ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟ་མགྲིན་ཡང་གསང་དང༌། གསང་སྒྲུབ་ཀྱི་བཀའ་དབང་གི་སྟ་གོན་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

     ད་རེས་རྟ་འགྲིན་གྱི་དབང་བསྐུར་རྒྱུ་རེད། དབང་ཞུ་མཁན་རྒྱལ་ཆེན་མ་བསྟེན་མཁན་དགོས་ཀྱི་འདུག དེ་དགོས་པའི་རྒྱུ་མཚན་ནི་རྒྱལ་ཆེན་གྱི་ལོ་རྒྱུས་ཞིབ་ཕྲ་ཁྱེད་རང་ཚོས་ཤེས་ཀྱི་ཡོད་པས། བསྐྱར་ཟློས་བྱེད་དགོས་དོན་མི་འདུག ན་ནིང་བསྟན་སྲིད་ཀྱི་ཞབས་རིམ་མང་པོ་སྒྲུབ་པ་ཡིན། དོལ་རྒྱལ་རྒྱ་འདྲེ་དང་འབྲེལ་བ་ཡོད་པ་ཞིག་ཡོང་གི་འདུག་པར་བརྟེན། ན་ནིང་འདིར་རྟ་མགྲིན་གྱི་སྒྲུབ་པ་ཚོགས་པའི་སྐབས་ལ་དོལ་རྒྱལ་གྱི་མིང་དངོས་སུ་སྨོས་ཏེ་བཟློག་པ་བྱས་པ་རེད། དེའི་སྐབས་ལ་ཆ་ཞོག་རྒྱུ་དེ་ཙམ་མེད་ཀྱང་རྨི་ལམ་ཁྱད་མཚར་དེ་འདྲ་ཡོང་གི་འདུག ད་རེས་རྟ་མགྲིན་གྱི་དབང་བྱེད་སྐབས་དོལ་རྒྱལ་བསྟེན་མཁན་ཡོད་ན་བདེ་པོ་རང་ཨེ་ཡོང་དྲན་བྱུང༌། དེ་དངོས་ཡོད་གནས་ཚུལ་ཡིན་པས་དབང་ཞུ་མཁན་ནང་ལ་དོལ་རྒྱལ་བསྟེན་མཁན་ཡོད་ན་འགྲིགས་ཀྱི་མ་རེད་ཅེས་བརྗོད་པ་ཡིན། ལྷ་དམ་ཚིག་མི་གཙང་བའི་ཐོག་ནས་མི་དམ་ཚིག་མི་གཙང་བ་ཞིག་ཆགས་ན།

དབང་བསྐུར་མང་པོ་བསྐུར་ལགས་སམ། །
དམ་ཉམས་ས་སྟེང་བཀང་ལགས་སམ། །    གསུངས་པ་བཞིན། དམ་ཉམས་བཟོ་བ་ཞིག་ཆགས་ཀྱི་ཡོད་པ་དང༌། དེས་བླ་མའི་ཚེ་ལའང་གནོད་ཀྱི་ཡོད་སྟབས་རྒྱལ་ཆེན་བསྟེན་མཁན་ཡོང་ན་འགྲིགས་ཀྱི་མ་རེད། ཅེས་ཁ་ས་གསལ་བསྒྲགས་བྱས་ཡོད། འདིར་སླེབས་པ་ངས་ངོ་ཤེས་པའི་ནང་ནས་སྔོན་མ་རྒྱལ་ཆེན་གྱི་སྲོག་གཏད་ཞུས་མྱོང་བའི་བྱང་རྩེ་ཆོས་རྗེ་རི་རྫོང་རིན་པོ་ཆེས་མཚོན་པའི་མང་པོ་ཞིག་གིས་བར་སྐབས་ནས་གཙང་མ་བཅད་ཟིན་པ་རེད། དེ་བཞིན་འདིར་ཕེབས་པའི་མཁན་པོ་ལས་ཟུར་དང༌། བླ་མའི་ནང་རྒྱལ་ཆེན་བསྟེན་མཁན་ཡིན་པ། ད་ཆ་གཙང་མ་བཅད་པ་ཤ་སྟག་རེད། ངས་ངོ་མ་ཤེས་པའི་ནང་རྫུ་རྫུ་བྱས་ཏེ་ཨའུ་ཙམ་མིན་ནམ་བསམ་ནས་གལ་སྲིད་སླེབས་ཡོད་ན། ཁྱེད་རང་ཚོ་འདིར་མ་བསྡད་ན་ཡག་གི་རེད། རྒྱལ་ཆེན་མུ་མཐུད་བསྟེན་གྱི་ཡིན་བསམ་པ་ཡོད་ན་ཆོས་གྲལ་ནས་ཕྱིན་ན་ཡག་གི་རེད། དེ་འདྲ་མ་བྱས་ན་སོ་སོ་ལའང་མ་ཕན། སྡུག་ས་ནས་ྋརྒྱལ་བ་རིན་པོ་ཆེ་ཚེ་ཐུང་དུ་འགྲོ་བ་བྱུང་ན་ཡག་པོ་མི་འདུག ཡང་ཁྱེད་རང་ཚོས་ྋརྒྱལ་བ་རིན་པོ་ཆེ་མགྱོགས་ཙམ་སྡུག་ཤི་རྒྱབ་ན་བསམ་པ་ཡོད་ན་འགྲིགས་ཀྱི་རེད། མུ་མཐུད་རྒྱལ་ཆེན་བསྟེན་མཁན་ཡོད་ན་ལངས་ནས་ཕྱིན་ན་ཡག་གི་རེད། གལ་ཏེ་མེད་པ་ཡིན་ན་འགྲིགས་པ་རེད། ཡང་ཁྱེད་རང་ཚོ་ཞེད་སྣང་བྱེད་མི་དགོས།

