ཚོ་ཁག་དྲུག་གིས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

མདུན་ངོས། / ཚོ་ཁག་དྲུག་གིས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར་ཤང་དགའ་ལྡན་ཆོས་འཁོར་གླིང་དང་བོད་མིའི་སྤྱི་མཐུན་མཉམ་སྦྲེལ། སྨན་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་ཁམས་ཆུ་བཞི་སྒང་དྲུག  ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་ཚེ་དཔག་མེད་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། 

དེ་ཡང་ཟླ་འདིའི་ཚེས་ ༩ ནས་ ༡༣ བར་ཉིན་ལྔའི་རིང་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སྨིན་གྲོལ་གླིང་དང། རྣམ་རྒྱལ་གྲྭ་ཚང་དང་། རྒྱུད་སྟོད་གྲྭ་ཚང་དང་། ཀིརྟི་བྱེས་པ་གྲྭ་ཚང་བཅས་ཀྱི་ཆོག་གྲྭ་དང་། རྡོ་རྫོང་བྱང་ཆུབ་ལྗོངས་དང་། བསྙེན་མཚམས་པ་ཁག་གཅིག་བཅས་དགེ་འདུན་ཞལ་གྲངས་ ༡༥༡ སྐོར་ནས་སྐུ་ཚེ་ཚེ་སྒྲུབ་སྔོན་དུ་བཏང་སྟེ། དེ་རིང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་ཚོ་ཁག་དྲུག་གི་རང་ཁོངས་ཕེབས་བསུ་བ་རྣམས་བསྟར་སྒྲིག་ཞུས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རོལ་ཆ་འབུལ་བཞིན་པར་ཕོ་བྲང་གཞུང་སྒོ་ནས་འཐུས་མི་རྣམས་ཀྱིས་སྤོས་སྣེ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་གྱིས་སྔོན་བསུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་དྲངས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་ནས་མཇལ་དར་རྐྱང་འབུལ་ཞུས་རྗེས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང། ཚིག་བདུན་གསོལ་འདེབས། གསོལ་འདེབས་བདེན་རྔ་སྒྲ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་རྣམས་གསུང་བཞིན་པར་གསོལ་ཇ་དང་འབྲས་སིལ་རིམ་པར་ཕེབས་པ་དང་། གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། 

བརྟན་བཞུགས་ལ་ཆེད་མངགས་ཕེབས་པའི་སེར་སྐྱ་འབྲེལ་ཡོད་ཚང་མར་འཚམ་འདྲི་ཞུ་བཞིན་ཡོད། དེ་རིང་འདིར་ཤང་དགའ་ལྡན་ཆོས་འཁོར་གླིང་དང་བོད་མིའི་སྤྱི་མཐུན་མཉམ་སྦྲེལ། སྨན་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་ཁམས་ཆུ་བཞི་སྒང་དྲུག  ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་བརྟན་བཞུགས་འབུལ་རྒྱུ་རེད། ཁྱོད་རང་ཚོས་འདི་ལྟར་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ང་ཚོ་དཀའ་ངལ་ཆེན་པོ་ཞིག་གི་དུས་ཚོད་ལ་སླེབས་ཡོད། ཡིན་ནའང་། ཕྱོགས་གཅིག་ནས་ང་ཚོར་བདེན་པ་ཡོད། གཉིས་ནས་གཞིས་ལུས་རྒྱ་ཆེའི་མི་མང་གཙོ་བོར་གྱུར་བའི་ང་ཚོ་བྱེས་འཁོད་མི་མང་འཛམ་བུ་གླིང་གི་ཕྱོགས་དང་མཚམས་སུ་ཡོད་པ་ཚང་མས་བོད་རིགས་ཡིན་བསམ་པའི་འདུ་ཤེེས་ཀྱི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་བྱས་ཏེ། དེའི་དྲངས་པའི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བསྡད་པ་རེད། བརྟན་བཞུགས་དངོས་མ་དེ་རེད། ང་ཚོ་གཞིས་བྱེས་མི་མང་ཚང་མས་ལྷག་བསམ་གཅིག་ཏུ་དཀར་བ་བྱས་ཏེ། དད་པ་དང་དམ་ཚིག་གཡོ་བ་མེད་པར་བསྡད་པ་རེད། དེ་རིང་འདིར་བརྟན་བཞུགས་ཕུལ་མཁན་ཁྱེད་རང་ཚོ་ཡང་། གང་ལྟར་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱི་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་ཟེར་སྐབས་དེ་སྔ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁུངས་འོག་ལ་ཡོད་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ནང་ཡིན་པ་ཡོད། བོད་ཕྱི་ནང་གཉིས་བཤད་པའི་བོད་ཕྱི་མ་ཟེར་བ་དེ་མ་རེད། ཆོས་རྒྱལ་ཚོའི་སྐབས་ལ་ང་ཚོ་ཆོལ་ཁ་གསུམ་གྱི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་སྡོད་ཀྱི་ཡོད་པ་རེད། བར་སྐབས་ནས་བོད་སིལ་བུར་ཆགས་ནས་ཁ་འཐོར་བ་ལྟ་བུ་རེད། 

