལ་རྡོག་རྩ་ཆིག་བསྒྲིལ་མེད་ན། ལས་ཀ་གང་ལའང་སྐྱོན་ཡོང་བ་འདི་ལྷའི་འཇིག་རྟེན་ནང་ཡིན་ནའང་འདྲ། མིའི་འཇིག་རྟེན་ནང་ཡིན་ནའང་འདྲ། གང་སར་གཅིག་པ་ཡིན་པས། མཐུན་སྒྲིལ་གོང་བུ་གཅིག་གྱུར་དང༌། དམ་ཚིག་གཙང་མ་དགོས་རྒྱུ་འདི་གལ་ཆེན་པོ་ཆགས་ཡོད།

    དོལ་རྒྱལ་གྱི་སྐོར་གོང་དུ་བརྗོད་པ་བཞིན་སྐུ་གོང་མས་དམ་དྲག་གནང་ཡོད། སྐུ་གོང་མས་དམ་དྲག་གནང་བ་དེ་ལ་དོལ་རྒྱལ་གྱི་ལྟ་སྟངས་གང་འདྲ་ཞིག་ཡོད་དམ་ཞེ་ན། དེ་སྐོར་ྋསྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ཟུར་འདེབས་རྒྱ་གར་པར་མ་ཁ་པའི་ཤོག་གྲངས་ ༧༢ དང་རྒྱ་གར་གྱི་ཨང་གྲངས་བརྩིས་ན་ ༡༤༣ པའི་ནང་གསལ་བར། ཧོར་ཟླ་བདུན་པའི་ནང་བཞི་སྡེ་ཏཱ་ཟུར་ལྷ་ལྡན་དུ་བཞུགས་སྐབས་ཤིག་ཏུ་ཐོ་རེངས་སྔ་བར་དགེ་སྦྱོར་ལ་འབད་པའི་དུས་མདུན་དུ་རྒྱལ་ཆེན་ཤུགས་ལྡན་ཁོག་ཞུགས་ཀྱི་གྲྭ་པ་ཞིག་ཡིན་སྙམ་ཤར་བ་ལྟ་བུས་སྐད་གསང་མཐོན་པོའི་སྒོ་ནས། དགུ་རྫོགས་གནམ་གང་ཡིན་དཱ། ཞེས་ལན་གཉིས་སུ་བཟླས་ཏེ་གསལ་པོར་སྨྲས་པ་བྱུང༌། ཏཱ་ཟུར་ནས་ བཞི་སྡེ་ཏཱ་ཟེར། དེ་མ་ཐག་དེ་རིང་རྡོ་རྗེ་འཆང་གི་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ། མདུན་དུ་ཆེད་བཅར་གྱིས་འདི་སྐོར་འཕྲལ་དུ་ཞུ་དགོས་སྙམ་དུ་དེ་ཉིན་སྔ་ཆར་ཆེད་བསྐྱོད་ཀྱིས་བཀྲ་ཤིས་ཆོས་གླིང་དུ་ཕེབས་ནས་རྗེ་བླ་མ་མཆོག་ཕ་བོང་ཁ་རིན་པོ་ཆེ། ལ་དེའི་སྐོར་ཞིབ་ཏུ་ཞུས་པར་རྗེ་ཉིད་ནས་ད་ལྟ་འདི་ཡིན་གྱི་ཁ་ཚོན་གཅོད་དཀའ་ཡང༌། སླད་བརྟག་དཔྱད་བྱ་དགོས་ཞེས་གོང་དུ་ཏཱ་ཟུར་ལ་ཇི་ལྟར་བྱུང་བའི་གནས་ཚུལ་རྣམས་ཟླ་ཚེས་གསལ་པོ་འཁོད་ཀྱི་བསྙེལ་ཐོ་ཕྱག་བྲིས་སུ་འདེབས་པར་མཛད་ཅེས་འཁོད་འདུག ང་རང་ཚོ་ཚང་མ་བོད་སྐད་ཤེས་མཁན་ཤ་སྟག་ཡིན་ཞིང༌། སྐད་གསངས་མཐོན་པོས་སྒྲོགས་ཞེས་བརྗོད་ན། ཚིག་འདི་གང་འདྲ་ཞིག་འདུག་གམ། སྐད་གསངས་མཐོན་པོས་སྒྲོགས་ཞེས་བརྗོད་དུས་གཏམ་བཟང་ཡག་པོ་ཞིག་ཤོད་རྒྱུ་ཡོད་པའམ། ཡང་ན་སྤོབས་པ་བྱས་ནས་ཤོད་རྒྱུ་ཡོད་པ་ཞིག་ཡིན་ན། དེ་ལ་སྐད་གསངས་མཐོན་པོས་སྒྲོགས་ཞེས་པ་འདི་ཡོང་གི་ཡོད། དགུ་རྫོགས་གནམ་གང་ཡིན་དཱ་ཞེས་སྐད་གསངས་མཐོན་པོས་ལན་གཉིས་བསྒྲགས་པ་དེའི་དོན་དག་གང་ཡིན། གོང་གསལ་རྣམ་ཐར་དེ་གའི་ཤོག་གྲངས་ ༧༦ གི་རྒྱབ་ཤོག་ནང་གསལ་བར། ཟླ་བ་དེ་གའི་གནམ་གང་ཉིན་ྋགོང་ས་ྋརྒྱལ་བའི་དབང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་མནལ་ཚུལ་བཞེས་པས་སྔར་བཞི་ཏཱ་ཟུར་ལ་ཆོས་སྐྱོང་ཤུགས་ལྡན་གྱིས་གསུངས་པའི་ཉམས་སྣང་ལྟ་བུས་དགུ་རྫོགས་གནམ་གང་ཡིན་ཟེར་བའང་འདི་སྐབས་གསལ་པོར་ངོ་འཕྲོད་པའི་ཐུགས་ངེས་འདྲོངས་པ་བྱུང་སྟེ། ཟླ་བ་དགུ་པ་རྫོགས་ནས་བཅུ་པའི་གནམ་གང་ཉིན་ྋགོང་ས་ྋཆེན་པོ་སྐུ་འདས་ཚུལ་བཞེས་པའི་དུས་ཡིན་བྱ་རྒྱུར་འདུག་གསུངས་ཞེས་འཁོད་འདུག གཏམ་བཟང་པོའི་དོན་དག་ཅིག་རེད་མི་འདུག ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྐུ་གཤེགས་རྒྱུ་ཡིན་པ་དེ་རྒྱལ་ཆེན་སྐུ་ཕེབས་ཀྱི་རྣམ་འགྱུར་ཐོག་ནས་སྐད་གསངས་མཐོན་པོས་དགུ་རྫོགས་གནམ་གང་ཡིན་དཱ་ཞེས་བརྗོད་དེ་གང་ལྟར་ཡང་སྙིང་སྐུ་མདུན་སྐུ་གོང་མས་རྒྱལ་ཆེན་ལ་ཕྲན་བུ་དམ་དྲག་གནང་བ་ཡིན་དུས་ྋརྒྱལ་བ་སྐུ་གོང་མ་ཤི་ན་དགའ་བ་བྱེད་མཁན་དེ་རྒྱལ་ཆེན་ཆགས་འདུག གང་འདྲ་ཞིག་འདུག་གམ།

    དཔེར་ན། དགེ་འདུན་གྲུབ་པའི་རྣམ་ཐར་ནང་སྐབས་ཤིག་གི་མཚན་ལམ་ལ་བུད་མེད་ཅིག་བྱུང་ནས་བུད་མེད་དེས་ངུ་གིན་ངུ་གིན་ལ་ངའི་མིང་པོ་གྲོངས་སོང༌། ཞེས་ངུ་གིན་ངུ་གིན་ལ་ཞུས་ཡོད། དགེ་འདུན་གྲུབ་པས་དེ་ག་རེ་ཡིན་ནམ་དགོངས་ནས་བརྟག་དཔྱད་གནང་དུས། དུས་ཚོད་གང་འཚམས་ཕྱིན་པའི་རྗེས་ལ་རྗེ་བཙུན་ཤེས་རབ་སེང་གེ་དགོངས་པ་རྫོགས་པའི་ཚེ་གྲངས་དེ་འཁེལ་ཡོད་པ་རེད། རྗེ་བཙུན་ཤེས་རབ་སེང་གེ་དགོངས་པ་རྫོགས་དུས་དགེ་འདུན་གྲུབ་པ་གཙང་ལ་ཡོད་ཅིང༌། དགེ་འདུན་གྲུབ་པའི་མཚན་ལམ་ལ་བུད་མེད་དེས་སྨྲེ་སྔགས་ཀྱི་ཐོག་ནས་ཞུས་ཡོད། དངོས་གནས་བྱས་ན་སྐུ་མདུན་སྐུ་གོང་མ་བོད་ཟླ་བཅུ་པའི་གནམ་གང་ལ་དགོངས་པ་རྫོགས་རྒྱུའི་ལན་བརྡ་ཞིག་ཡིན་ན། བློ་ཕམ་སེམས་ཕམ་གྱི་སྨྲེ་སྔགས་འདོན་པའི་སྒོ་ནས་དགུ་རྫོགས་གནམ་གང་ཡིན་དཱ་ཞེས་བརྗོད་དགོས་ཚོད་ཀྱང༌། སྐད་གསངས་མཐོན་པོས་དགུ་རྫོགས་གནམ་གང་ཡིན་དཱ་ཞེས་བརྗོད་པ་འདི་ལ་བསམ་བློ་གཏོང་དགོས་པ་ཞིག་འདུག འདི་ངོས་ནས་བྲིས་པ་མིན་པར་བློ་བཟང་རྡོ་རྗེ་ལགས་ཀྱིས་དོ་སྣང་མ་བྱུང་བ་ཡིན་ནམ། ཡང་ན་སྤོབས་པ་ཆེན་པོའི་ཐོག་ནས་དངོས་ཡོད་ལོ་རྒྱུས་སྨྲ་བ་པོ་ཇི་བཞིན་བྱས་ཏེ་དངོས་ཡོད་གནས་ཚུལ་རང་བྲིས་འདུག འདིར་བསམ་བློ་གཏོང་དགོས་པ་ཞིག་འདུག