    ན་ནིང་ང་ཧོན་སུར་ལ་འགྲོ་སྐབས་གཞིས་མི་སྙོམ་ཆུང་དེ་འདྲ་ལྷས་གནོད་ནས་ན་གི་འདུག གསུང་བརྟག་ཞུ་སྐབས་རྒྱལ་ཆེན་གྱིས་གནོད་འདུག་ཟེར་ཤོད་མཁན་འགའ་ཤས་བྱུང༌། ཐབས་སྡུག་རེད་བསམ་བྱུང༌། ཡང་འགའ་ཤས་ཀྱིས་རྨི་ལམ་དུ་གྲྭ་པ་རྒྱའུ་ཞིག་གིས་སྐེ་བཙིར་གཏོང་བར་ཡོང་གི་འདིག་ཅེས་ཤོད་མཁན་འདུག དེ་ཕལ་ཆེར་རྒྱ་འདྲེ་ཡིན་པས་རྟགས་ཡིན་པ་ལས་བསྟན་པ་སྲུང་བའི་སྲུང་མ་ཞིག་མིན་པའི་རྟགས་གསལ་པོ་བསྟན་པ་རེད། ལར་ནས་ྋགོང་ས་ལྔ་པའི་སྐབས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་མ་འགྲིགས་པའི་གནས་ཚུལ་རྣམ་ཐར་ནང་ཡོད་པ་མ་ཟད། གསང་བ་རྒྱ་ཅན་ནང་གསལ་པོ་ཡོད། དེའི་ཁུངས་བྱས་ཏེ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་དམ་དྲག་གནང་ཡོད། ལྷ་སྲུང་བསྟེན་ཕྱོགས་སྐོར་ལ། སྐུ་གོང་མ་ཞལ་བཞུགས་པའི་སྐབས་ལ་བཏང་སྙོམས་སུ་ཡོད་པ་དེ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་གཞན་དོན་དུ་གཤེགས་རྗེས་ཆབ་སྲིད་ཀྱི་ཞབས་འདེགས་ཞུ་མཁན་ནང་ལ་ཡིན་ནའང་རེད། ཡང་ཕྱོགས་གཞན་དག་ལ་ཡིན་ནའང་རེད། གཞི་ནས་འཕག་ཚག་རྒྱབ་ནས་མང་པོ་ཞིག་ཆགས་པ་རེད། དེའི་ནང་ནས་རྒྱལ་ཆེན་གཅིག་ཆགས་ཡོད།

    ང་ྋགོང་ས་ྋལྔ་པ་ཆེན་པོའི་སྐྱེ་གྲལ་ལ་ཡོད་པ་ཞིག་ཆགས་ཡོད་པས་ལས་འབྲེལ་ཞིག་ཏན་ཏན་ཡོད་ས་རེད། དེ་བཞིན་སྐུ་མདུན་སྐུ་གོང་མ་དང་ལས་འབྲེལ་ཏན་ཏན་ཡོད་ས་རེད། རྣམ་པར་ཤེས་པའི་རྒྱུན་ཟེར་བ་དེ་གང་ཞིག་ཡིན་རུང༌། གང་ལྟར་ལས་འབྲེལ་ཆེན་པོ་ཡོད་པ་དེ་ང་རང་གིས་ཤེས་ཀྱི་འདུག ྋགོང་ས་ྋལྔ་པ་ཆེན་པོ་དང༌། སྐུ་མདུན་སྐུ་གོང་མའི་སྐབས་ཕྱག་ལེན་དུ་ཡོད་པའི་མཇུག་སྐྱེལ་རྒྱུ་དེ་ངའི་ལས་འགན་ཡིན། མི་འགའ་ཤས་ཀྱི་རྣ་བར་འགྲོ་མིན་ཇི་ལྟར་ཡང་དེ་ནི་ངའི་ལས་འགན་ཡིན་པ་ལས་ྋརྒྱལ་བ་རིན་པོ་ཆེའི་དོན་དག་མ་རེད། བོད་བསྟན་སྲིད་ཀྱི་དོན་དག་རེད། སྔོན་མ་ང་རང་ཡང་ནོར་ནས་རྒྱལ་ཆེན་བསྟེན་གྱི་ཡོད། རྒྱལ་ཆེན་བསྟེན་པ་ཙམ་དུ་མ་ཟད། སྲོག་གཏད་ཞུ་རྒྱུའི་སྙན་སེང་ཡང་ཞུས་ཟིན་པ་ཡིན། ཡིན་ནའང་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་བརྟག་དཔྱད་ལོ་ནས་ལོ་བསྟུད་བྱས་པའི་གྲུབ་དོན་ལ། དེ་ལ་གནོད་པ་ཡོད་པ་དང༌། བྱ་རྒྱུ་མེད་པ་ཞིག་མཐོང་སོང༌། མཐའ་མའི་ཐག་གཅོད་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱས་པ་ཤ་སྟག་ཡིན། མཐའ་མ་ངས་མཚམས་བཅད་པ་ཡིན། ད་རིང་འདིར་ཤོད་རྒྱུ་འདི་ཡང་ད་རང་ཞོགས་པ་མོ་རྒྱབ་ནས་ཤོད་ཀྱི་ཡོད་པ་ལས། ཨམ་རྟགས་བསྟན་ནས་བཤད་པ་མིན།

