དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་པ།

མདུན་ངོས། / དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠  ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ ༢༡ མཉམ་དུ་འདུས་པའི་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་མཐུན་ཚོགས་དེ་གའི་ཚོགས་མི་གྲངས་ ༡༡༢༧ གཙོས་རྒྱལ་ཁབ་ ༦༡ ནས་ཕེབས་པའི་ཆོས་ཞུ་བ་ ༧༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆོས་ཞུ་བའི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་། ཆོས་ཞུ་བ་དད་ལྡན་སེར་སྐྱ་ཕོ་མོ་ཚོས་དམིགས་བརྩེ་མ་གསུང་འདོན་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་པཱ་ལའི་དགེ་འདུན་པ་ཁག་ཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་གནང་བ་དང་། དེའི་རྗེས་རྒྱའི་དགེ་འདུན་པས་དབུ་དྲངས་ཏེ་རྒྱ་སྐད་ཐོག་ཆོས་ཞུ་བ་ཚོས་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས། སྨྲ་བསམ་བརྗོད་མེད་མ་སོགས་གསུང་འདོན་དང་འབྲེལ་བཀའ་སློབ་སྩལ་དོན། 



དེ་རིང་ཐའེ་ཝན་གྱི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་གཙོ་བོར་གྱུར་པའི་རྒྱ་རིགས་མང་པོ་ཞིག་སླེབས་ཡོད་པ་རེད། ང་ཚོ་འདིར་འདུས་པ་ནི་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་ལ་འགྱུར་བ་གཏོང་བ་ཞིག་དང་། དེང་སང་སངས་རྒྱས་པའི་ཆོས་འདི་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདིས་སེམས་ཁམས་རིག་པ་གཙོ་བོ་བཤད་དེ་ཚད་མ་རིགས་པའི་ཐོག་ནས་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་སྡོད་པ་ཞིག་རེད། དེར་བརྟེན། སེམས་ནང་གི་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་བཅས་ཀྱིས་སྐབས་ཐོག་སེམས་དཀྲུགས་པ་ཙམ་དུ་མ་ཟད། གཟུགས་པོ་ལའང་གནོད་སྐྱེལ་བཞིན་པ་ནི་ཚན་རིག་པས་ཀྱང་བཤད་བཞིན་འདུག །རླུང་དང་ཕྲག་དོག་ཤུགས་ཆེན་པོ་བྱས་ནས་བསྡད་པ་ཡིན་ན་immune system ཉུང་རུ་འགྲོ་གི་འདུག་ཅེས་ཚན་རིག་པ་དང་ཨེམ་ཆི་ཚོས་བཤད་ཀྱི་འདུག །གང་ལྟར་ཚན་རིག་གི་ཐོག་ནས་ར་འཕྲོད་ཡོང་གི་ཡོད་པ་རེད། སེམས་ཀྱི་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་ནི་ཞི་བདེ་མེད་པ་བཟོས་ནས་ཞི་བདེ་དཀྲུགས་མཁན་ག་རེ་ཡིན་པ་དེ་ཤེས་པར་བྱས་ནས་གདོང་ལེན་བྱེད་དགོས། དཔེར་ན། ནད་ན་ཚ་བྱུང་ནས་སྨན་ཟ་བ་ནི་ནད་འབུ་ཕྲ་རབ་ལ་གདོང་ལེན་བྱེད་པར་སྨན་གྱི་ནུས་པ་ཁ་ཐུག་ལ་བེད་སྤྱོད་བྱས་ནས་འགྲོ་བཞིན་དང་།  