    དགའ་ལྡན་ཕོ་བྲང་དང་ཐོག་མར་ལོ་རྒྱུས་ཡོང་སྟངས་དང༌། བར་སྐབས་སྐུ་གོང་མས་དམ་དྲག་གནང་སྟངས། སྐུ་གོང་མ་མ་གཤེགས་གོང་གི་བོད་ཟླ་བདུན་པའི་ནང་དགུ་པ་རྫོགས་ནས་བཅུ་པའི་གནམ་གང་ཉིན་སྐུ་མདུན་སྐུ་གོང་མ་དགོངས་པ་རྫོགས་རྒྱུའི་རྫོགས་ཚེས་དེ་སྐད་གསངས་མཐོན་པོའི་ཐོག་ནས་བཤད་མཁན་གྱི་ལྷ་དེ་ངོས་ཀྱི་མཐོང་ཚུལ་ལ་ལྷ་བྱབ་ཆུང་ཞིག་རེད་སྙམ་པ་བྱུང༌། དངོས་གནས་འཇིག་རྟེན་དྲེགས་པ་དང༌། དྲེགས་པའི་ནང་ནས་ཀྱང་ཧ་ཅང་གི་བློ་ཆུང་ཞིག ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱལ་ཆེན་ལ་ཕྲན་བུ་དམ་དྲག་གནང་བ་དང༌། ྋསྐྱབས་རྗེ་ཕ་བོང་ཁའི་མཛད་པའི་རིགས་ཁ་ཤས་ལའང་ཕྲན་བུའི་དམ་དྲག་དང་བཀའ་རྩད་གནང་ཡོད། དེ་སྐོར་ཁ་ཤས་རྣམ་ཐར་ནང་ཐོན་ཡོང་གི་འདུག དེ་འདྲའི་གནས་ཚུལ་ཞིག་བྱུང་བ་ཡིན་དུས། ལྷ་ཁོ་རང་གི་སོ་སོའི་ངོ་གདོང་ལ་ཕྲན་བུ་མ་བདེ་བ་ཞིག་བྱུང་བ་དེས་མ་བདེ་བ་བཟོ་མཁན་གྱི་མི་དེ་ཤི་ན་ཧ་ཅང་དགའ་པོ་བྱེད་མཁན་ཞིག་རེད་འདུག ྋརྒྱལ་བ་སྐུ་གོང་མས་བོད་ཀྱི་བསྟན་སྲིད་སྤྱི་ལ་གང་འདྲ་ཞིག་གནང་དང་མ་གནང་དང༌། དགེ་ལུགས་པའི་བསྟན་པ་ལ་གང་འདྲ་གནང་དང་མ་གནང༌། དེ་སྐོར་བསམ་ཤེས་རྩ་བ་ནས་མེད་པར། ཕྲན་བུ་དམ་དྲག་གནང་བ་དེ་ལ་མ་དགའ་བ་བྱས་ནས་གང་ལྟར་སྐུ་གོང་མ་ཤི་སྒུག་རྒྱག་མཁན་ཞིག་ཆགས་ཡོད། སྐུ་གོང་མ་གཤེགས་པར་དགའ་པོ་བྱེད་མཁན་གྱི་ལྷ་དེར་ང་ཚོ་བོད་པས་བརྩི་བཀུར་བྱེད་དགོས་པ་རེད་དམ་མ་རེད། སྐུ་མདུན་སྐུ་གོང་མ་དེ་བསྟན་དགྲ་རེད་དམ་མ་རེད། དགེ་ལུགས་པའི་བསྟན་པར་གནོད་པ་བསྐྱལ་འདུག་གམ་མི་འདུག བོད་ཀྱི་བསྟན་སྲིད་སྤྱི་ལ་འགལ་རྐྱེན་བཟོ་མཁན་ཞིག་རེད་འདུག་གམ། བཀའ་དྲིན་ཆེན་པོ་ཞིག་རེད་འདུག དེར་ང་ཚོས་གཞི་ནས་བསམ་བློ་གཏོང་དགོས། དེ་ལྟར་ལོ་རྒྱུས་འབྲེལ་ཏེ་ཡོང་དུས་རྙོག་ཁྲ་ཚ་པོ་ཡིན།

