དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་གཉིས་པ། 

མདུན་ངོས། / དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་གཉིས་པ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠  ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་ཁབ་ ༦༡ ནས་ཕེབས་པའི་ཆོས་ཞུ་བ་ ༧༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཉིན་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆོས་ཞུ་བའི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་། ཆོས་ཞུ་བ་དད་ལྡན་སེར་སྐྱ་ཕོ་མོ་ཚོས་དམིགས་བརྩེ་མ་གསུང་འདོན་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སྔར་རྒྱུན་བཞིན་ཐའེ་ལན་གྱི་དགེ་འདུན་པ་ཁག་ཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་དང་། དེའི་རྗེས་རྒྱའི་དགེ་འདུན་པས་དབུ་དྲངས་ཏེ་རྒྱ་སྐད་ཐོག་ཆོས་ཞུ་བ་ཚོས་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས། སྨྲ་བསམ་བརྗོད་མེད་མ་སོགས་གསུང་འདོན་དང་འབྲེལ་བཀའ་སློབ་སྩལ་དོན། 

ཁ་སང་སྔོན་འགྲོ་སྤྱི་བཤད་ཀྱི་ཚུལ་ལྟ་བུ་བྱས། དེ་རིང་ནང་པ་སངས་རྒྱས་པའི་ཆོས་རིན་ཆེན་ཕྲེང་བའི་གཞུང་དང་སྦྲེལ་ནས་ཞུ་རྒྱུ་བྱེད། སངས་རྒྱས་པའི་ཆོས་ཐོག་མ་རྒྱ་གར་ལ་དར་ནས་ Takshashila དང་ནཱ་ལེནྡྲ། དེ་ནས་བི་ཀྲ་མ་ཤཱི་ལ་བཅས་ཀྱི་གནས་ལ་རིམ་བཞིན་དགེ་འདུན་འདུས་པའི་སྡེ་ཚུགས་ཏེ་ཐོས་བསམ་སློབ་གཉེར་བྱེད་པའི་རྟེན་གཞི་ཤུགས་ཆེན་པོ་ཚུགས་པ་དང་། ལྷག་པར་དུ་ནཱ་ལེནྡྲ་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ལྟ་བུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་རེད། དེ་ཡིས་མཛད་པའི་ཆོས་བརྒྱུད་དག་གཞི་བྱས་ཏེ་ད་ལྟ་འདིར་ཁྱོད་རང་ཚོས་ཤེས་རབ་སྙིང་པོའི་རྗེས་སུ་གསུང་བཞིན་པའི། དུག་གསུམ་ཉོན་མོངས་སེལ་བར་ཤོག། ཅེས་སྤྱིར་ཆོས་ལུགས་ཚང་མས་ཐ་སྙད་དམིགས་བསལ་སྦྱར་ཡོད་པ་མ་རེད་དེ། གང་ལྟར་བྱམས་བརྩེ་དགོས་པ་རེད་ཅེས་གསུངས་སྐབས་ཉོན་མོངས་པའི་རྐྱེན་གྱིས་གཞན་ལ་གནོད་པ་བྱེད་པ་དེ་སྡོམ་དགོས་པ་གསུང་བཞིན་འདུག 

སངས་རྒྱས་པའི་ཆོས་ཀྱིས་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཟེར་བ་དེ། རྟག་པ་རང་བྱུང་གི་སྐྱེས་བུ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་ཞེས་པའི་སྐད་ཆ་དེ་མིན་པར་སེམས་རྒྱུད་བཏུལ་མ་བཏུལ་གྱི་ཐོག་ནས་འགྲོ་བ་ཞིག་རེད། སེམས་འདུལ་དགོས་པ་ཞིག་དང་། དེ་ལ་བྱེད་པ་པོ་གཞན་པ་མེད་པར་རྐྱེན་བཞི་ཞེས་གཡོ་བ་མེད་པའི་རྐྱེན། མི་རྟག་པའི་རྐྱེན།  ནུས་པའི་རྐྱེན། ཞེས་གང་ལྟར་དཀོན་མཆོག་ལྟ་བུ་ཞིག་གིས་དགོངས་པའི་གཡོ་བ་སྔོན་དུ་བཏང་ནས་བྱུང་བ་མ་རེད། གཡོ་བ་མེད་པའི་རྐྱེན་རེད། དེ་དག་གིས་རྟག་པ་རང་བྱུང་གི་སྐྱེས་བོ་མིན་པ་གསུངས་ཀྱི་ཡོད་པ་རེད། རྐྱེན་ཁོ་རང་ཡང་རྐྱེན་ལ་ལྟོས་ནས་ཡོང་བ་ཞིག་མ་གཏོགས་རྐྱེན་འགྱུར་བ་མེད་པར་སྡོད་མཁན་ཞིག་མ་རེད། དེའི་ཕྱིར་མི་རྟག་པའི་རྐྱེན། མི་རྟག་པ་ཡིན་པ་ཙམ་གྱིས་མི་ཡོང་བར་ནུས་པའི་རྐྱེན་ཞེས་འབྲས་བུ་རྣམ་པ་ཅི་ལྟ་བུ་ཞིག་ཡོང་དང་མི་ཡོང་དེ་དང་རྗེས་སུ་མཐུན་པའི་རྒྱུ་དང་རྐྱེན་ལ་རྟེན་ནས་ཡོང་གི་རེད་ཅེས་གསུངས་ཡོད་པས་རྐྱེན་གསུམ་གནད་འགག་ཆེན་པོ་འདུག 