དེ་བཞིན་ཚ་གྲང་གི་སྡུག་བསྔལ་ལྟ་བུར་ཆ་བཞག་ན་ཚ་བས་གདུང་ན་གྲང་གློག་སྤར་བ་དང་། གྲང་བའི་གདུང་སྐབས་གང་ལྟར་ཚ་རེག་གཏོང་བའི་རིགས་འཕྲུལ་ཆས་ཀྱིས་བཟོ་ཐུབ་པ་ཞིག་འདི་ལྟར་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་སེམས་མ་སྐྱིད་པ་ཡོང་བ་ནི་སེམས་དཀྲུགས་ནས་ཡོང་གི་ཡོད་པས་དཀྲུགས་མཁན་དེ་ངོ་ཤེས་པར་བྱེད་དགོས། 

སེམས་དཀྲུགས་མཁན་ནི་ཁོང་ཁྲོ་དང་། དེ་བཞིན་ང་རྒྱལ་ཕྲག་དོག་བཅས་རེད། སེམས་ཀྱི་ང་རྒྱལ་དང་ཕྲག་དོག།། ཁོང་ཁྲོ་ལ་རྒྱུ་མཚན་ཅི་ཞིག་འདུག །དེ་ལ་བསམ་བློ་བཏང་བ་ཡིན་ན། དཔེར་ན། དེ་རིང་ཧ་ཅང་ཁོང་ཁྲོ་ཟ་ཡུལ་གྱི་མི་དེ་སང་ཉིན་གནངས་ཉིན་གྲོགས་པོ་ཆགས་པ་ཡོང་གི་རེད། གང་ལྟར་གནོད་ལན་གནོད་པས་འཇལ་ནས་ཚུར་སོ་སོར་རྙོག་གྲ་བཟོ་མཁན་ལ་ཕར་རླུང་བསྟན་ནས་རྣམ་འགྱུར་སྡུག་པོ་བསྟན་ན་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་མེད་པ་རེད། ཚུར་ཏོག་ཙམ་ཟུར་ཟ་དང་སྐྱོན་བརྗོད། མ་དགའ་བ་ཡོང་གི་འདུག་ནའང་སོ་སོའི་ངོས་ནས་བཟོད་པ་སྒོམ་པ་ཙམ་དུ་མ་ཟད་པའི་བྱམས་བརྩེ་སྒོམ་ཐུབ་ན་རང་བཞིན་གྱིས་སོ་སོའི་སེམས་ཀྱི་ཁོང་ཁྲོ་དེ་ཡང་མེད་པ་ཆགས། དེ་རིང་སོ་སོ་དང་རྒྱག་རེས་ཤོར་བསྡད་པའི་དགྲ་བོ་དེའང་རིམ་བཞིན་གཉེན་དུ་འགྱུར་བ་ཡོང་ཐུབ་པ་ཞིག་རེད། བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་འཕྲལ་སེལ་གྱི་སེམས་དཀྲུགས་པ་ཙམ་དུ་མ་ཟད་པའི་གྲོགས་པོ་གྲོགས་མཆེད་དག་ཀྱང་དགྲ་ཆགས། སོ་སོའི་ལུས་པོའང་མ་བདེ་བ་ཕལ་ཆེར་ཡོང་རྒྱུ་རེད། གང་ལྟར་སེམས་ཀྱི་ཞི་བདེ་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཆོས་ཀྱི་སྐད་ཆ་མ་བཤད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། བདེ་བ་ལ་ལུས་ཚོར་བདེ་བ་དང་སེམས་ཚོར་བདེ་བ་གཉིས་ཡོད་པའི་ནང་ནས་གཙོ་བོ་སེམས་ཚོར་བདེ་བ་རེད། དེར་བརྟེན། སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། 


ནང་པའི་གཞུང་གཅིག་པུ་མ་ཡིན་པར་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་ཡོང་གི་འདུག །དེ་ག་རེ་རེད་ཟེར་ན། ཆོས་ལུགས་ཚང་མ་མིའི་སྤྱི་ཚོགས་དང་འདྲེས་བསྡད་ཡོད། དེར་བརྟེན། མིའི་སྤྱི་ཚོགས་ལ་བྱམས་བརྩེ་བཟོ་རྒྱུ་རྩ་ཆེ་ཤོས་ཤིག་ཆགས་ཡོད། དེ་ཡང་ཚན་རིག་པས་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་རེད་ཟེར། ཨིན་ཇིའི་སྐད་དུ་social