དཔེར་ན། ངོས་རང་སྐྱེས་སའི་ལུང་པར་ཆ་བཞག་ན། པ་ལགས་དང་ཨ་མ་ལགས་ནང་པའི་ཆོས་ལ་དད་པ་ཡོད་ཀྱང་། དབུས་ལ་ཡོད་པའི་དགའ་ལྡན་ཕོ་བྲང་ལ་རྒྱུས་ཡོད་པ་མ་རེད། ང་ཚོའི་དཔོན་པོ་སུ་རེད་ཅེས་དྲིས་ཚེ་པ་ལགས་དང་ཨ་མ་ལགས་ཀྱིས་རང་བཞིན་བཅོས་མེད་ཀྱི་ཐོག་ནས་ང་ཚོའི་དཔོན་པོ་ཟི་ལིང་མཱ་ཀྲུའུ་ཞི་ཡིན་ཟེར་གྱི་རེད། དེ་བཞིན་ཁམས་ཕྱོགས་ལ་ཆ་བཞག་ནའང་། རྒྱ་སྡེ་བོད་སྡེ་གཉིས་བྱས་ཏེ་བསྡད་པ་རེད། མིང་ལའང་རྒྱ་སྡེ་ཟེར་བ་ཞིག་དང་བོད་སྡེ་ཟེར་བ་ཞིག་ས་མཚམས་ངེས་མེད་བྱས་ཏེ་བསྡད་པ་རེད། མཐའ་མར་ཀམ་ཐོག་གྲུ་ཁ་ཕན་ཆད་ཚུན་ཆད་བརྩིས་ཏེ་གནས་སྐབས་ཧ་ཅང་སྐྱོ་བོ་བྱུང་བ་རེད། 

བར་སྐབས་ནས་ང་ཚོ་སྤྱི་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ཚང་མས་སེམས་ཤུགས་གོང་བུ་གཅིག་གྱུར་བྱས་ནས་བསྡད་པ་དང་། བོད་ནང་ལ་ཡིན་ནའང་བོད་ཆོལ་ཁ་གསུམ་གཅིག་སྦྲེལ་དང་། སྔར་ཆོས་རྒྱལ་ཚོའི་སྐབས་ལྟ་བུ་ཡིན་པར་བཤད་ཆོག་གི་རེད། གཅིག་སྦྲེལ། གཅིག་གྱུར། དམ་ཚིག་ཧ་ལས་པ་རེད། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོའང་སྐབས་རེར་ཏོག་ཙམ་ཏོག་ཙམ་སྐད་ཆ་ཡོང་གི་རེད། དེ་ཆོས་ཉིད་རེད། ཆེ་ས་ནས་བསམ་བློ་བཏང་ན་གོང་བུ་གཅིག་གྱུར་ཧ་ལས་པ་རེད།  དེ་རིང་འདིར་ཆ་བཞག་ནའང་། ཁྱོད་རང་ཚོས་ལྷག་བསམ་གཅིག་ཏུ་དཀར་བའི་ཐོག་ནས་བརྟན་བཞུགས་གནང་བཞིན་པ་རེད། དེས་བོད་རྒྱ་ཆེའི་མི་མང་གི་དད་པ་དམ་ཚིག་གཡོ་བ་མེད་པ་མཚོན་གྱི་ཡོད། ངོས་རང་ལ་ཆ་བཞག་ནའང་ཁྱོད་ཚོས་བློ་གཏད་དང་རེ་བ་བཅོལ་ནས་འདི་ལྟར་བསྡད་པ་རེད། ང་ཚོ་ཐོག་མར་བཙན་བྱོལ་ལ་སླེབས་མ་ཐག་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པ་ལྟ་བུ་རེད། ཡིན་ནའང་། ཚང་མས་སེམས་ཤུགས་བསྐྱེད་པ་དང་། ངོས་ཀྱིས་ཚང་མར་འབོད་སྐུལ་བྱས་ཏེ་ལོ་དྲུག་ཅུ་ལྷག་ཅིག་ཕྱིན་པའི་རིང་འཛམ་གླིང་འདིར་བཙན་བྱོལ་བ་ས་ཡ་བྱེ་བ་མང་པོ་ཡོད་ཀྱང་། ང་ཚོ་བོད་མི་ནང་བཞིན་གྱི་བཙན་བྱོལ་བ་རྡོག་འགྲིག་པོ་ཞིག་ཕལ་ཆེར་མེད་པ་རེད། ང་ཚོ་བཙན་བྱོལ་བྱས་ནས་སོ་སོའི་ལུང་པར་བྲལ་ཡོད་ཀྱང་། བཙན་བྱོལ་གྱི་གནས་སྐབས་འདིར་ཆོས་དང་རིག་གཞུང་རྩ་བར་བཟུང་ནས་བསྡད་པ་རེད། ཅེས་དང་། 