དུག་གསུམ་ཉོན་མོངས་སེལ་བར་ཤོག། ཅེས་པས་སེམས་རང་བཞིན་གྱིས་འོད་གསལ་བ་རེད། སེམས་ཀྱི་རང་བཞིན་ལ་དྲི་མས་ལྷད་ཡོད་པ་མ་རེད། ཡིན་ནའང་། སེམས་ཀྱི་གསལ་རིག་ཟེར་བའི་ཡུལ་གྱི་རྣམ་པ་གཏད་སྟོབས་ཀྱིས་དེའི་རྣམ་པ་ཅན་དུ་སྐྱེས་ཏེ་རིག་པ་བློ་ཡི་མཚན་ཉེད་ཅེས་ང་ཚོས་ནམ་རྒྱུན་བཤད་བཞིན་པ་དེ་ཡུལ་གྱི་རྣམ་པ་གཏད་སྟོབས་ཀྱིས་དེའི་རྣམ་ལྡན་གྱི་ཡུལ་རིག་སྡོད་མཁན་གྱི་བློ་ཞིག་གམ། ཡུལ་དེ་རིག་སྡོད་མཁན་ལ་ཤེས་པ་ཞེས་པའི་སྐད་ཆ་དེ་བཤད་ཀྱི་ཡོད་པ་རེད། ཤེས་པའི་རང་བཞིན་དྲི་མས་ལྷད་མེད་ཀྱང་མ་རིག་པའི་དབང་གིས་ཉོན་མོངས་ཀྱིས་ལྷད་ཡོད། ང་ཚོས་ཤེས་པའི་ཐོག་མ་དང་སྐྱེས་པའི་ཐོག་མ་འཇོག་གི་མ་རེད། དེར་བརྟེན། ཐོག་མ་མེད་པ་ནས་རང་གི་ངང་གིས་ཕྱིན་ཅི་ལོག་ཏུ་རྟོགས་སྡོད་པའི་བློ་ཞིག་གིས་བདེ་བ་འདོད་ཀྱང་བདེ་བས་ཕོངས། སྡུག་བསྔལ་མི་འདོད་ནའང་སྡུག་བསྔལ་གྱིས་མནར་བསྡད་པ་བྱུང་བ་རེད། དེའི་རྩ་བ་ཉོན་མོངས་ཀྱིས་བྱས་པ་ཡིན་པས་དུག་གསུམ་ཉོན་མོངས་སེལ་བར་ཤོག་ཟེར། 