    དེ་ནས་རིགས་འགའ་ཤས་ཀྱིས་ྋགོང་ས་ལྔ་པའི་སྐབས་ལ་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པ་བྱུང་བ་མ་གཏོགས་རི་བོ་དགེ་ལྡན་པའི་སྲུང་མ་གལ་ཆེན་པོ་རེད་བསམ་ནས་དྲན་མཁན་རིགས་གཅིག་ཡོང་གི་ཡོད། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་བསྒྲིགས་པ་དེའི་ཤོག་གྲངས་ ༢༢༡ ནང་ལྕང་སྐྱ་རོལ་པའི་རྡོ་རྗེ་སྔ་མ་ལྷ་སར་ཕེབས་སྐབས་ལ་མོ་ཆོས་སྐྱོང་ཆེན་པོས་གདན་ས་དགའ་ལྡན་དུ་འབོད་པ་བཏང་ན། གསང་ལུང་འགའ་ཞིག་སྨྲ་རྒྱུ་ཡོད་ཅིང༌། བྱད་གྲོལ་ཞིག་ཀྱང་ཕུལ་ན་དགོས་པ་ཆེ་ཞེས་ཕེབས་ཡོད་པ་བཞིན། སྐབས་དེར་ལྕང་སྐྱ་རོལ་པའི་རྡོ་རྗེ་དགའ་ལྡན་དུ་ཕེབས་ནས་གཟིམ་ཆུང་དུ་སྐུ་ཕེབས་ཞུས། ཚངས་པ་ཆེན་པོས་གང་བའི་ལུང་གནང༌། ཆོས་སྐྱོང་རང་ནས་བྱད་གྲོལ་འབུལ་བར་མཛད། ཉིན་ཅིག་གླིང་སྐོར་དུ་ཕེབས་པས་རྒྱབ་རིའི་གཡས་ཟུར་གྱི་ལས་སྣེ་ནས་ལུང་པའི་མཐིལ་དུ་གྲོང་ཆུང་ཞིག་ནས་བསངས་ཀྱི་དུ་བ་ཆེན་པོ་ཐོན་པ་སྙན་དུ་ཕུལ་བས་གྲོང་པ་དེའི་མིང་ལ་ཅི་ཟེར་གསུངས། རྒྱུས་ཡོད་གཅིག་གིས་མཐའ་རྒྱས་ཟེར་ལགས་ཞུས་པས་རྟེན་འབྲེལ་བཟང་གསུང་མཉེས་མཉེས་མཛད། དེ་ནི་རྗེ་བླ་མ་ཉིད་ ༼འདིར་རྗེ་བླ་མ་ཞུ་བ་དེ་ལྕང་སྐྱ་རོལ་པའི་རྡོ་རྗེར་ཞུ་གི་ཡོད། རྣམ་ཐར་འབྲི་མཁན་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ཡིན་དུས་ལྕང་སྐྱ་རོལ་པའི་རྡོ་རྗེར་ཞུ་གི་ཡོད།༽ ཀྱི་བཀའ་དྲིན་གྱི་མཐུ་ལས་དུས་ཀྱི་མཐའ་དང་སའི་མཐའ་ཐམས་ཅད་དུ་རྒྱལ་བ་ཙོང་ཁ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྟེན་འབྲེལ་ཤིན་ཏུ་བཟང་བར་སེམས། དེ་ནས་རིམ་གྱིས་ཕེབས་པར་སྐོར་ལམ་གྱི་སྟེང་འོག་ཀུན་ཏུ་རང་བྱོན་གྱི་སྐུ་བརྙན་ཡིག་འབྲུ་སྣ་ཚོགས་དང༌། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ་མང་དུ་འདུག་པ་རྣམས་གསང་སྔགས་མཁར་པ་དགེ་བཤེས་ཤིག་གིས་སོ་སོའི་ལོ་རྒྱུས་ཞིབ་ཏུ་གསོལ།

