གཞན་ལ་ཕན་པ་བསྒྲུབས་ན་དེའི་ཚོད་ཀྱིས་རང་དོན་ཞར་ལ་འགྲུབ།

མདུན་ངོས། / གཞན་ལ་ཕན་པ་བསྒྲུབས་ན་དེའི་ཚོད་ཀྱིས་རང་དོན་ཞར་ལ་འགྲུབ།

འཇིག་རྟེན་གྱི་མཐོང་ཆོས་སུ་ཡང་ཇི་ཙམ་གྱིས་སྤྱི་སེམས་བཅངས་ཏེ།  གཞན་ལ་ཕན་པ་བསྒྲུབས་ན་དེའི་ཚོད་ཀྱིས་རང་དོན་ཞར་ལ་འགྲུབ་ནུས་པ་ཞིག་ཡོང་ལ། མི་གཞན་ཀུན་གྱིས་ཀྱང་རང་ལ་ཡིད་ཆེས་བློས་འགེལ་བྱས་ཏེ་སེམས་ཐག་ཉེ་པོ་དང་གྲོགས་པོར་འགྱུར་ནུས། དེ་འདྲ་ཞིག་བྱུང་ན་གཡས་ལ་བལྟས་ཀྱང་གྲོགས་པོ། གཡོན་ལ་བལྟས་ཀྱང་གྲོགས་པོ། མདུན་ལ་བལྟས་ཀྱང་གྲོགས་པོས་ཁེངས་པ་ཞིག་ཡོང་ནུས་པས་ཤིན་ཏུ་ལེགས་པ་ཡིན། མིའི་སྤྱི་ཚོགས་འདི་ཕན་ཚུན་འདུས་པའི་རང་བཞིན་གྱི་སྤྱི་ཚོགས་ཤིག་ཡིན་པས་གཡས་གཡོན་ཀུན་ནས་ཡིད་བརྟན་འཕེར་བའི་གྲོགས་པོ་གྲོགས་མཆེད་ཀྱིས་བསྐོར་ཏེ་གནས་ཐུབ་པ་ཞིག་བྱུང་ན་སེམས་སྐྱིད་པོ་ཡོང་ལ། དཀའ་ངལ་འཕྲད་པའི་དུས་སུ་ཡང་དཀའ་ངལ་བཤད་ས་ཡོད་པ། བཀྲ་ཤིས་པ་བྱུང་ཡང་བཀྲ་ཤིས་པའི་བདེ་སྐྱིད་དེ་བགོ་བཤའ་བརྒྱག་རྒྱུ་ཡོད་པ་ཧ་ཅང་སྐྱིད། དེ་ལྟ་མིན་པར་ང་དང་ང་ཞེས་རང་གཅིག་པུའི་དོན་བསམས་ཏེ་གཞན་བདེ་ཁྱད་དུ་གསོད་པའི་རང་གཅེས་འཛིན་ངན་པ་ཞིག་གི་གཞན་དབང་དུ་སོང་ནས་བསྡད་ན་མཐར་གྲོགས་མེད་གཅིག་པུར་ལྷག་སྟེ་གནས་དགོས་པ་ཡོང་།  

དེ་ཡང་། གཞན་ལ་བརྩེ་བ་མེད་པར་མགོ་སྐོར་གཏོང་བ་དང་ལག་རྩེད་ལྟ་བུ་རྩེས་ན་ཁྱི་དང་ཞི་མི་ལ་སོགས་པ་དུད་འགྲོས་ཀྱང་ཤེས་ཏེ་མི་དགའ་བ་བྱེད་ན་མིས་དེ་བས་ཀྱང་ཤེས་ངེས། ཕྱིའི་རྣམ་འགྱུར་འདྲ་ཆགས་པོ་ཇི་འདྲ་ཞིག་བསྟན་ཡང་ནང་སེམས་ཀྱི་ཐོག་ནས་གཞན་ལ་བསམ་བློ་དེ་ཙམ་མི་གཏོང་མཁན་ཞིག་ཡིན་ན་མི་གཞན་གྱིས་ཀྱང་དེ་ལ་དཔག་པའི་རྣམ་འགྱུར་ཞིག་སྟོན་པ་ལས་ཆ་འཇོག་བྱེད་པ་མི་འོང་། དེའི་འབྲས་བུར་གཡས་གཡོན་མདུན་རྒྱབ་གང་ལ་བལྟས་ཀྱང་དོགས་པ་དང་ཟོན་བྱེད་དགོས་པ་ཡོང་ལ། དེ་ལྟར་བྱུང་ཚེ་མཐར་ཐུག་གྲོགས་མེད་གཅིག་པུར་ལྷག་སྟེ་གནས་དགོས་པ་འབྱུང་ཞིང་། དེ་ལ་བརྟེན་ནས་སེམས་གཅོང་གི་ནད་ Depression ཀྱིས་མནར་དགོས་པ་ཡོང་བ་ཡིན། 

བསམ་པ་རྣམ་དག་དང་དྲང་པོ་དྲང་གཞག་བྱས་ཚེ་ཀུན་ལ་མཛའ་ཞིང་ཀུན་དང་འཆམ་པ། ཀུན་གྱི་གྲོགས་སུ་གྱུར་པ་ཞིག་ཡོང་ལ། དེ་ལྟར་བྱུང་ཚེ་གཞན་ལ་དོགས་ཟོན་བྱེད་དགོས་པ་གང་ཡང་མེད་པས་སེམས་ཞི་ཞིང་ལྷོད་པ་སྐྱིད་པོའི་ངང་གནས་ཐུབ་པ་ཞིག་ཡོང་བ་ཡིན། ཁ་བཤད་ལག་ལེན་མི་མཚུངས་པ་ཞིག་བྱས་ཚེ་སྐྱིད་པོ་གང་ཡང་མེད། དེས་ན། གཞན་ལ་ཕན་པ་སྒྲུབ་པའི་བསམ་པ་བཅངས་ཏེ་མི་ཚེ་བཟང་པོ་སྐྱེལ་ནུས་པ་ཞིག་བྱུང་ན་རང་གི་བདེ་སྐྱིད་ཞར་ལ་འགྲུབ་ནུས་པ་དང་ཚེ་རབས་ཕྱི་མ་རྣམས་སུ་ཡང་ཕན་བདེ་འབྱུང་ངེས་པ་ཡིན། རང་གཅིག་པུའི་དོན་བསམས་ཏེ་གནས་པས་ཚེ་འདི་ལ་མི་སྐྱིད་པ་ཙམ་དུ་མ་ཟད་ཚེ་རབས་ཕྱི་མ་རྣམས་སུ་ཡང་ཕན་རྒྱུ་ཤིན་ཏུ་དཀའ། 

(ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༩ ནས་ཚེས་ ༡༣ བར་ཉིན་གྲངས་ལྔའི་རིང་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་གསར་པར་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་གནང་སྐབས་ཀྱི་བཀའ་ཁྲིད་ལས་བཏུས།)