དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་མཐའ་མ།

མདུན་ངོས། / དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་མཐའ་མ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠  ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་ཁབ་ ༦༡ ནས་ཕེབས་པའི་ཆོས་ཞུ་བ་ ༧༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཉིན་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆོས་ཞུ་བའི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་། ཆོས་ཞུ་བ་དད་ལྡན་སེར་སྐྱ་ཕོ་མོ་ཚོས་དམིགས་བརྩེ་མ་གསུང་འདོན་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སྔར་རྒྱུན་བཞིན་ཐའེ་ལན་གྱི་དགེ་འདུན་པ་ཁག་ཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུང་འདོན་དང་། དེའི་རྗེས་རྒྱའི་དགེ་འདུན་པས་དབུ་དྲངས་ཏེ་རྒྱ་སྐད་ཐོག་ཆོས་ཞུ་བ་ཚོས་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས་དུག་གསུམ་ཉོན་མོངས་སེལ་བར་ཤོག་སོགས་སྨོན་ལམ་བསྐྱར་དུ་གདངས་ཡག་པོའི་ཐོག་ཐོན་ཤོག་ཅེས་བཀའ་གནང་རྗེས་སྒྲུབ་ཞག་མཛད་པ་དང་། དེ་རྗེས་བཀའ་སློབ་སྩལ་དོན། 

འདིར་རྒྱལ་པོ་ལ་གདམས་པའི་གསུང་འདི་སྟོང་ཉིད་སྐོར་ལ་གསུངས་ཀྱི་ཡོད་པས་དབུ་མ་རིན་ཆེན་ཕྲེང་བ་ཞེས་བཤད་ཀྱི་ཡོད་པ་དང་། སྐབས་རེར་མཚན་ཐ་སྙད་གྲུབ་པ་ཞེས་གསུང་གི་ཡོད། མངོན་མཐོ་སྒྲུབ་པའི་ཆོས་ཚན། སྤྱིར་མངོན་མཐོ་སྒྲུབ་པའི་རྒྱུ་ཚོགས་དེ་མི་དགེ་བཅུ་སྤོང་དེ་བྱས། དེའི་སྟེང་མངོན་མཐོ་དམིགས་བསལ་གྱིས་སྒྲུབ་པའི་ཁྱད་ཆོས་ཡོད་པ་ཞིག་ལ་ཆང་རག་མི་འཐུང་བ། ལོག་འཚོ་མི་བྱེད་པ། འཚེ་བའི་རིགས་རྩ་བ་ནས་མི་བྱེད་པ། ཀུན་ལ་བྱམས་པ་སྒོམ་པ། གཞན་ལ་གུས་པ་དང་བཅས་ཏེ་སྦྱིན་པ་སྦྱིན་པ་སོགས་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་ཟེར་བ་རེད།  མངོན་མཐོའི་ལུས་རྟེན་མ་ཐོབ་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་བསམ་བློ་གཏོང་བ་ཡོད་པ་མ་རེད། དེར་བརྟེན། སྤྱིར་ཆོས་དར་སའི་ཡུལ་ཁམས་དང་དེའི་ནང་ཚན་ནས་མི་ལུས་འདི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བསམ་བློ་གཏོང་བར་ནུས་པ་ཆེན་པོ་ཡོད་པས་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་ཞེས་གསུངས་པའི་མི་ལུས་ཐོབ་པར་མངོན་མཐོ་སྒྲུབ་པའི་ཆོས་འདི་གསུངས། 

དེ་ནས་ངེས་ལེགས་སྒྲུབ་པ་ལ། གང་ལྟར་ངེས་པར་ལེགས་པ་ཟེར་བ་ནི་སྤྱིར་མངོན་མཐོའི་ཕུན་ཚོགས་ལྟ་བུར་ཆ་བཞག་ན་མངོན་དུ་བྱེད་པ་ཞིག་རེད། ལེགས་པ་ཞིག་ནི་ཡིན་པ་རེད། ཡིན་ནའང་། དེ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རང་བཞིན་ལས་མ་འདས་པ་ཞིག་དང་། མངོན་མཐོའི་ཕུན་ཚོགས་མང་པོ་ཞིག་འགྱུར་བའི་སྡུག་བསྔལ་ཆགས་ཡོད། དེར་བརྟེན། ལས་ཉོན་སྤངས་པའི་དང་། ལས་ཉོན་གྱི་དབང་གིས་གྲུབ་པའི་ཉེ་བར་ལེན་པའི་ཕུང་པོ་འདི་བྲལ་བ་ཞིག་ཡིན་པས་ངེས་པར་ལེགས་པ་ཞེས་པ་དེ་ཆགས་ཀྱི་ཡོད། དེ་ཐོབ་པ་ལ་ཚོགས་བསགས་པ་གཅིག་པུས་མི་ཕན་པར་དྲི་མ་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་སྟོང་ཉིད་ཀྱི་ལྟ་བ་རེད། བཅོམ་ལྡན་འདས་ཁོང་གིས་ཀྱང་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ་གསུངས་ནས་འགོག་པའི་བདེན་པའི་འགོག་ཟེར་བའི་ཚིག་གི་ནུས་པ་ནི་ང་རང་ཚོར་སྐྱོན་ཡོད་པའི་རྩ་བ་ནི་སེམས་མ་བཏུལ་བའི་དབང་གིས་ཡོང་གི་ཡོད་པ་དང་། སེམས་མ་འདུལལ་བར་བྱེད་མཁན་དེ་ཡག་པོ་ཤེས་པར་བྱས་ཏེ། དེ་ལ་བསམ་བློ་ཡག་པོ་བཏང་ན་རྒྱབ་རྟེན་ཚད་མ་མེད་པའི་ལོག་ཤེས་ཡིན་པ་ཞིག་མཐོང་བས་དེ་ལ་གཉེན་པོ་བརྟེན་ནས་ནུས་པ་ཡག་པོ་རྫོགས་ཐུབ་ན་དྲི་མ་དེ་ཕྱིན་ཅི་ལོག་པའི་བློ་ཆགས་ཡོད་པས་ལོག་ཤེས་དེ་ག་དུས་ཡིན་ནའང་ནུས་པ་མེད་པ་ཞིག་ཆགས་ཡོད་པ་རེད། ཁོར་རྒྱབ་རྟེན་ཡོད་པ་མ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། མགོན་པོ་གང་ཉིད་མཆོག་གི་སྐུའི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་བཞིའི་སྐོར་ལ་བཀའ་སློབ་ཟབ་རྒྱས་སྩལ་རྗེས་དབུ་མ་རིན་ཆེན་ཕྲེང་བའི་འཕྲོ་སྐྱོང་དང་། དེ་ནས་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོའི་རྗེས་གནང་བཀའ་དྲིན་སྩལ་བ་སོགས་ཐེངས་འདིར་བསྙེན་རྫོགས་དང་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས། རྗེས་གནང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས་བཀའ་སློབ་སྩལ་དོན། 