animalརེད། social animalཅི་འདྲ་ཞིག་ཡིན་ནའང་རང་བཞིན་གྱིས་སྒེར་སོ་སོ་འཚོ་བ་ནི་སྤྱི་ཚོགས་ལ་བརྟེན་ཡོད། སྤྱི་ཚོགས་ལ་བརྟེན་དགོས་ཀྱི་ཡོད་པས་སྐྱེས་པའི་ཉིན་མོ་ནས་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཆགས་ཡོད་པས་རོགས་པ་ཞིག་ཡོད་ན་གད་མོ་དགོད་པ་དང་འཛུམ་ཤིག་ཤིག་ཡིན་པ་དང་། བྱམས་བརྩེ་ལྡན་པའི་རོགས་པ་ཞིག་ཡོད་ན་ཕྲུ་གུ་དེ་ཡང་སྐྱིད་པོ་ཡོང་། གལ་སྲིད་ཨ་མས་ཡལ་བར་དོར་བ་ཡིན་ན་ཕྲུ་གུ་དེ་ཤི་འགྲོ་གི་རེད། དེར་བརྟེན། ང་ཚོའི་མི་ཚེ་ནི་བྱམས་བརྩེའི་ཐོག་ནས་མགོ་འཛུགས་འདུག །མཐའ་མ་ཤི་ཁར་སོ་སོའི་འཁྲིས་སུ་བྱམས་བརྩེ་ལྡན་པའི་གྲོགས་པོ་གྲོགས་མཆེད་ཀྱིས་བསྐོར་ནས་བསྡད་པ་ཡིན་ན། ཤི་མཁན་སོ་སོ་སེམས་ལྷོད་ལྷོད་ཡོང་ཐུབ་ཀྱི་རེད། ཤི་ཁར་རྒྱུ་དངོས་པོ་དང་སྟོབས་ག་ཚོད་ཡོད་པ་ཡིན་ནའང་དེས་ཕན་ཐོགས་མེད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན། བྱམས་བརྩེ་ནི་མི་ཚེ་ཐོག་མ་མགོ་བཙུགས་པ་ནས་མཐའ་མ་ཤི་བའི་སྐབས་སུའང་འབྲེལ་བ་ཡོད་པ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། 



ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་སྡོད་མཁན་ཞིག་ཡིན་པ་དང་། དེ་སྔ་ཡིན་ན་སྤྱི་ཚོགས་ཟེར་དུས་སོ་སོའི་མི་སྡེ་ (community) ཆུང་ཆུང་ཞིག་རེད། ཕ་མ་དང་ཕ་མའི་གཉེན་འབྲེལ་བཅས་ཆུང་ཆུང་ཞིག་རེད། དེ་ནས་རིམ་བཞིན་ང་ཚོའི་མི་ཚེའི་འགྲོ་སྟངས་འཁྲུག་ཆ་དོད་པོ་ཆགས་ཡོང་དུས་ལུང་པའི་མི་མང་ཡོངས་རྫོགས་སོ་སོའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་ལ་ཕར་བསམ་བློ་བཏང་བ་ཡིན་ན་ཨེ་ཤ་ཡའི་འབྱུང་འགྱུར་གྱི་བདེ་སྡུག་དེ་ནུབ་ཕྱོགས་ལའང་འབྲེལ་བ་ཡོད་པ་ཞིག་དང་། ནུབ་ཕྱོགས་ཀྱི་འབྱུང་འགྱུར་གྱི་བདེ་སྡུག་དེ་ཨེ་ཤ་ཡ་ལ་འབྲེལ་བ་ཡོད་པ། དེ་བཞིན་འཛམ་གླིང་ལྷོ་མ་དང་བྱང་མ། མདོ་དོན་ཡང་སྙིང་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མིའི་སྤྱི་ཚོགས་གཅིག་པ་རེད། དེར་བརྟེན། མི་སྒེར་སོ་སོའི་མི་ཚེ་སྐྱིད་པོ་ཞིག་ཡོང་མ་ཡོང་ནི་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པས་ངོས་ཀྱིས་ནམ་རྒྱུན། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་མི་གཅིག་མཚུངས་ཀྱི་འདུ་ཤེས་སྐྱེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