    ྋརྒྱལ་བ་བསྐལ་བཟང་རྒྱ་མཚོ་ཕེབས་དུས་གསར་དུ་བྱུང་བ་ཡིན་ཟེར་བ་རྡོ་ཞིག་ལ་འབུར་དོད་ཀྱིས་རྗེ་བླ་མའི་རྣམ་པ་གསལ་བར་ཐོན་པ་ཞིག་གཟིགས་རྟོག་ཕུལ། སུའི་ཡིན་མི་ཤེས་པའི་ཞབས་རྗེས་ཤིག་མཇལ་སྐབས་རྗེ་བླ་མས་ཁོ་བོ་ལ་སྐུ་རྩེད་ཚུལ་གྱིས་ཞབས་རྗེས་འདི་རྙིང་མ་ཞིག་གི་ཡིན་འདུག་པས། ཁྱེད་ཅག་ཕུར་བུ་ལྕོག་པའི་སློབ་མ་རྣམས་ཀྱིས་འཛེམ་པར་ལེགས་གསུང་བྱུང་བར། གང་ལྟར་རྙིང་མ་ལ་ཟུར་ཟ་གནང་གི་འདུག་གམ། རྩ་བའི་རྙིང་མ་ལ་ཟུར་ཟ་གནང་གི་མེད། ཐུའུ་བཀྭན་གྱི་གྲུབ་མཐའི་ནང་བལྟས་ན་སློབ་དཔོན་རིན་པོ་ཆེ་དང༌། སྔ་འགྱུར་རྙིང་མ་ཡང་དག་པ་རེད་གསུངས་ཡོད། རྙིང་མའི་གཞུང་གང་ལྟར་རྙིང་མ་གནང་མཁན་མ་རེད། དགེ་ལུགས་རྐྱང་པ་ཡིན་པས་ཚང་མས་ཤེས་གསལ་རེད། ཐུའུ་བཀྭན་ཆོས་ཀྱི་ཉི་མ་བསམ་གྱིས་མི་ཁྱབ་པ་རེད་ལ། ལྕང་སྐྱ་རོལ་པའི་རྡོ་རྗེ་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་སློབ་མ་གནང་ནས་དགེ་ལྡན་པ་ཐུན་མོང་མ་ཡིན་པ་ཆགས་ཡོད། རྗེ་བླ་མའི་གདན་སར་རྙིང་མས་ཞབས་རྗེས་འཇོག་ཐུབ་ན། བདེ་བ་ཅན་གྱི་རིན་པོ་ཆེའི་ས་གཞི་ལ་ངེད་ནས་ཀྱང་རྐང་རྗེས་ཤིག་འབེབས་ལགས་ཞུས་པས་ཐམས་ཅད་བཞད་གད་ཐེག་གེ་བ་བྱུང༌། ཕྱིས་སུ་བརྩད་བཅད་པས་ཞབས་རྗེས་དེ་འཁོན་སྟོན་གྱི་ཡིན་པའི་གཏམ་རྒྱུད་ཡོད་ཟེར་བས། དེ་ལྟ་ན་རྗེ་བླ་མས་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པ་གོར་མ་ཆག་གོ །རྨ་ཆེན་གྱི་ལྷ་ཐོའི་ཐད་དུ་ཕེབས་ནས། རྗེ་བླ་མ་ཡབ་སྲས་ཀྱིས་འཇིག་རྟེན་པའི་ལྷ་སྲུང་བསྟེན་པ་མི་མཛད་པས། འཁྲུངས་ལྷ་རྨ་ཆེན་གྱི་ལྷ་ཐོ་ཡང་སྐོར་ལམ་ནང་དུ་མ་ཆུད་ཅིང༌། རྨ་ཆེན་ནི་རྗེ་བླ་མ་ཁོང་རང་གི་འཁྲུངས་ལྷ་ཆགས་པ་དང༌། བོད་ཀྱི་སྲིད་པ་ཆགས་པའི་ལྷ་རེད། ལྷ་གཞན་དག་དང་མི་འདྲ་བའི་སློབ་དཔོན་རིན་པོ་ཆེས་དམ་འདོགས་ཡོད། ཡིན་ནའང་འཇིག་རྟེན་དྲེགས་པའི་ལྷ་ཡིན་དུས་དགའ་ལྡན་གླིང་ནང་མ་ཡིན་པར་ཕྱི་ལ་འཇོག་གནང་མཛད་ཡོད། སྔ་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བ་ཁྲི་ཆེན་རྡོ་རྗེ་འཆང་གིས་ཁོའི་ལྷ་རྟེན་བཤིགས་ནས་དགོན་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས། ལམ་བར་དང་ལྷ་སར་ཕེབས་ནས་ཀྱང་དེ་རེས་དགའ་ལྡན་དུ་སྡོད་རིང་གཞན་དང་མི་འདྲ་བ་ཞིག་བྱུང་ཞེས་ཡང་ཡང་གསུངས་པས། དེ་ལ་དཔག་ན་དགའ་ལྡན་དུ་དག་པའི་རྣམ་རོལ་ཁྱད་པར་ཅན་མང་དུ་བྱུང་བ་འདྲ་ཡང་དངོས་སུ་གསུངས་པ་མ་ཐོས་སོ།།

    གང་ལྟར་དགེ་ལུགས་ཀྱི་བླ་མ་ཁྲི་ཆེན་ངག་དབང་མཆོག་ལྡན། རྭ་སྒྲེང་སྐུ་ཕྲེང་དང་པོ་དེས་དགའ་ལྡན་ཁྲི་པ་གནང་ནས་དགའ་ལྡན་དུ་ཕེབས་པའི་སྐབས་ལ་དེ་གོང་དགའ་ལྡན་ཁྲི་པ་འགའ་ཤས་ཀྱིས་དོལ་རྒྱལ་བསྟེན་པ་གནང་བའི་རྐྱེན་བྱས་ཏེ་དགའ་ལྡན་ནང་བཀྲ་མི་ཤིས་པ་བྱུང་བ་རེད། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་གྱིས་ལྷ་ཐོ་བཤིག་ནས་བསྐྲད་པ་ཡིན་གསུངས། དེའི་ལོ་རྒྱུས་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་པ་དེ་ཡིག་ཐོག་རྣམ་ཐར་ནང་བཀོད་མཁན་དེ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ཡིན།

