ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་བ། 


མདུན་ངོས། / ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་བ། 


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩  ཚེས་ ༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་གསུང་ཆོས་ཉིན་གཉིས་པར་བྱང་ཆུབ་སེམས་འགྲེལ་གྱི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཚོས་སྤོས་སྣེས་མདུན་བསུ་དང་། དད་ལྡན་ཆོས་ཞུ་བ་ཚོས་དམིགས་བརྩེ་མ་འདོན་དབྱངས་སུ་གྱེར་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་དུ་དད་ལྡན་རྒན་དར་གཞོན་གསུམ་ཁག་ཅིག་ལ་ཕྱག་དབང་དང་དགྱེས་འཛུམ་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ཐའེ་ཡི་དགེ་འདུན་པ་ཚོས་པ་ལའི་སྐད་ཐོག་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་འདོན་གནང་། དེ་ནས་ཝི་དི་ནམ་གྱི་དགེ་འདུན་པ་དང་བཙུན་མ་ཚོས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་མཇལ་ཁ་ཞུས་གྲུབ་མཚམས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུངས་འདོན་གནང་རྗེས་བཀའ་སློབ་སྩལ་དོན། 

ཁ་སང་སྤྱི་བཤད་བྱས་པ་རེད། དེ་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཐོག་ནས་བཤད་པ་གང་འགྲོ་འགྲོ་ཞིག་དང་།  ཆོས་འབྲེལ་བྱེད་སྐབས་བླ་མ་ཡིན་ཞེས་ཁྲི་མཐོན་པོའི་སྟེང་བསྡད་ནས་མར་བྱིན་རླབས་ཆེ་མདོག་བྱེད་པ་དེ་སྐབས་རེར་དགོས་པ་དང་ཕན་ཐོགས་ཡོད་ཀྱང་། སྤྱི་ཡོངས་ནས་ངོས་ཀྱིས་ནང་ཆོས་འགྲེལ་བཤད་རྒྱག་དུས་སློབ་སྦྱོང་རང་ངམ་འཛིན་གྲྭ་འཚོགས་པའི་འདུ་ཤེས་བཞག་ནས་བྱེད་ཀྱི་ཡོད། དེར་བརྟེན། དེ་རིང་དང་པོ་བྱང་ཆུབ་སེམས་འགྲེལ་བཤད་རྒྱུ་དང་། དེ་རྗེས་དྲི་བ་དྲིས་ལན་བྱས་ན་བསམ་བྱུང་། སྐད་བསྒྱུར་མང་པོ་ཡོད་པས་སྐད་ཀྱི་དཀའ་ངལ་ཡོད་པ་མ་རེད། ཁྱོད་རང་ཚོས་དྲི་བ་དྲིས་ནས་སློབ་སྦྱོང་ཆེད་འཛིན་གྲྭ་འཚོགས་པ་ལྟ་བུ་བྱུང་ན་ཡག་པོ་མེད་དམ་བསམ་བྱུང་། དེ་ལྟར་ཡིན།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་རྩ་བ་ནི་གསང་འདུས་རྩ་རྒྱུད་ཀྱི་ཚིག དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། ཞེས་སོགས་ཤོ་ལོ་ཀ་གཅིག་ལྷག་ཙམ་ཡོད་པའི་དོན་འགྲེལ་བཤད་སྐྱོན་གྱི་ཡོད། གསང་བ་འདུས་པའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ཉམས་ཞིབ་ཏན་ཏན་གནང་ཡོད་པ་རེད།  ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་བསྐྱེད་རིམ་སྐོར་ལ་མདོར་བྱས་དང་། དེ་རྩ་རྒྱུད་ཀྱི་ཁུངས་དང་སྦྱར་ནས་གསུངས་པ་མདོ་བསྲེས། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོའི་གྲས་སློབ་དཔོན་ཀླུ་བྱང་གི་ཡིན་པ་ཡོད་རྣམ་གཞག་རིམ་པའི་རྣམ་བཤད་ཅེས་བྱ་བ་སྐུ་གསུམ་ལམ་འཁྱེར་གྱི་གནད་རྣམས་ཧ་ཅང་ཡག་པོ་གསུངས་འདུག  གསང་བ་འདུས་པའི་རྫོགས་རིམ་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་རིམ་ལྔ་མཛད་ཡོད་པ་རེད། རིམ་ལྔའི་དོན་འགྲེལ་སློབ་དཔོན་འཕགས་པ་ལྷས་གཅེས་བསྡུས་མཛད་ཡོད། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་དཔལ་ལྡན་ཟླ་བ་གྲགས་པས་འགྲེལ་བ་སྒྲོན་གསལ་མཛད་ནས་ཀླུ་སྒྲུབ་ཡབ་སྲས་ཀྱིས་གསང་བ་འདུས་པའི་སྐོར་ལ་དམིགས་བསལ་གྱིས་ལེགས་བཤད་མང་པོ་བཞག་གནང་འདུག  དེ་དག་སྤྱིར་གསང་སྔགས་དང་དེའི་ནང་ཚན་དུ་གསང་སྔགས་བླ་མེད་ཀྱི་ལམ་གྱི་འགྲོ་སྟངས་སྐོར་ལ་ལེགས་བཤད་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  དེར་བརྟེན། གསང་བ་འདུས་པ་ལ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཐུན་མོང་མ་ཡིན་པ་ཞིག་གནང་འདུག ངོས་ཀྱིས་བྱང་ཆུབ་སེམས་འགྲེལ་གྱི་ལུང་ནི་ཁྲི་ཟུར་རི་རྫོང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་རེད། ཅེས་དང་།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཡིག་ཡོད་པས་མཁན་ཆེན་ཞི་བ་འཚོས་ཁྱོད་ཚོར་རང་གི་ཡི་གེ་ཡོད་པས་ནང་ཆོས་ལེགས་སྦྱར་ནས་བསླབ་མ་དགོས་པར་བོད་ཡིག་ནང་དུ་སྒྱུར་ཅེས་བསམ་ཡས་ལ་སྒྲ་བསྒྱུར་ལོ་པཎ་གླིང་ཞེས་བསྒྱུར་སའི་རྟེན་གཞི་ཞིག་བཟོས་འདུག བོད་ཡིག་ནང་དུ་བསྒྱུར་ནས་བོད་སྐད་རང་གི་ཐོག་ནས་སློབ་གཉེར་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད་ཅེས་བཀའ་སློབ་གནང་བ་རེད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གཙོ་བོར་གྱུར་པའི་འབྲེལ་ཡོད་ཀྱི་སློབ་དཔོན་ཚང་མས་ཐུགས་འཁུར་བསྐྱེད་ནས། ཁ་སང་སྐད་ཆ་བྱུང་བ་ལྟར། བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཅིག་བོད་ཡིག་ནང་དུ་ཡོད་པ་རེད། དེར་བརྟེན། གཞུང་ཆེན་དག་བོད་ཡིག་ནང་དུ་ཡོད་པ་ནི་མཁན་ཆེན་ཞི་བ་འཚོས་བཀའ་སློབ་གནང་བའི་བཀའ་དྲིན་རེད། 