    ང་རང་སྒེར་གྱི་ངོས་ནས་གྲོ་མོར་འདུལ་འཛིན་ཕེབས་སྐབས་ཧ་ཅང་དགའ་པོ་དང་གུས་ཞབས་བྱས་ནས་ཕྱག་སྡོང་པོ་འགྱེལ་བ་ནང་བཞིན་འཚལ་གྱི་འདུག ག་རེ་ཡིན་ནམ་མི་ཤེས། སྔ་ཕྱིའི་ལོ་རྒྱུས་ཡོང་རྐྱེན་མང་པོ་ཞིག་གུང་བསྒྲིགས་ནས་ཡོང་དུས་རྙོག་ཁྲ་ཆེན་པོ་འདུག དེ་རིང་ཁ་སང་དམ་ཉམས་ཡིན་དང་མིན་ཞེས་པ་འདི་ང་ཚོའི་སྤྱི་ཚོགས་ནང་རྙོག་ཁྲ་གང་འདྲ་ཆགས་ཡོང་གི་མི་འདུག་གམ། བླ་མ་དང་སློབ་མའི་བར་རྙོག་ཁྲ་གང་འདྲ་ཡོང་གི་མི་འདུག་གམ། ཡང་ན་དེ་ལ་ཧོབ་སྟེ་བལྟས་ན་དེ་ནི་ྋརྒྱལ་བ་རིན་པོ་ཆེས་མི་བྱེད་དགུ་བྱེད་བྱེད་ཀྱིན་བསྡད་སྟབས་དམ་ཚིག་ཉམས་ཆག་ཡོང་གི་འདུག་ཅེས་བརྗོད་མདོག་ཁ་པོ་རེད། དང་པོ་སུས་འགོ་བཙུགས་པ་རེད་དམ། དང་པོ་ངས་རྙོག་ཁྲ་བཟོ་རྒྱུ་མ་བྱུང༌། གནས་ཆུང་ནས་གསུང་བའི་སྐབས་ཞལ་ཁར་བཞུགས། འདི་ཡག་པོ་རྩ་བ་ནས་མ་རེད། འདིས་རྙོག་ཁྲ་ཆེན་པོ་བཟོ་གི་རེད་ཅེས་གནས་ཆུང་གི་ཞལ་བཀག་ནས་བསྡད་པ་ཡིན། དངོས་གནས་བྱས་ན་གནས་ཆུང་གིས་ང་ལ་གནོད་དགོས་ཚོད་ཡོད། ངོས་ནས་ཞལ་བཀག་པ་རེད། ཡིན་ནའང་ཚོད་མེད་ཧ་ཅང་ཆེན་པོ་ཞིག་བྱས་ཡོང་དུས་གནས་ཚུལ་ལ་འགྱུར་བ་ཕྱིན་པ་རེད་ལ། བར་སྐབས་ཀྱི་གནས་ཚུལ་ལ་ཆ་བཞག་ན་ངོས་ནས་སྔོན་མ་ཉེན་བརྡ་ཚར་མང་པོ་བཏང་བ་དེ་དག་ཐོག་ཏན་ཏན་ཉན་ཏེ་སྐུ་མདུན་སྐུ་གོང་མ་གསེར་ཞལ་འཚོ་བཞུགས་སྐབས་ཀྱི་གནས་སྟངས་ནང་བཞིན་བྱས་ནས། དོལ་རྒྱལ་ཡང་ཡུལ་ལྷ་གཞི་བདག་གམ་སྐྱེས་ལྷ་ཡུལ་ལྷ་ལྟ་བུར་བསྟེན་མཁན་ཚོས་བསྟེན། དེ་ལས་སྤྲོས་པའི་ཧ་ཅང་གི་འཆོར་ཆེན་པོ་དང༌། ཧམ་པ་ཚ་པོ་མེད་པར་བསྡད་ན་ངོས་ནས་ཤོད་དགོས་དོན་གང་ཡང་མེད། སྤྱི་འགྲེ་སྤྱི་མཚུངས་སུ་འགྲོ་གི་རེད། ཡིན་ནའང་མི་བྱེད་དགུ་བྱེད་ཧ་ཅང་ཆེན་པོ་ཞིག་བྱེད་ཀྱི་ཡོད་དུས་མ་བརྗོད་ན་མ་འགྲིགས་པ་དང༌། བརྗོད་ན་ནི་བརྗོད་པས་རྐྱེན་བྱས་ཏེ་རྙོག་ཁྲ་ཡོང་གི་ཡོད། ཡག་པོ་མེད། དེ་དག་དངོས་ཡོད་གནས་ཚུལ་ཡིན། ཁྱེད་རང་ཚོས་མུ་མཐུད་དཔེ་ཆ་དེ་ཚོ་ལ་བལྟས་ལོ་རྒྱུས་འདྲ་ཉན། ཕྱོགས་ཚང་མའི་གནས་ཚུལ་ལ་ཉམས་ཞིབ་བྱས་ནས་ཕྱོགས་བསྡོམས་བྱ་རྒྱུ་གལ་ཆེན་པོ་ཡིན། དེར་བརྟེན་ངོས་ནས་དམ་དྲག་བྱེད་པའི་རྒྱུ་མཚན་དེ་དག་ནི་ང་ལ་གློ་བུར་ལྷ་ཕེབས་ནས་བཤད་པ་ཞིག་མིན་པར་ལོ་ནས་ལོ་བསྟུད་ཉམས་མྱོང་བསགས། དཔྱད་ཞིབ་བྱས། ལོ་རྒྱུས་ལ་བལྟས། མང་པོ་ཞིག་གུང་བསྒྲིགས་ནས་ཡོང་དུས། དེ་ནི་གང་ལྟར་སྐྱོན་ཡོད་པ་ཞིག