རྒྱ་གར་གྱི་སྲིད་འཛིན་མཆོག་ལ་འཁྲུངས་སྐར་འཚམ་འདྲི་མཛད་པ།

མདུན་ངོས། / རྒྱ་གར་གྱི་སྲིད་འཛིན་མཆོག་ལ་འཁྲུངས་སྐར་འཚམ་འདྲི་མཛད་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གྱི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་མཆོག་དགུང་གྲངས་ ༧༤ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་འཚམ་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན།  རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་ཞིང་།  ཆོས་དང་རིག་གཞུང་།  སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་སྣ་མང་ཡོད་པ་དེ་དག་འཆམ་མཐུན་ངང་འཚོ་གནས་ཐུབ་པའི་ཆོད་སེམས་རྒྱུན་སྐྱོད་བྱེད་བཞིན་ཡོད།  ལམ་སྲོལ་དེ་ནི་འཛམ་གླིང་གཞན་ལ་མིག་དཔེ་འོས་པ་ཞིག་ཡིན། 

རྒྱུ་མཚན་ལ་གཞི་བཅོལ་ཞིང་།  དེང་དུས་ཚན་རིག་གི་ལངས་ཕྱོགས་དང་མཐུན་པའི་ནཱ་ལེནྜའི་གཙུག་ལག་ཁང་གི་མཁས་པའི་བཞེད་གཞུང་ལྟ་བུ་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དེ་དག་མཇལ་སྐབས་སེམས་ནང་སྤོབས་པ་སྐྱེ་གཞིར་གྱུར། རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ནི་དེང་སྐབས་འཛམ་གླིང་ནང་དགོས་མཁོ་ཡོད་པ་ཞིག་དང་འབྲེལ་བ་ཧ་ཅང་ཡོད་པ་ཞིག་རེད།  ཉེ་ལམ་རྒྱ་གར་གྱི་སྲིད་བློན་ནཱ་རེནྡྲ་མོ་དི་མཆོག་གིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག སྟོན་པ་ཤཱཀྱ་ཐུབ་པས་དམག་འཐབ་སྤངས་པའི་འཚེ་མེད་ཞི་བའི་བསླབ་བྱ་ནི།  རྒྱ་གར་གྱིས་འཛམ་གླིང་ལ་ཕུལ་བའི་སྐྱེས་སུ་ངོས་འཛིན་གནང་ཡོད་སྐོར་གསུངས་པ་ཐོས་སྐབས་ངོས་རང་དགའ་ཚོར་སྐྱེས་བྱུང་།     

ངོས་རང་རྒྱ་གར་གྱི་བང་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་གར་གནའ་རབས་ལེགས་བཤད་སྐོར་གོ་རྟོགས་སྤེལ་བ་བརྒྱུད་འཚེ་མེད་ཞི་བདེའི་འཛམ་གླིང་ཞིག་སྐྲུན་ཐུབ་རྒྱུར་ངོས་ལ་ཡིད་ཆེས་ཡོད།  ཅེས་སོགས་འཁོད་པ་མ་ཟད། མཐར་མགོན་པོ་གང་ཉིད་ནས་བོད་མི་བཙན་བྱོལ་བ་རྣམས་ལ་ད་བར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་མཛད་འདུག 

གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།