དེ་བཞིན་བོད་ཀྱི་མེས་པོ་ཚོས་ཀྱང་བསམ་པ་རྣམ་དག་གིས་མདོ་རྒྱུད་བསྟན་བཅོས་སོགས་གཞུང་མང་པོ་བོད་ཡིག་ནང་དུ་བསྒྱུར་བ་ཙམ་དུ་མ་ཟད། དེ་དག་གི་དགོངས་འགྲེལ་བོད་རང་གིས་བརྩམས་པ་ཧ་ཅང་མང་པོ་ཡོད། དུས་ད་ལྟའི་བར་དུ་བོད་ཀྱི་མེས་པོ་ཚོ་ནས་མི་རབས་ནས་མི་རབས་ལ་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་འདི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད། དེ་སྔ་ང་ཚོ་བོད་དུ་ཡོད་སྐབས་ཕྱི་ལོགས་ལ་འབྲེལ་བ་ཉུང་ཉུང་རེད། བཙན་བྱོལ་བ་ཆགས་ནས་འབྲེལ་བ་རྒྱ་ཆེན་པོ་བྱེད་ཐུབ་པ་ཞིག་བྱུང་བ་རེད། དེ་སྔ་བོད་གངས་ཅན་གྱི་ཡི་གེའི་ནང་དུ་ཡོད་པའི་གཞུང་མང་པོ་དེང་སང་རྒྱ་ཡིག་དང་། ཨིན་ཡིག ཧྥ་རན་སིའི་ཡི་གེ འཇར་མན་ཡི་གེ ར་ཤཱི་ཡའི་ཡི་གེ སོག་ཡིག ཀོ་རུ་ཡའི་ཡི་གེ་སོགས་སྐད་ཡིག་མང་པོའི་ནང་རིམ་བཞིན་ཐོན་ཡོང་གི་འདུག 

མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་ནས་ང་ཚོའི་མེས་པོ་ཚོས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་ཆ་ཚང་བ་ཞིག་ཉར་ཡོད་པ་འདི།  སྤྱི་ཡོངས་ནས་བཤད་ན་དེང་སང་ཕལ་ཆེར་སྤྱི་ནོར་ལྟ་བུ་ཆགས་ཀྱི་ཡོད། བྱེ་བྲག་ཏུ་ནང་པའི་ཡུལ་གྲུ་ཁག་ཚང་མ་སྟོན་པ་གཅིག་གི་རྗེས་འབྲང་རེད། སྟོན་པའི་བསྟན་པ་ལ་རྟོགས་པའི་བསྟན་པ་ནི། གཙོ་བོ་གཞི་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་ལྷག་མཐོང་བཅས་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་པ་དེ་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞིའི་འགྲོ་སྟངས་རེད། ཐའེ་ལན་གྱི་དགེ་སློང་རྣམ་པ་ཚོར་ཆ་བཞག་ན་སྡེ་སྣོད་གསུམ་མམ་བསླབ་པ་གསུམ་གྱི་ཉམས་བཞེས་མ་ཚང་བ་མེད་པ་ཧ་ཅང་ཡག་པོ་རེད། 