    དགའ་ལྡན་ཕོ་བྲང་དང་འགྲིགས་མ་འགྲིགས་དང༌། ྋགོང་ས་ལྔ་པ་ཆེན་པོ་རིས་མེད་གནང་བ་ཡིན་སྟབས། དེའི་ཆ་ནས་རི་བོ་དགེ་ལུགས་པའི་བསྟན་སྲུང་ཡིན་པའི་ཆ་ནས་མ་འགྲིགས་པ་ལྟ་བུ་ཤོད་རྒྱུ་མི་འདུག དགེ་ལུགས་པའི་བླ་མ་ཚད་ལྡན་བླ་མ་གསུམ་དང་འབྲེལ་བ་ཡོད་པའི་ཐོག་བཤད་ཡོང་བ་ཡིན་དུས་སྔར་དེའི་ཚེ་དེའི་དུས་དགའ་ལྡན་གླིང་ནང་དུ་ཡོད་པ་ཚོ་མར་བསྐྲད། དེ་རིང་ཁ་སང་འགྱུར་བ་འགྲོ་གི་འདུག

    ང་ཚོ་བྱེས་ལ་འཁོད་པའི་རྗེས་དགའ་ལྡན་ཆོས་རྒྱལ་ཁང་ནང་ལ་རྒྱལ་ཆེན་སྐུ་ཞིག་བཞེངས་ཚར་འདུག དེ་བཞེངས་ཚར་བ་ཡིན་དུས་ངས་མར་འདོན་གྱིན་བསྡད་ན་ཡང་དགོས་པ་དེ་ཙམ་མི་འདུག ཆོས་རྒྱལ་ཁང་ལ་མཆོད་མཇལ་མ་འགྲོ་དུས་མ་མཐོང་ཚུལ་བྱས་ནས་འགྲོ་གི་ཡོད། སྙན་ཤལ་ནི་འབུལ་ཤེས་ཀྱི་མ་རེད། དེའི་སྐོར་ངའི་དེབ་ཆུང་ནང་བཀོད་ཡོད། བསྐྱར་ཟློས་ཤིག་ཞུས་ན། རྗེས་སུ་འབྲས་སྤུངས་སུ་སྨོན་ལམ་ཚོགས་པའི་སྐབས་ལ། རྨི་ལམ་ལ་དམ་ཅན་ཆོས་རྒྱལ་ཐོག་ནས་ཕྲན་བུ་མ་བདེ་བ་ཡོད་པའི་གནས་ཚུལ་ཞིག་བྱུང༌། གཉིད་སད་མ་ཐག་མོ་ཞིག་བརྒྱབ་ནས་རྨི་ལམ་དེར་ཆ་འཇོག་བྱེད་རྒྱུ་ཡོད་མེད་ཀྱི་མོ་ཐེངས་གསུམ་བརྒྱབ་པར་རྨི་ལམ་དེར་ཆ་འཇོག་དགོས་པ་ཞིག་བབས་སོང༌། དེར་ཆ་མ་བཞག་པར་དེ་ཉིན་དགའ་ལྡན་ཚོགས་ཆེན་ལ་མཆོད་མཇལ་དུ་འགྲོ་རྒྱུ་ཡིན་པས་དགའ་ལྡན་ཚོགས་ཆེན་སྟེང་དུ་དྲུག་ཅུ་མ་ཞིག་བཞེངས་དགོས་ཞེས་ལན་སྤྲད། དེ་ནས་དམིགས་བརྩེ་མ་དང༌། དྲུག་ཅུ་མ་རྒྱས་པ་ཞིག་བཏོན། མ་འོངས་པར་དགའ་ལྡན་ཉམས་གསོ་བྱེད་སྐབས་སྐུ་དེ་བསྒྱུར་བཅོས་གཏོང་དང༌། སྨོན་ལམ་གྲོལ་ནས་ལྷིང་འཇགས་མཚམས་བསྒྱུར་བཅོས་བཏང་ན་འགབ། ད་ལྟ་རང་བསྒྱུར་བཅོས་གཏོང་རྒྱུར་ཐག་གཅོད་བྱས་པ་འགབ་ཅེས་དོན་ཚན་མི་འདྲ་བ་གསུམ་བསྒྲིལ་ནས་ལྷ་མོའི་འཕྲིན་བཅོལ་མ་བཏོན་པར་དམིགས་བརྩེ་མ་དང༌། མགོན་ཆོས་གཉིས་ཀྱི་འཕྲིན་བཅོལ་བཏོན་ནས་ཟན་བརྟག་བསྒྲིལ་བའི་ནང་ད་ལྟ་རང་མར་བཏོན་ནས་ཐག་གཅོད་ཅེས་པ་ཐོན་སོང༌། ལམ་སེང་བཏོན་ཤེས་པ་མི་འདུག་ཀྱང་དགའ་ལྡན་བླ་སྤྱའི་འགན་འཁུར་བ་ཚོ་ལམ་སང་སྐད་བཏང་ནས། གནས་ཚུལ་འདི་དང་འདི་ལྟར་བྱུང་སོང་ཞེས་འགྲེལ་བཤད་བྱས་པ་ཡིན། དེ་རྣམས་དངོས་ཡོད་གནས་ཚུལ་ཡིན་པ་ལས་ཧམ་པ་བཤད་པ་དང༌། སྣོན་མ་རྒྱབ་པ་དེ་འདྲ་མེད། ང་མི་ཕལ་པ་གཅིག་གི་བློ་གྲོས་རྣམ་དཔྱོད་ཀྱིས་ལྡེང་གི་མེད་སྟབས་ཟན་བརྟག་བསྒྲིལ་གྱིན་བསྒྲིལ་གྱིན་དང༌། མོ་རྒྱག་གིན་རྒྱག་གིན་བྱས་ནས་ཐག་བཅད་པ་ཡིན། སྔོན་གྱི་ལོ་རྒྱུས་དང༌། གནས་ཚུལ་དེ་འདྲ་ཡིན།