་ཟེར་གྱི་ཡོད། དུད་འགྲོ་སེམས་ཅན་ཚང་མར་ཕན་བདེ་སྒྲུབ་པའི་བློ་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། དུད་འགྲོ་ཚོར་མིའི་རྣམ་དཔྱོད་མེད་པས་སྐད་ཆ་བཤད་མི་ཐུབ་པས་ཧ་ཅང་ཁག་པོ་རེད། སྨོན་ལམ་རྒྱག་རྒྱུ་མ་གཏོགས། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད། སེམས་ཅན་ཐམས་ཅད་ཟེར་བ་དེ་ཕར་མཛུབ་མོ་བཙུགས་ནས་ཕྱིན་པ་ཡིན་ན་འཛམ་གླིང་འདིའི་མི་གྲངས་དུང་ཕྱུང་བརྒྱད་ཅུ་འདི་རེད། འདི་ལ་ང་ཚོས་སྐད་ཆ་བཤད་ཐུབ་པ་རེད། སྐད་འདྲ་མི་འདྲ་ཡིན་ཀྱང་མིའི་རྣམ་དཔྱོད་ཡོད་པས་གོ་བརྡ་སྤྲོད་རྒྱུ་ཡོད། 

ང་ཚོས་སེམས་ཅན་ཐམས་ཅད་ཅེས་པ་ལ་ཁ་ཡོད་ལག་ཡོད་ཀྱིས་བསམ་བློ་བཏང་བ་ཡིན་ན། འཛམ་གླིང་འདིར་སྲོག་ཆགས་གྲངས་མེད་པ་ཡོད་ཀྱང་བྱེད་ཐབས་མི་འདུག །མི་དུང་ཕྱུར་བདུན་ཅུ་ཡོད་པ་ལ་ང་ཚོ་དེའི་གྲས་ཡིན་པས་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱེད་པའི་གོ་སྐབས་འདུག །ང་ཚོར་མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ཡོད་པ་འདི་ཉོན་མོངས་པའི་བྲན་གཡོག་ཏུ་འགྲོ་གྲབས་བྱེད་བཞིན་འདུག །དེ་ནོར་འཁྲུལ་རེད། མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་ལ་བྱམས་བརྩེས་དབང་བསྒྱུར་ཐུབ་པ་ཞིག་བྱུང་ན། ཅི་ཙམ་གྱིས་མིའི་རྣམ་དཔྱོད་ཡོད་པ་དེ་ཙམ་གྱིས་སོ་སོའི་སེམས་ལ་བདེ་སྐྱིད་ཡོང་བ་ཞིག་ཡོང་ཐུབ་པ་རེད། ཅེས་སོགས་བཀའ་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། ནང་སེམས་ལ་ཞི་བདེ་ཡོང་བ་དང་སེམས་ལ་དགའ་བདེ་ཡོང་བའི་རྐྱེན་དེ་ད་ལྟ་ཡོད་པའི་ཤེས་ཡོན་གཅིག་པུས་ཡོང་ཐུབ་ཀྱི་མེད། ནང་སེམས་ཀྱི་བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་བཟང་པོ་བྱེད་རྒྱུ་དེ་རེད། གཞན་ལ་བརྩེ་བ་ཡོད་ན་སེམས་བཟང་པོ་ཡོང་གི་རེད། དེར་བརྟེན། ཆོས་མེད་མཁན་གྱི་མི་ཚོའི་ནང་དུའང་དེང་སང་སེམས་ལ་ཞི་བདེ་ཡོང་བར་སེམས་བཟང་པོ་དགོས་ཀྱི་འདུག་ཅེས་འཛམ་གླིང་གང་སར་མཐོང་ཚུལ་འདི་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། ཚན་རིག་པའི་ནང་དུའང་མཐོང་ཚུལ་འདི་ཤུགས་ཆེ་རུ་འགྲོ་བཞིན་འདུག །སེམས་བཟང་པོ་ཡོང་བ་ལ་འཛམ་གླིང་འདིར་ཡོད་པའི་ཆོས་ལུགས་ཚང་མས་བྱམས་པ་དང་སྙིང་རྗེ་དགོས་པ་རེད་ཅེས་སེམས་བཟང་པོ་ཡོང་བར་ཆོས་ཚང་མས་དམིགས་ཡུལ་འདི་གསུངས་ཀྱི་ཡོད་པ་རེད། 