དེ་ནས་ནཱ་ལེནྡྲ་ནས་བརྒྱུད་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཚད་མ་རིག་པ་གཙོ་བོ་བྱས་ཏེ་འགྲོ་བ་ཞིག་ཆགས་ཡོད། ཐང་ཟིན་བླ་མས་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱ་ནང་ལ་སྤེལ་བ་རེད། ཡིན་ནའང་། རྒྱ་ནག་ཏུ་ཚད་མའི་གཞུང་ལ་དེ་ཙམ་ཐུགས་སྣང་གནང་མེད་པ་ལྟ་བུ་འདུག བོད་གངས་ཅན་ལ་ཚད་མའི་གཞུང་ལ་སློབ་སྦྱོང་དོ་སྣང་ཤུགས་ཆེན་པོ་གནང་ནས་རིམ་བཞིན་བསྟན་པ་ཕྱི་དར་སྐབས་སུ་ས་པཎ་གྱིས་ཚད་མ་རིག་གཏེར་མཛད། ས་སྐྱ་པའི་ཆོས་བརྒྱུད་འཛིན་མཁན་ནང་དུ་གཞུང་ཆེན་སློབ་སྦྱོང་བྱེད་པ་དར་སྲོལ་ཆེན་པོ་འདུག དེ་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དབུས་ལ་ཕེབས་ནས། དབུས་ཁུལ་དུ་ཡོད་པའི་ཆོས་སྡེ་གཙོ་ཆེ་བ་ཚང་མར་གྲྭ་སྐོར་དང་། སློབ་གཉེར་གནང་ནས་སོ་སོའི་བསྟན་པའི་རང་རྐང་ཚུགས་པའི་རི་བོ་དགེ་ལྡན་པ་ཞེས་གཞུང་ཆེན་སློབ་གཉེར་དར་སྲོལ་ཆེ་ཤོས་རེད། བོད་དབུས་ཁུལ་དང་མདོ་སྟོད་སྨད་ས་ཁུལ་མང་པོ་ཞིག་སེ་འབྲས་ཚོའི་འབྲེལ་ཡོད་ཆགས་ནས་སློབ་གཉེར་བཟང་ཤོས་རེད།  ཡུན་ཧ་ཅང་རིང་པོར་ལྟ་བཞིན་ཡོད་པ་རེད། བོད་ལ་དེ་སྔ་དགེ་བཤེས་ཚད་ལྡན་ཞིག་འཇོག་པ་ལ་ལོ་ཉི་ཤུ་སུམ་ཅུར་སློབ་སྦྱོང་བྱེད་དགོས་པ་རེད། གང་ལྟར་གཞུང་ཆེན་ལ་བལྟ་རྒྱུ་བོད་ལ་ཧ་ཅང་དར་སྲོལ་ཆེན་པོ་རེད།

རྒྱ་གར་གྱི་མདོ་བསྟན་བཅོས་མང་པོ་བོད་ལ་བསྒྱུར་བའི་སྐབས་སུ་བསྟན་བཅོས་ཁུངས་བཙུན་པའི་ཆེད་དུ་མགོ་དེར་རྒྱ་གར་སྐད་དུ་ཞེས་བརྗོད་ཀྱི་ཡོད། བཀའ་འགྱུར་ནང་དུ་རྒྱ་ཡིག་ནས་ཚུར་བསྒྱུར་བ་ལ་རྒྱ་ནག་སྐད་དུ་ཞེས་པ་ཁ་ཤས་ཤིག་ཡོད། མང་ཆེ་བ་ལེགས་སྦྱར་ནས་བསྒྱུར་བ་རེད། མགོ་དེར་རྒྱ་གར་སྐད་སྨྲོས་པ་དེ་ལྟར་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བ་ར་ཎ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཞེས་བྱ་བ། ཞེས་པ་ནས་དབུ་བཙུགས་ཏེ་བྱང་ཆུབ་སེམས་ཀྱི་སྐོར་ནས་བརྩམས་ཏེ། 

སྟོང་ཉིད་རང་བཞིན་དུ་བརྗོད་པ།། 
འགའ་ཞིག་ཆད་པར་སྨྲ་བ་མིན།། 
དེས་ནི་རྟག་པ་ཉིད་དུ་ཡང་།། 
འགའ་ཞིག་སྨྲ་བ་མ་ཡིན་ནོ།། 

ཞེས་པའི་བར་བཤད་ལུང་རྒྱས་པར་སྩལ་རྗེས་དྲི་བ་དྲིས་ལན་དབུ་འཛུགས་ཀྱིས་དྲི་བ་ཁག་ལ་བཀའ་ལན་སྩལ་བ་དང་། ཆུ་ཚོད་༡༠།༤༠ ཙམ་ལ་ཉིན་གཉིས་པའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།  ཞེས་བསྔོ་བ་མཛད་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།