    ངས་དོན་མ་གོ་དང༌། དཀྲོག་དཀྲོག་བྱས་པ་མིན། ང་རང་ཡང་ཁག་ཐག་ཆོད། འཚེར་སྣང་ཆེན་པོ་འདུག་ཀྱང་དོན་དག་ཆེ་བར་ཐུག་ཡོང་དུས་ཐབས་ཤེས་མི་འདུག རིགས་འགའ་ཤས་ཀྱིས་རྒྱུ་མཚན་ལྡན་པའམ། ཡང་དག་པ་ཡིན་པའི་ངོས་འཛིན་བྱ་རྒྱུར་ཕར་བཞག ད་དུང་ང་ལ་དེ་འདྲ་མ་ཤོད་ཟེར་མཁན་འགའ་ཤས་བྱུང༌། མདུན་དེར་ངས་རྒྱག་རེས་རྒྱག་དགོས་དོན་མི་འདུག རྩ་བ་སོ་སོ་སྒེར་གྱིས་ག་རེ་བྱས་ནའང་འདོད་པ་རེད། གཡང་ལ་མཆོངས་ནའང་སོ་སོའི་འདོད་པ་རེད། ཡིན་ནའང་སྤྱི་དོན་ལ་ཐུག་སྟེ་ངས་འགོ་བཙུགས་པ་དེ་མཐར་བསྐྱེལ་བྱེད་པ་ལས་མི་རེ་གཉིས་ཀྱིས་མཁྲེགས་བཟུང་བྱས་པ་དེས་ང་ལ་རྒྱབ་བཤིག་ཐེབས་ཀྱི་མ་རེད། ཆེ་ས་རྒྱ་མི་ལའང་ཁ་གཏད་གཅོག་གི་ཡོད། ཆུང་ས་དེ་ཚོའི་གྲས་ཀྱང་ངས་ལོ་ནས་ལོ་བསྟུད་བརྟག་དཔྱད་ཏན་ཏན་བྱས་ནས་ཐག་གཅོད་བྱས་པ་དེ་ཚོ་ངས་ལོ་བསྟུད་ནས་མཇུག་བསྐྱེལ་རྒྱུ་ཡིན་པ་ལས་འཇོག་གི་མ་རེད།

    གདན་ས་སོ་སོའི་ནང་དུ་ཁྱེད་རང་ཚོ་སྒེར་པ་ཚོས་ཨའུ་ཙམ་མིན་ནམ། ཨའུ་ཙམ་མིན་ནམ་བསམ་ནས་རྫུས་རྫུས་བྱས་ཏེ་བསྡད་ན་ཉི་མ་གཅིག་འགྱོད་པ་སྐྱེ་བ་ཞིག་ཆགས་ཡོང་ངོ༌། །དེ་བཞིན་གདན་ས་སོ་སོའི་ནང་མང་ཆེ་བར་སྐྱོན་མེད་ཀྱང༌། འགའ་ཤས་ཀླད་པ་མཁྲེགས་པོ་བྱས་ཏེ་བསྡད་པ་གསལ་པོ་མཐོང་གི་འདུག སོ་སོས་བསམ་བློ་གཏོང་ཤེས་ན་ཡག་པོ་རེད། ཁ་སེང་ལབ་པ་བཞིན་སྒོ་ཐད་ཀར་བརྡུང་དགོས་བྱུང་ན་ཡག་པོ་མེད། འདིར་སླེབས་པ་ཚོས་སེམས་ལ་ཞོགས། ཤེས་སོང་ངམ།