གཞན་ཡང་། ནེ་རོ་ཡིས་བོད་དོན་བདེན་མཐའ་གསལ་བར་ཆ་རྐྱེན་གཙོ་བོ་ཤེས་ཡོན་ཡིན་པ་དང་། བོད་མི་ན་གཞོན་ཚོས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པ་དྲན་གསོ་དང་། རྒྱ་གར་གཞུང་གིས་ཐུགས་འགན་བཞེས་ནས་བོད་ཀྱི་སློབ་གྲྭ་ལོགས་སུ་བཙུགས་པའི་སྐོར་ནས་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་དོན་བདེན་མཐའ་གསལ་བར་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པས་ང་ཚོས་འཐབ་རྩོད་ལ་འབད་བརྩོན་བྱེད་པར་མི་རབས་གཅིག་གཉིས་ག་ཚོད་འགོར་ཡང་། འཐབ་རྩོད་བྱེད་མཁན་མི་མཐུད་དགོས་པ་ཡིན་པས་གཞིས་ཆགས་ཁག་བཙུགས་པ་ཡིན་སྐོར་དང་། མཁན་ཆེན་ཞི་བ་འཚོས་ལེགས་སྦྱར་གྱི་གཞུང་དུ་ཡོད་པའི་བསྟན་བཅོས་ཁག་བོད་ཡིག་ཏུ་བསྒྱུར་ནས་བསླབ་དགོས་པའི་ལམ་སྟོན་གནང་སྐོར། མགོན་པོ་གང་ཉིད་མཆོག་དགོང་ན་ཆུང་དུས་ནས་ཚན་རིག་གི་ཐོག་ལ་དོ་སྣང་ཡོད་པ་སོགས་དང་། རྒྱ་མི་གུང་ཁྲན་གྱི་སྟོབས་ཤུགས་གོ་མཚོན་གྱི་ཐོག་ནས་ཡོང་གི་ཡོད་པ་དང་། ང་ཚོའི་སྟོབས་ཤུགས་བདེན་པའི་ཐོག་ནས་ཡོང་གི་ཡོད་པས་རིམ་པས་བདེན་པའི་སྟོབས་ཤུགས་ཤུགས་ཆེ་གི་རེད་མ་གཏོགས་གོ་མཚོན་གྱི་སྟོབས་ཤུགས་ཤུགས་ཆེ་གི་མ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས།  ཁྲུས་གསོལ་དང་། མཆོད་པ་བྱིན་རླབས། རིགས་ལྔའི་མཁའ་འགྲོ་བསྐྱེད་དེ་གར་སྟབས་བཅས་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་མཆོག་ནས་དར་སྣེ་གཅོད་བྲེགས་མཛད་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས་པ་བཅས་ཆོ་ག་ལྟར་གནང་བ་དང་། 

བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། ཅེས་སོགས་ཀྱིས་ཚེ་འགུགས་དང་། རྡོར་སློབ་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ། བུམ་པ། ཚེ་འབྲང་། ཚེ་རིལ་། ཚེ་ཆང་། ཚེ་མདའ། བཞུགས་གདན་རྡོ་རྗེ་རྒྱ་གྲམ་རྣམས་ཚིག་བསྟུན་གྱིས་ཕུལ། དེ་ནས་གསོལ་འདེབས་མཎྜལ་རྒྱས་པའི་སྐབས། དབུ་བཞུགས་རྡོར་སློབ་མཆོག་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་འཐུས་མི་ལྔ་ནས་ཟུར་འདེགས་ཞུ། ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། སྣམ་སྦྱར། བླ་གོས། མཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། འཁར་གསིལ་བཅས་རིམ་པར་ཕུལ་སྟེ་དབུ་བཞུགས་རྡོར་སློབ་དང་། ཁྲི་ཟུར་རིན་པོ་ཆེ་དང་། འཛི་སྒར་རིན་པོ་ཆེ་དང་། ས་སྐྱ་གདོང་ཚང་ཞབས་དྲུང་རིན་པོ་ཆེ་དང་། སྨན་རི་དཔོན་སློབ་རིན་པོ་ཆེ་རྣམས་དང་། སྨིན་གླིང་མཁོ་ཁྱིམ་རིན་པོ་ཆེ་དང་། ཚོགས་པ་ལྔའི་འཐུས་མི་སོགས་ནས་མཇལ་ཞུ།  ཆབས་ཅིག་འབུལ་དངོས་སྤྱན་བསྟར་དང་། ཚོགས་འབུལ་བཞེས་དང་འགྱེད་འགྲེམས་ཞུ། ཞལ་འདོན་༸རྒྱལ་བའི་ཞབས་བརྟན་ཁག་གསུང་མུར་གསོལ་ཇ་གཉིས་པ་ཕེབས་རྗེས་བཀའ་སློབ་སྩལ་དོན།

ཁྱེད་ཚོར་ཆོ་ག་ཟབ་ཅིང་རྒྱས་པ་ཞིག་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་དུས་དང་དུས་སུ་སྨན་པས་བརྟག་དཔྱད་བྱེད་ཀྱི་ཡོད། བརྟག་དཔྱད་འཆར་ཅན་བྱེད་ས་དེར་བརྟག་སྐབས་ཉེ་ཆར་ངོས་རང་ཟུངས་ཁྲག་ཏོག་ཙམ་མར་ཆག་འདུག་ཀྱང་ད་ལྟ་ཡར་འཕར་འདུག ཨེམ་ཆི་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་བཞིན་དུ་ལུས་པོ་ཆ་ཚང་ལ་རིགས་གཅིག་རྐང་འཛིན་ཚོས་བརྟག་དཔྱད་བྱས་པ་རེད། ཧ་ཅང་ཡག་པོ་འདུག་ཟེར། ཁྱོད་རང་ཚོས་སྨོན་ལམ་བརྒྱབ་ནས་དེ་ལ་ད་ལྟའི་དུས་ཚོད་འདིར་ངོས་ཀྱིས་དམིགས་པ་བྱེད་ཀྱི་ཡོད་པ་རེད། གང་ལྟར་བོད་བསྟན་སྲིད་ཉག་ཕྲ་བོ་འདི་འདྲ་ཞིག་གི་དུས་ཚོད་ལ་ངོས་རང་ཚེ་རིང་པོ་ཞིག་མ་བསྡད་ཚེ་འགྲིག་མ་སོང་བསམ་ནས་སེམས་ཤུགས་བསྐྱེད་བཞིན་ཡོད། དེར་བརྟེན། གཟུགས་པོའི་ཆ་ནས་སྨན་པ་ཚོས་ཡག་ཏུ་ཕྱིན་འདུག ཧ་ཅང་ཡག་པོ་འདུག་ཟེར། ངོས་རང་སེམས་ཤུགས་བསྐྱེད་བཞིན་ཡོད། ལོ་བརྒྱ་ཕྲག་བར་དུ་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཕལ་ཆེར་འཚོ་ཐུབ་ཀྱི་རེད། མཁྱེན་སོང་ངམ། ཚང་མ་བློ་བདེ་བོར་བཞུགས། ཞེས་བཀའ་བཞེས་བཟང་པོ་ཕེབས་རྗེས་བཀྲ་ཤིས་རྫས་བརྒྱད་དང་། རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་རྣམས་ཚིག་བསྟུན་གྱིས་ཕུལ། དེ་ནས་གཏང་རག་མཎྜལ་ཚོམ་བུ་འདེགས་འབུལ་དང་མཇལ་ཁ་ཞུས་རྗེས། ཞལ་འདོན་བཀྲིས་རྒྱས་པ་དང་། སྔ་འགྱུར་བསྟན་རྒྱས་སྨོན་ལམ་དང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། བོད་ཡུལ་བདེ་བའི་སྨོན་ལམ་དང་། སྨོན་ལམ་ཕྱོགས་བཅུ་དུས་བཞི་མ་དང་། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུང་མཐར་ཀ་ཁྲི་སྒྲོགས། བདེན་ཚིག་སྨོན་ལམ་སོགས་གསུངས་ཏེ་བརྟན་བཞུགས་མཛད་སྒོ་དངོས་གཞི་ལེགས་པར་གྲུབ་ཡོད་པ་དང་། བརྟན་བཞུགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའང་ཕེབས་ཡོད་པ་བཅས།