་མཐོང་སྟེ་བརྗོད་པ་ཡིན། ཁྱེད་རང་ཚོ་ཚང་མས་གོ་སོང་ངམ། མ་ལབ་ན་ངོས་ཀྱི་ནོར་འཁྲུལ་རེད། ལབ་ནས་མ་ཉན་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད་མ་གཏོགས་ངོས་ལ་ཁག་མེད། ད་ལྟ་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་པ་དེ་ལ་ཐུགས་རྗེ་ཆེ་ཞེས་བརྗོད་ཀྱི་ཡིན། ད་དུང་ཡང་ཚང་མས་འཕྲལ་ཕུགས་རྒྱ་ཆེ་ས་ལ་བསམ་བློ་ཡག་པོ་བཏང་ནས་མ་ནོར་བ་བྱ་རྒྱུ་གལ་ཆེན་པོ་ཡིན། མཇུག་ལ་འགྱོད་པ་སྐྱེ་བའི་གནས་ཚུལ་བྱུང་ན་ཕྱིས་དྲགས་པ་རེད། དེ་དུས་བྱེད་ཡག་མེད།

    ད་ལྟ་སྐུ་མདུན་སྐུ་གོང་མའི་སྐོར་ཤོད་འདོད་བྱུང༌། ངོས་རང་དམིགས་བསལ་སྐུ་མདུན་སྐུ་གོང་མར་དད་གུས་དང༌། གུས་བརྩི་དེ་ཙམ་མི་འདུག འོན་ཀྱང་རྨི་ལམ་ནང་སྐུ་མདུན་སྐུ་གོང་མ་ཚར་གཉིས་གསུམ་ཞིག་མཇལ་མྱོང༌། མཇལ་སྐབས་ཕར་བཀའ་འདྲི་འདྲ་ཞུ་བ་དང༌། སྐབས་རེ་ངོས་རང་སྐུ་མདུན་སྐུ་གོང་མར་ཤ་ཚ་སྐྱེ་གི་འདུག་མ་གཏོགས། སྐུ་མདུན་སྐུ་གོང་མར་ངོས་ཀྱི་བླ་མ་ནང་བཞིན་གྱི་ཧ་ཅང་དད་གུས་ནི་ཡོང་གི་མི་འདུག ཡིན་ནའང་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དྲན་གྱི་འདུག སྐུ་མདུན་སྐུ་གོང་མའི་མཛད་པ་ལ་བལྟས་ན་ཆོས་ཕྱོགས་ཐོག་ཧ་ཅང་གི་གསུང་ཆོས་རྒྱ་ཆེན་པོ་གནང་མེད། དེ་ཡང་རྒྱུ་མཚན་ཞིག་གི་ཐོག་ནས་མ་གནང་བ་ཡིན་པ་སྐུ་མདུན་སྐུ་གོང་མ་རང་གིས་གསུངས་པ་ཞིག་ངོས་ནས་གསལ་པོ་ཤེས་ཀྱི་ཡོད། ཆབ་སྲིད་ཀྱི་ལས་ཀ་བྱེད་དགོས་དུས་ཆོས་ཕྱོགས་ཀྱི་དམ་ཚིག་ཉམས་ཆག་འགྲོ་རྒྱུ་དེ་ནི་ཉེན་ཁ་ཆེན་པོ་ཡིན། དེར་བརྟེན་གསུང་ཆོས་གནང་རྒྱུ་དེ་གང་ཉུང་ཉུང་གནང་གི་ཡོད་ཅེས་གསུངས་ཡོད། འོན་ཀྱང་ཆེན་པོ་ཧོར་གྱི་ཡུལ་སོགས་ལ་དཔེ་ཁྲིད་དང༌། བཀའ་ཆོས་གནང་རྒྱུ་སོགས་མང་པོ་ཞིག་གནང་འདུག ཡང་སྐུ་གོང་མས་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་དགོས་པར་བརྟེན། རྟོགས་པའི་བསྟན་པ་བསླབ་པ་གསུམ་དང༌། དེའི་ནང་ནས་རྩ་བ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་དུས་བོད་ལ་ལོ་ལྟར་སྨོན་ལམ་གྱི་རྗེས་སུ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་སྟོང་ཕྲག་དང་སྟོང་ཕྲག་བྱས་ནས་གནང་གི་ཡོད་པ་རེད། ད་ལྟའི་ང་ཚོའི་མི་ཐོག་འདིའི་སྐབས་ཀྱི་དགེ་བཤེས་བགྲེས་པ་མང་ཆེ་བའི་མཚན་གྱི་འགོར་ཐུབ་བསྟན་ཡོད། དཔེར་ན་མཁས་པའི་དབང་པོ་རྒན་ཉི་མའི་མཚན་ལ་ཐུབ་བསྟན་ཕུལ་བྱུང་ཡིན་པ་ཡོད། གང་ལྟར་སྐུ་གོང་མའི་སྐུ་མདུན་ནས་རབ་བྱུང་སྒྲུབ་གནང་བ་རེད། མི་ཐོག་དེའི་ནང་གི་གྲྭ་སའི་དགེ་བཤེས་ཕལ་ཆེ་བ་ཐུབ་བསྟན་གྱི་མཚན་ཡོད་པ་ཤ་སྟག་ཆགས་ཡོད། རབ་བྱུང་དང་བསྙེན་རྫོགས་ཧ་ཅང་མང་པོ་གནང་སྟེ། བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན་དུས་རྟོགས་པའི་བསྟན་པར་ཞབས་འདེགས་སྒྲུབ་པ་གནང་ཡོད།

    ལུང་གི་བསྟན་པ་འཆད་ཉན་གྱི་ཐོག་ནས་འཛིན་དགོས་དུས་སྐུ་མདུན་སྐུ་གོང་མ་རང་གིས་འཆད་ཉན་རྒྱ་ཆེ་བ་གནང་གི་མེད་ཀྱང༌། གྲྭ་ས་ཁག་གི་སློབ་གཉེར་ལ་དམ་དྲག་དང༌། དག་ཐེར་གནང་ནས་བསླབ་པ་སློབ་གཉེར་ལེགས་པ་ཚོ་རྩོད་རྒྱུགས་ཨང་རིམ་ཐོག་ནས་རྒྱུད་པའི་བླ་མ་དབུ་མཛད་ནས་ཕེབས་རྒྱུའི་དམ་དྲག་མཛད་དེ། སྐབས་དེར་རྒྱུད་པའི་མཁན་ཟུར་ལ་སླེབས་ཟིན་ཡོད་ཀྱང༌། དཔེ་ཆ་ཡག་པོ་མེད་པ་ཚོ་འདི་ནས་ཡར་འགྲོ་མི་ཆོག་པའི་ཐག་གཅོད་གནང་འདུག སྐུ་མདུན་སྐུ་གོང་མས་རྩོད་རྒྱུགས་བཞེས་རྗེས་ཀྱི་དགའ་ལྡན་ཁྲི་པ་ཨང་དང་པོ་ནི་འབྲས་བློ་གླིང་དགེ་བཤེས་ཡེ་ཤེས་དབང་ལྡན་རེད། སྤྱིར་བཏང་ཁོང་གི་མཚན་ལ་དགེ་བཤེས་ཨ་མྲི་ཞུ་གི་ཡོད། བརྒྱུད་འདེབས་ནང་ཨ་མྲིས་ཞེས་འདུག་སྙམ། ཁྲི་པ་ཡེ་ཤེས་དབང་ལྡན་ཧ་ཅང་མཁས་པ་རེད་འདུག དེ་སྐོར་སྔོན་མ་གསེར་ཀོང་མཚན་ཞབས་རིན་པོ་ཆེ་སོགས་ནས་ངོས་ལ་གསུངས་པར། དགའ་ལྡན་ཁྲི་པ་རྒྱུད་པའི་བླ་མ་མཁས་པ་རྐྱང་རྐྱང་ཕེབས་རྒྱུ་འདི་སྐུ་གོང་མས་དམ་དྲག་གསར་གཏོད་གནང་བ་ཞིག་རེད། མཁས་པ་མིན་པའི་མཁན་ཟུར་ཚོ་ཕྱིན་ཆད་ཤར་བྱང་ཆོས་རྗེར་ཕེབས་མ་ཆོག་པ་བཟོ་གནང་མཛད་སྐབས་མཁས་གྲལ་གྱི་དང་པོ་དེ་ཁྲི་པ་ཡེ་ཤེས་དབང་ལྡན་རེད་གསུང་གི་ཡོད། དེ་ཚུན་ཆད་ཀྱི་དགའ་ལྡན་ཁྲི་པ་དེ་དག་རྟོགས་པའི་ཡོན་ཏན་གང་ཡིན་རུང༌། གང་ལྟར་མཁས་པའི་ཡོན་ཏན་རྣམ་དཔྱོད་ཕུལ་དུ་བྱུང་བ་ཤ་སྟག་བྱུང་བ་འདི་སྐུ་གོང་མས་བཟོས་ནས་བྱུང་བ་རེད། ངོས་ནས་དེ་ནི་རྩ་བ་ཆེན་པོ་རེད་བསམས་པ་དྲན་གྱི་འདུག