དུག་གསུམ་ཉོན་མོངས་སེལ་བ་ལ་ཁྱོད་རང་ཚོས་ནམ་རྒྱུན་འོད་དཔག་མེད་མཁྱེན། འོད་དཔག་མེད་མཁྱེན་ཟེར་བ་དེས་དུག་གསུམ་ཉོན་མོངས་སེལ་ཐུབ་ཀྱི་མ་རེད། དུག་གསུམ་གྱི་ཉོན་མོངས་སེལ་བ་ལ་ཤེས་རབ་ཀྱི་སྣང་བ་བསྐྱེད་དགོས། ཤེས་རབ་བམ་ཤེས་པའི་རབ་ཅེས་གང་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་གསུངས་པའི་གཙོ་བོ་གནས་ལུགས་ཇི་བཞིན་ཤེས་པའི་ཤེས་པ་དེའི་སྟེང་བསམ་བློ་གཏོང་གི་ཡོད་པ་རེད། དེར་བརྟེན།  ཤེས་རབ་སྣང་བ་འབར་བ་ཤོག། ཅེས་པ་དེ་རེད། དེ་ལྟ་བུའི་ཤེས་རབ་ཀྱི་རྣམ་དཔྱོད་གོང་ནས་གོང་དུ་འཕེལ་བ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་གྲོགས་བྱེད་དགོས་པ་དང་། དེའི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་དགོས་པ་ཡིན་པས་དེ་དག་གི་མི་མཐུན་ཕྱོགས་ཀྱི་འགལ་རྐྱེན་སེལ་བ་དང་། དེ་དག་ཉོན་མོངས་སྤོང་བ་ཙམ་ནི་ཉན་རང་ཚོས་ཆེད་དུ་དམིགས་ནས་ཉམས་ལེན་གནང་གི་ཡོད་པ་རེད། མཐར་ཉོན་མོངས་སྤངས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱི་ཡོད་པ་རེད། དེ་ཙམ་ཐེག་པ་གོང་འོག་ཐུན་མོང་བ་ཆགས་ཡོང་བ་ཡིན་པས། རྒྱལ་སྲས་སྤྱོད་པ་ལ་འཇུག་པར་ཤོག། ཅེས་ཉོན་མོངས་སྤངས་པའི་བསླབ་པ་གསུམ་གྱི་ཉམས་ལེན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ཞིག་དགོས་པ་དེ་རེད། 

ང་ཚོ་ཚང་མས་སྨོན་ལམ་འདི་རྒྱག་གི་ཡོད་པ་རེད། ཤེས་རབ་ཀྱི་སྣང་བ་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བ་ཟེར་བ་ཤེས་པ་རང་གི་སྟེང་ལ་ཡུལ་རིག་པའི་ནུས་པ་རང་ཆས་སུ་ཡོད་པ་དེ་མུ་མཐུད་ནས་ནུས་པ་ཡར་བསྐྱེད་དགོས། དེ་ཤེས་རབ་ཀྱི་བསླབ་པ་རེད། ཡུལ་གྱི་གནས་ལུགས་ལ་བློ་རྩེ་གཅིག་ཏུ་གནས་པ་ལ་ཏིང་ངེ་འཛིན་གྱི་བསླབ་པས་གྲོགས་བྱེད་དགོས་ཀྱི་ཡོད་པ་རེད། ཏིང་ངེ་འཛིན་གྱི་བསླབ་པ་ཡོང་བ་ལ་དྲན་ཤེས་བརྟན། དྲན་ཤེས་བརྟན་པའི་རིམ་པ་དང་པོ་ནི་སོ་ཐར་གྱི་ཚུལ་ཁྲིམས་བླངས་ནས་འདི་བྱས་ན་འགྲིག་གི་མ་རེད། དེ་རུང་གི་མ་རེད་ཅེས་དྲན་པས་ཟིན་པར་བྱས། དེ་ནས་ཤེར་ཕྱིན་གྱིས་ངས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་རུང་བའི་ཕྱོགས་ལ་འགྲོ་བཞིན་འདུག་གམ་མི་འདུག་བྱ་ར་བྱས། ཤེས་བཞིན་གྱིས་རིག་པར་བྱས། དྲན་པས་ཟིན། གཉེན་པོ་བརྟེན་ནས་འགྲོ་བ་ནི་ཞི་གནས་སྒྲུབ་པའི་རྒྱུ་ཚོགས་གཙོ་བོ་ཤེར་ཕྱིན་ལ་དྲན་ཤེས་རྙེད་རྒྱུ་དེ་ཡིན། དེ་སོ་ཐར་གྱི་ཚུལ་ཁྲིམས་སྐབས་ནས་ཐོག་མར་གྲུབ་ཡོང་གི་ཡོད་པ་རེད། དེར་བརྟེན། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་ཞེས་གསུངས་པ་དེ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའི་དབུ་བཙུགས་ཏེ།  “མྱ་ངན་འདས་ལ་འདི་དག་ཀུན། །མེད་པར་གྱུར་ན་ཁྱོད་མི་འཇིགས། །འདིར་ནི་མེད་པར་བཤད་པ་ལ།། ཁྱོད་ནི་ཇི་སྟེ་འཇིགས་པར་བྱེད། །”ཅེས་པའི་མཚམས་སུ་ཉིན་གཉིས་པའི་གསུང་ཆོས་གནང་སྒོ་གྲུབ་པར་བྱས་ཏེ་སང་ཉིན་བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་བ་ངོ་སྤྲོད་བྱ་རྒྱུ་ཡིན་སྐོར་བཀའ་སྩལ་ཡོད་པ་བཅས།