སངས་རྒྱས་པའི་ཆོས་ཀྱིས་སེམས་བཟང་པོ་དགོས་པའི་བསླབ་བྱ་གཅིག་གྱུར་ལ་སྨོན་ལམ་རྒྱབ་ནས་སེམས་བཟང་པོ་བཟོ་རྒྱུ་མ་ཡིན་པར་སོ་སོས་ཉམས་ལེན་བྱས་ནས་བཟོ་དགོས་པ་དང་། ཉམས་ལེན་དེ་ཡང་དད་པ་གཅིག་པུ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་འཕྲལ་གྱི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན། རང་གི་ཁེ་ཕན་དང་གཞན་གྱི་ཁེ་ཕན་བཅས་ལ་དཔྱད་ནས་སེམས་བཟང་པོ་ལ་ཡོན་ཏན་ཡོད་པ་ཞིག་མཐོང་། ཁོང་ཁྲོ་དང་ཕྲག་དོག་སོགས་ཀྱིས་སྐྱོན་ཡོང་གི་ཡོད་པ་མཐོང་ནས་སེམས་བཟང་པོའི་ཕྱོགས་ལ་དང་དོན་བྱས་ནས་འགྲོ་རྒྱུ་ནི་སྤྱིར་སངས་རྒྱས་པའི་ཆོས་དང་། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སེམས་བཟང་ཏུ་བཅོས་རྒྱུ་ཞིག་ཆགས་ཡོད།



སངས་རྒྱས་པའི་ཆོས་དང་ལྷག་པར་ཏུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཕལ་ཆེར་ལྟ་གྲུབ་སྨྲ་བ་གཙོ་བོ་རེད། ཆོས་དད་གཅིག་པུ་མ་ཡིན་པར་ལྟ་གྲུབ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད། ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པའི་བརྗོད་བྱ་ནི་དུམ་བུ་གསུམ་བྱེད་ཐུབ། ཚན་རིག་གི་སྡེ་ཚན་གཅིག་དང་ལྟ་གྲུབ་ཀྱི་སྡེ་ཚན་གཅིག །ནང་ཆོས་ཀྱི་སྡེ་ཚན་གཅིག་བཅས་གསུམ་རེད། དེར་བརྟེན། བཀའ་འགྱུར་བསྟན་འགྱུར་ནང་ན་ཡོད་པའི་ཚན་རིག་གི་སྐོར་དང་ལྟ་གྲུབ་ཀྱི་སྐོར་དེ་འཇིག་རྟེན་ཀུན་ལ་ཕན་ཐོགས་པ་ཞིག་དང་། འཇིག་རྟེན་ཀུན་ལ་ཐུན་མོང་གིས་འགྲོ་ཐུབ་པ་ཞིག་འདུག །ཁྱོད་ཚོས་གང་བློ་མའི་ནང་དུ། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།། ཞེས་མ་རིག་པའི་མུན་པས་འཐོམས་པ་ཞེས་གསུངས་ཀྱི་འདུག །མ་རིག་པའི་མུན་པའི་འཐོམས་པ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་འོད་སྣང་ཁོ་ནས་སེལ་བ་མ་གཏོགས་སྨོན་ལམ་བརྒྱབ་ནས་སེལ་ཐུབ་ཀྱི་མ་རེད། སྔགས་བགྲངས་ནས་སེལ་ཐུབ་ཀྱི་མ་རེད། ཕྱག་འཚལ་བ་དང་སྐོར་བ་བརྒྱབ་པ་ཙམ་གྱིས་ཡོང་ཐུབ་ཀྱི་མ་རེད། དེར་བརྟེན། སློབ་སྦྱོང་བྱེད་པ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་བཤད་ནའང་ཧ་ཅང་གལ་ཆེན་པོ་རེད། དེར་ངོས་འཛིན་བྱས་པའི་ཐོག་ནས་ཁྱོད་རང་ཚོས་སློབ་སྦྱོང་ལ་འབད་བརྩོད་བྱོས། ཞེས་སོགས་བཀའ་སློབ་སྩལ་རྗེས། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག། ཅེས་སོགས་བསྔོ་སྨོན་མཛད་རྗེས་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།