    སྐབས་དེར་སྡེ་པ་གཞུང་གི་གཞུང་ཞབས་ཚོའི་ནང་སྐུ་གོང་མས་ནན་པོ་དང༌། སྒམ་པོ་གནང་སྟངས་ཞེད་སྣང་ཆེན་པོ་ཞིག་ཡོང་གི་ཡོད། ཡང་གདན་ས་ཚོའི་ནང་གི་དཔེ་ཆ་ཡག་པོ་དེ་ཚོའི་གྲས་སྐུ་གོང་མར་སེམས་ཐག་ཧ་ཅང་ཉེ་པོ་ཡོད་འདུག འདི་སྐོར་རྒན་ཉི་མ་སོགས་མང་པོ་ཞིག་ལ་གསུང་རྒྱུ་འདུག གདན་སའི་ནང་གི་སློབ་གཉེར་བ་གྲྭ་པ་གྲྭ་རྐྱང་དཔེ་ཆ་ཡག་པོ་ལྟ་མཁན་དེ་ཚོའི་གྲས་སྐུ་གོང་མར་སེམས་ཐག་ཉེ་པོས་ཐུགས་དམ་དང༌། བཀའ་འདྲི་ཞུ་རྒྱུས་མཚོན་པའི་ཧ་ཅང་གི་འབྲེལ་བ་ཉེ་པོ་ཡོད་པའི་གནས་ཚུལ་ཡོད། འདི་རྩ་ཆེན་པོ་རེད་སྙམ་པ་དྲན་གྱི་འདུག

    ཡང་སྐུ་གོང་མ་གཅིག་ནས་སོག་ཡུལ་དང༌། རྒྱ་དཀར་ནག་སོགས་ལ་ཕེབས་པའི་སྐབས་ཀྱིས་ཕྱི་ལོ་ ༡༩༢༠ ལོ་སྐོར་ལ་བོད་པའི་སློབ་ཕྲུག་དབྱིན་ཡུལ་ནང་སློབ་སྦྱོང་དུ་གཏོང་རྒྱུའི་འགོ་བཙུགས་ནས་ཐབས་ཤེས་མང་པོ་གནང་ཡོད། ཆུ་སྤྲེལ་ཞལ་གདམས་ཀྱི་བཀའ་སློབ་ནང་རྒྱལ་ཐབས་སྐྱོང་ལུགས་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དང༌། སྤྱིར་བཏང་གི་དགོངས་པ་གང་འདྲ་བཞེས་པ། འབད་བརྩོན་གང་འདྲ་གནང་བ། ཐ་མ་དགོངས་གཞི་མ་གྲུབ་པའི་ཐོག་ནས་ཐུགས་ཕམ་ཡོད་པའི་གནས་ཚུལ་ཞིག་གསལ་པོ་འདུག སོ་སོས་རང་ས་རང་སྲུང་བྱེད་དགོས་པ་དང༌། སོ་སོའི་མི་རིགས་དང་རྒྱལ་ཁབ། རྒྱལ་ཁབ་འདི་བརྟན་པོ་གནས་ཐུབ་ཐབས་ལ་འབད་བརྩོན་ཧ་ཅང་ཆེན་པོ་གནང་ཡོང༌།  ཡོངས་གྲགས་ལོ་རྒྱུས་ནང་མེད་ཀྱང༌། ཕྱིས་སུ་དུས་ལོག་རྗེས་སྤོམ་མདའ་རབ་དགའ་ཀ་སྦུག་ཏུ་ཡོད་དུས་ངོས་དང་ཐུག་འཕྲད་གྲོས་མོལ་བྱུང༌། སྔར་རྒྱུས་ད་རྒྱུས་ཀྱི་ལོ་རྒྱུས་མང་པོ་ཤོད་རྒྱུ་འདུག རབ་དགས་ལོ་རྒྱུས་ཤོད་ཡས་གཅིག་ལ་སྐུ་མདུན་སྐུ་གོང་མས་ཁམས་ཁུལ་གྱི་ས་ཁུལ་དེ་དག་ལ་དབུས་གཙང་ནས་རྒྱ་སྦྱོང་ལ་སོགས་པའི་དམག་མི་གཏོང་མི་དགོས་པ་བྱས་ཏེ། ཁམས་ཁུལ་གྱི་ས་ཁུལ་དེ་དག་ཡོངས་རྫོགས་ཁམས་པ་རང་ཉིད་ཀྱིས་རང་ས་རང་སྲུང་བྱ་རྒྱུའི་འགན་སྤྲད་དེ་ཁམས་པ་ཡུལ་དམག་བསྐོངས་ནས་དེ་དག་ལ་གོ་ལག་སྤྲད་དེ་རང་ས་རང་སྲུང་བྱ་རྒྱུའི་དགོངས་པ་བཞེས་སོང༌། དགོངས་པ་དེ་ལྟར་བཞེས་པའི་སྐབས་ལ་དེའི་དུས་ཀྱི་དམག་སྤྱི་ལུང་ཤར་ནས་སྐུ་གོང་མའི་དགོངས་འཆར་དེ་འགྲུབ་རྒྱུ་ཧ་ཅང་ཁག་པོ་རེད། མདོ་སྟོད་ས་ཁུལ་ལ་