    ཡང་མི་ཕལ་པ་ཚོའི་ནང་ལ་རྒྱལ་ཆེན་གསོལ་ན་ཚོང་ལམ་འགྲོ་ཡག་པོ་ཡོང་གི་རེད་ཟེར་མཁན་འདུག དེ་ལྟས་ངན་རེད། དེ་ཚོའི་གྲས་དེ་ཡག་པོ་མ་རེད། སྡིག་གྲོགས་རེད། གུང་ཐང་བླ་མས་གསུངས་པ་བཞིན། ལྷ་ཀླུ་གཞི་བདག་ནང་ནས་རྒྱུ་དངོས་སྤྲོད་མཁན་དེ་སྡིག་པའི་གྲོགས་པོ་ཡིན་པ་ལས་གང་ཡང་མ་རེད། བྱམས་སྙིང་རྗེ་བྱང་ཆུབ་སེམས་གོང་ནས་གོང་དུ་འཕེལ་བ་ལ་ཕན་ཐོགས་བྱེད་མཁན་བྱུང་ན་ཡག་པོ་རེད། མི་དང༌། ལྷ་ཀླུ་གཞི་བདག བཙན་དང་རྒྱལ་པོ་གང་ཞིག་ཡིན་ཡང་མི་ཚེ་འདི་གའི་དོན་དག་ལ་གྲོགས་དང་འཕྲིན་ལས་སྤྲོད་མཁན་དེ་སྙིང་རྗེའི་ཡུལ་ཡིན་པ་ལས་གཞན་གང་ཡང་མིན། དེ་འདྲ་བྱས་ན་རི་བོ་དགེ་ལྡན་པའི་ཞབས་འདྲེན་རེད། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་རྨད་དུ་བྱུང་བ་དེ་དག་བདག་པོ་རྒྱག་མཁན་མི་གཅིག་གིས་རྗེ་རིན་པོ་ཆེས་གཉེར་དུ་གཏད། བཀའ་བསྒོས་པའི་མགོན་པོ་ཕྱག་དྲུག་དང༌། དམ་ཅན་ཆོས་རྒྱལ་གྱིས་ཕན་མ་ཐོགས་པར་ལྷ་གསར་མི་གསར་ཞིག་བསྟེན་པ་དེ་ཞབས་འདྲེན་རེད།

    ཡང་འགའ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེས་རྒྱལ་ཆེན་བསྟེན་མཁན་རྣམས་དབང་གྲལ་ལ་ཡོང་ན་འགྲིགས་ཀྱི་མ་རེད་ཟེར་བྱུང་བསམ་པ་ཡོང་མདོག་ཁ་པོ་རེད། ངས་ཤོད་མ་དགོས་ཙམ་བྱུང་ན་བསམ་ནས་བཞག་པའི་སྐབས། འགའ་ཤས་ཀྱིས་རྫུས་རྫུས་ཚ་རུ་ཚ་རུ་གཏོང་གི་འདུག ཚུར་རྫུས་རྫུས་ཚ་རུ་བཏང་ན། ངས་དོ་ནན་ཙམ་བྱེད་དགོས་ཀྱི་འདུག རྒྱལ་ཆེན་སྐོར་རྗེ་ཕ་བོང་ཁའི་གསུང་འབུམ་ནང་གསལ་ཡོད། རྙིང་མ་བ་དང༌། ཁ་ཤས་ཀྱིས་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཧ་ལམ་བདུད་རུ་ཏྲའི་སྐྱེ་བ་རེད་ཅེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག དེ་འདྲ་རྩ་བ་ཉིད་ནས་མ་རེད། ྋསྐྱབས་རྗེ་ཕ་བོང་ཁ་ནི་ལམ་རིམ་གྱི་བསྟན་པའི་བདག་པོ་རེད། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་པ་དངོས་གནས་བླ་མ་ཚད་ལྡན་རེད། རྙིང་མ་བཀའ་བརྒྱུད་དེ་འདྲའི་ནང་ནས་རྗེ་ཕ་བོང་ཁའི་མཚན་སྨོས་ནས་ཁ་གཏོང་མཁན་དེ་ཚོ་མ་ཤེས་པ་རེད། སྐྱོན་དེ་ག་རེས་ལྷགས་པ་རེད་ཟེར་ན༑ དོལ་རྒྱལ་གྱི་ཐོག་ནས་རྗེ་ཕ་བོང་ཁའི་མཛད་པ་འཕྲིན་ལས་ལ་གནོད་པ་ལས་ཕན་མེད། འདིས་རྐྱེན་བྱས་ཏེ་རྗེ་རིན་པོ་ཆེའི་ལེགས་བཤད་རྨད་དུ་བྱུང་བ་དེའི་གྲས་ལའང་དེ་དགེ་ལུགས་པའི་རེད་ཟེར་བ་ལྟ་བུའི་འདྲ་མིན་ཤོད་དགོས་པའི་རྐྱེན་རྩ་ཆགས་ཡོད།

    ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ངའི་རྩ་བའི་བླ་མ་རེད། དད་པ་རྩེ་གཅིག་ཏུ་ཡོད། ང་རང་གི་རྨི་ལམ་དུ་ཆ་བཞག་ནའང་ཡང་ནས་ཡང་དུ་བླ་མ་མཇལ་བ། བཟང་པོའི་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། ཡང་རྒྱལ་ཆེན་ྋསྐྱབས་རྗེ་རིན་པོ་ཆེས་བསྟེན་གསོལ་ཤུགས་ཆེ་གནང་གི་ཡོད། ངས་དགག་པ་རྒྱག་གི་ཡོད། ྋསྐྱབས་རྗེ་རིན་པོ་ཆེ་འཚོ་ཞིང་བཞུགས་པའི་སྐབས་དེ་རང་ལ་ངས་གནས་ཚུལ་གང་བྱུང་བ་དང༌། བརྟག་དཔྱད་ག་འདྲ་བྱས་པ་ཡོངས་སུ་རྫོགས་པ་ྋསྐྱབས་རྗེ་རིན་པོ་ཆེར་སྙན་སེང་ཞིབ་ཚགས་ཞུས་པ་ཡིན། ྋསྐྱབས་རྗེ་རིན་པོ་ཆེ་ནས་ལྷ་མོའི་སྐུ་མདུན་དུ་ཟན་བརྟག་བསྒྲིལ་གནང་བ་ལ་བསླུ་བ་མེད་ཅེས་བཀའ་གནང་བྱུང༌། དེ་བཞིན་གནས་ཆུང་དང་འབྲེལ་བ་ཆགས་ཡོད་རེད། འགག་དོག་སར་བསླུ་བ་མེད་ཅེས་ྋསྐྱབས་རྗེ་རིན་པོ་ཆེས་གསལ་པོ་བཀའ་གནང་བྱུང༌། ལམ་རིམ་ཆེན་མོའི་ནང་ལ། དགེ་བའི་ཕྱོགས་ལ་མཐུན་པར་སྤྱོད། མི་དགེ་བའི་ཕྱོགས་ལ་མི་མཐུན་པར་སྤྱོད་གསུངས་པ་དང༌། དེ་ནས་བླ་མ་ལྔ་བཅུ་པའི་ཚིག་ལམ་རིམ་ཆེན་མོའི་ནང༌།
                       རིག་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང༌། །
    ཞེས་གསུངས་པ་ལྟར་ྋསྐྱབས་རྗེ་རིན་པོ་ཆེ་འཚོ་ཞིང་བཞུགས་པའི་སྐབས་དེ་རང་ལ་བརྟག་དཔྱད་གནང་རོགས་གནང༌། དེ་ཕན་ཐོགས་ཆེ་བ་མི་འདུག དེ་ཙམ་མ་ཟད་ཕྱིས་འབྱུང་འཇོག་དགོས་པ་འདུག་ཅེས་ཞུས་པ་ཡིན། ཡོང་སྟངས་དེ་འདྲ་ཡིན། ཐོག་མར་ང་རང་གིས་གནས་ཚུལ་ཡོང་སྟངས་དེ་རྣམས་ཆ་ཚང་སྙན་སེང་ཞུས་ཏེ་ཐུགས་ལ་ཆུབ། དགོངས་པར་རྟོགས་ཡོད་པ་ཞིག་ཡིན་པ་ལས། བླ་མ་ཞལ་མ་བཞུགས་པའི་སྐབས་ངས་བསམ་བཏང་དྲན་སྐྱེས་བྱས་ནས་བཤད་པ་མེད། ཡང་འགའ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་ཟེར་མཁན་ཡོད་འདུག ག་རེ་བཤད་ནའང་ཁྱད་པར་མི་འདུག ང་བཅོམ་ལྡན་འདས་ཀྱི་དགེ་སློང་ཐེབ་ཆག་ཅིག་ཡིན། ང་རང་གིས་བསླབ་པ་ཡག་པོ་སྲུང་ན་གང་ཞིག་བརྗོད་ཀྱང་ཁྱད་པར་མི་འདུག འདི་ལས་མཐོ་རུ་དང༌། དམའ་རུ་འགྲོ་རྒྱུ་གང་ཡང་མེད། བསམ་བློའི་ནང་མི་བདེ་བ་ཡོད་པ་དེ་རིང་འདིར་བཤད་ན་བསམ་བྱུང༌།

    ཁྱེད་རང་ཚོའི་ནང་བླ་མ་དགེ་བཤེས་ཡིན་ནའང་རེད། དཔེ་ཆ་བ་ཚོའི་ནང་ལ་རེད། གཞན་ཚོའི་ནང་ལ་རྒྱལ་ཆེན་མཚམས་བཞག་ན་གནོད་མི་ཡོང་ངམ་བསམ་པའི་རེ་དོགས་རྩ་བ་ནས་བྱེད་མི་དགོས། ཁ་མཆུ་ངས་རྒྱབ་ཆོག རི་བོ་དགེ་ལུགས་ཡིན་པའི་ཆ་ནས་དམིགས་བརྩེ་མ་ཡག་པོ་བཏོན། བརྐྱང་བསྐུམས་མ་ཡག་པོ་བགྲངས། དེ་གས་འགྲིགས་པ་རེད། ཕྲན་བུ་ཕྲན་བུ་ན་བ་དང༌། འཆི་བ་ནི་དོལ་རྒྱལ་གྱིས་གནོད་རུང་མ་གནོད་རུང་གང་ལྟར་ཚང་མར་ཡོང་བ་ཞིག་རེད། ངས་རྣམ་ཀུན་ཤོད་ཀྱི་ཡོད། ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་ངོ་མ་ཡིན། ན་གི་འདུག་སྨོན་ལམ་རྒྱག་རོགས་ཟེར་མཁན་ཚོར་སྨོན་ལམ་རྒྱག་རྒྱུ་དེ་ཙམ་མེད། སྡུག་བདེན་གྱི་ལུས་བླངས་ཚར་བའི་རྗེས་ན་ཚ་ཡོང་གི་རེད། སྡུག་བདེན་ཡིན་ལུགས་ང་རང་ཚོས་བསམ་བློ་གཏོང་དགོས་ཀྱང༌། ལུས་འདི་འཆི་མེད་རྡོ་རྗེ་ལྟ་བུ་ཡིན་བསམ་ནས་ཕྲན་བུ་ན་བ་ལ་འོས་པ་ལྟ་བུར་རྩིས་ནས་སྐྱབས་འཇུག་གནང་རོགས་གནང་ཟེར་གྱི་འདུག ངས་འགྲེལ་བཤད་དེ་ལྟར་རྒྱབ་པ་ཡིན། ཞེས་བཀའ་སྩལ།།   །།