ཁ་སང་རབ་བྱུང་བསྙེན་རྫོགས་སྒྲུབ་པ་དང་། དེ་ནས་དབུ་མ་རིན་ཆེན་ཕྲེང་བ་གཙོ་བོར་བྱས་ཏེ་ཉིན་གསུམ་གྱི་ཆོས་འབྲེལ་ལེགས་པར་ཟིན་པ་རེད། ཉིན་འདི་དག་ལ་ངོས་ཀྱིས་བཏོན་ནས་ཞེ་དྲག་ཐང་ཆད་མ་སོང་། གང་ལྟར་ཁྱོད་རང་ཚོར་གང་ལ་གང་འཚམ་ཕན་ཐོགས་ཡོང་ཐུབ་པའི་རེ་བ་ཡོད། གཙོ་ཆེ་ཤོས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་དེ་རེད། ངོས་རང་ལའང་ལྷ་ཡི་རྣལ་འབྱོར་མང་པོ་ཡོད། མང་པོ་འདོན་བཞིན་ཡོད། དཔེར་ན། བདེ་གསང་འཇིགས་གསུམ། དེ་ནས་རྣལ་འབྱོར་མ། དེ་ནས་ཀུ་རུ་ཀུ་ལེ། དེ་བཞིན་ཀྱེེ་རྡོར་ལ་སོགས་པ་མང་པོ་ཞིག་འདོན་བཞིན་ཡོད། རེད་དེ། གཙོ་བོ་ངོས་ཀྱིས་ཉམས་ལེན་བྱེད་བཞིན་པ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཡིན། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་དགའ་རབ་བཏང་ནས་མི་ལ་བཤད་པ་བཅས་བྱེད་དུས་རྨི་ལམ་ལའང་ངོས་རང་མི་ལ་ཐུག་ནས་བྱང་ཆུབ་སེམས་ཀྱི་སྐོར་མང་པོ་བཤད་སྡོད་ཀྱི་འདུག ཞོགས་པ་གཉིད་སད་པ་དང་ཐུབ་དབང་གི་བསྟོད་པ་ཞིག་བཏོན། ཐུབ་དབང་དྲན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། དེ་བཞིན་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད། ལྷག་པའི་ལྷ་ཡི་རྣལ་འབྱོར་མང་པོ་ཡོད་ཀྱང་། དེ་ཚང་མ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་དང་འབྲེལ་ནས་སྒོམ་བཞིན་པ་ཤ་སྟག་མ་གཏོགས། གང་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་སྒོམ་རྒྱུ་གཙོ་བོ་ཡིན། 

ཁྱོད་རང་ཚོ་ངོས་ཀྱི་ཆོས་གྲོགས་རེད། ཕྱོགས་གཅིག་ནས་ངོས་རང་དགེ་རྒན་ལྟ་བུ་ཆགས་པ་རེད། བླ་མའམ་དགེ་རྒན་རེད། ང་ཚོ་བོད་པ་ཚོར་སྔ་མ་ོམཁན་ཆེན་ཞི་བ་འཚོ་དགེ་རྒན་ལ་ཕེབས་ནས་མཁན་ཆེན་ཞི་བ་འཚོས་ལམ་སྟོན་ག་རེ་གནང་བ་དེ་ལ་ཧུར་ཐག་འབད་ཐག་བྱས་པ་རེད། དེ་བཞིན་ངོས་རང་ཁྱོད་རང་ཚོའི་དགེ་རྒན་ཡིན་པའི་སྐད་ཆ་རེད། དེར་བརྟེན། དགེ་རྒན་གྱིས་བསླབ་པ་དེ་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱས་ནས་ཧུར་ཐག་འབད་ཐག་བྱོས་ཤོག། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་ཐེངས་འདིའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ནས་ཆོས་ཞུ་བའི་ལྷན་དུ་ཚོ་ཁག་ཚོ་ཁག་བྱས་ཏེ་སྐུ་པར་ལྷན་སྒྲོན་གནང་ཡོད་པ་བཅས།