བར་སྐབས་དབུས་ནས་གཞུང་དམག་ཕྱིན་པ་དེ་དག་གིས་བརྡབ་གསིག་མང་པོ་ཞིག་ཕྱིན་ཡོད་པ་དང༌། བློ་ཕམ་མང་པོ་བྱུང་ཚར་བ་རེད། དེར་བརྟེན་ད་ཆ་བློ་ཕམ་ཕྱིན་ཚར་བའི་ས་ཁུལ་ལ་གོ་ལག་རྩིས་སྤྲད་ནས་རང་ས་རང་སྲུང་བྱེད་བཅུག་ན་འགན་བཟོད་ཨེ་ཡོང་ཞེས་ཞུས་པ་རེད་ཅེས་རབ་དགའ་རང་ནས་ངོས་ལ་ཟེར་གྱི་འདུག སྐུ་གོང་མས་ཐུགས་བསམ་ཆེན་པོ་བཞེས་འདུག ཁམས་ཀྱི་རྒྱ་སྡེ་བོད་སྡེའི་ས་མཚམས་ཀྱི་ས་སྲུང་དེ་དག་ཁམས་པ་རང་ལ་ཆ་ཚང་འགན་བསྐུར། བློས་བཀལ། ཆ་བཞག ཡིད་ཆེས་བྱས་ནས་བཞག་པ་ཡིན་ན་ལོ་རྒྱུས་ཐ་དད་ཞིག་ཡོང་སྲིད་པ་དེ་གཅིག་བྱུང་མེད།

    དེ་ནས་གཉིས་པ་ཁམས་ཁུལ་གྱི་དཔོན་ཁག་ཚོའི་ཕྲུ་གུ་ཕུགས་རེ་ཡོད་པ་དེ་ཚོའི་གྲས་ལྷ་སར་བསྐོང་ནས་སློབ་སློབ་སྤྲོད་རྒྱུའི་དགོངས་པ་ཞིག་བཞེས་འདུག དེ་ཡང་ལག་ལེན་མ་འཁེལ་བ་རེད། དེ་ལྟར་ལག་ལེན་མ་འཁེལ་བའི་སྐབས་ལ་ཐབས་ཤེས་ཀྱི་ཐ་མར་གང་གནང་ཡོད་དམ་ཞེ་ན། ཁམས་ཁུལ་གྱི་དགོན་ཁག་ཚོར་ཕྱག་བྲིས་ཀྱི་ཐོག་ནས་འབྲེལ་བ་གནང་སྟེ་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་དགོངས་པ་བཞེས་ཡོད། དེ་མ་གཏོགས་གཞན་དག་ཐབས་ཤེས་མ་བྱུང་བ་རེད། འདི་རབ་དགའ་རང་ནས་ངོས་ལ་བརྗོད་བྱུང༌། ཡོངས་གྲགས་རྣམ་ཐར་ནང་འཁོད་ཡོད་མེད་མི་ཤེས། ཕལ་ཆེར་ཡོད་པ་མ་རེད། ངོས་ཀྱི་སེམས་ལའང་ངེས་པོ་ཞིག་བྱུང༌། དེ་དག་ནི་སྐུ་མདུན་སྐུ་གོང་མས་ཧ་ཅང་ཐུགས་བསམ་བཞེས་འདུག་ལ། སྐུ་ངལ་ཧ་ཅང་ཆེན་པོ་བསྐྱོན་འདུག འདི་འདྲའི་བྱས་པ་ཅན་གྱི་མི་དེ་གཤེགས་ན་དགའ་པོ་བྱེད་མཁན་དེ་ནི་རྩ་ཆེན་པོ་ཞིག་མ་རེད་སྙམ་པ་དྲན་གྱི་འདུག དེ་དག་ཞོར་འཕྲོས་ཡིན། ཚང་མའི་དགོངས་པར་བཅངས། དེ་མིན་གཞན་མེད། བཀྲ་ཤིས་བདེ་ལེགས། སྣང་སའི་འདས་ལོག་གི་ལོ་རྒྱུས་ལྟ་བུ་དེ་བཤད་ཚར་སོང་ཞེས་བཀའ་སྩལ།།   །། ༼གོང་གསལ་རྣམས་ཤེས་རིག་པར་ཁང་གི་ལས་བྱེད་སྦྱིན་པ་རྒྱ་མཚོས་ཞུ་དག་དང་ཕྱོགས་བསྒྲིགས་ཀྱིས་མཐའ་མའི་ཞུ་དག་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གནང་འདུག་སྟབས་ཚིག་བརྗོད་རེ་ཟུང་བཅོས་པ་ལས་གཞི་རྐང་ཕྱི་ལོ་ ༡༡༩༦ ལོར་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་གནང་བ་ལྟར་བཀོད་པའོ།།༽