ལས་ངན་གསོག་མཁན་དང་ལས་ངན་གཉིས་ལ་དབྱེ་བ་འབྱེད་དགོས། 

མདུན་ངོས། / ལས་ངན་གསོག་མཁན་དང་ལས་ངན་གཉིས་ལ་དབྱེ་བ་འབྱེད་དགོས། 

དུས་དེ་རིང་ནས་བཟུང་སྟེ། འགྲོ་འཆག་ཉལ་འདུག་དང་། རྐྱེན་བཟང་ངན། ཡུལ་མཐའ་དབུས་སོགས་གང་གི་སྐབས་སུ་ཡང་སེམས་བཟང་པོ་དང་མི་འབྲལ་བར་བྱེད་དགོས་པ་ཡིན། ཡུད་ཙམ་ཡུད་ཙམ་རླུང་ལང་བ་དང་རྒྱག་རེས་རྒྱག་པའི་སྐབས་ཡོང་ཡང་བསམ་ངན་བཅངས་ཏེ།  གཞན་ལ་ལྟད་མོ་ལྟོས་ཨ་སྙམ་པ་ལྟ་བུའི་སྒོ་ནས་གཞན་ལ་བརྩེ་བ་བོར་བ་གཏན་ནས་མི་འགྲིག །ཐ་ན་ཞིང་བཅུ་ཚང་བའི་དགྲ་བོར་མཚོན་ནའང་ཞེ་ཐག་པ་ནས་བརྩེ་བ་བོར་བ་ནམ་ཡང་མི་རུང་བ་ཡིན། གཞན་ལ་ཞེ་ཐག་པ་ནས་སེམས་ངན་འཆང་བ་དེས་རང་མི་སྐྱིད་པར་བྱེད་པ་ལས་གཞན་གྱི་ཕན་ཡོན་གང་ཡང་མེད། 

ལས་ངན་གསོག་མཁན་དང་དེའི་བྱ་བ་གཉིས་ལ་དབྱེ་བ་ཕྱེས་ཏེ།  ལས་ངན་དང་ནོར་འཁྲུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་དགག་པ་བརྒྱག་དགོས་ཀྱང་། ལས་ངན་གསོག་མཁན་གྱི་གང་ཟག་ལ་སྙིང་རྗེ་བསྒོམ་དགོས། དཔེར་ན། ཞིང་བཅུ་ཚང་བའི་དགྲ་བོ་ལྟ་བུར་མཚོན་ནའང་བསྟན་པ་ལ་གནོད་པ་ལ་སོགས་པའི་ལས་ངན་ལ་ངོ་རྒོལ་བྱས་ཏེ་དགག་པ་བརྒྱག་དགོས་ཀྱང་། བྱེད་པ་པོ་གང་ཟག་དེ་ཉིད་སྙིང་རྗེའི་ཡུལ་ལས་ནམ་ཡང་མི་འདོར་བར་བརྩེ་བའི་བསམ་པ་བཅང་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན། 

ཡེ་ཤུའི་ཆོས་ནས་ཀྱང་སྡིག་པ་ Sin དང་སྡིག་པ་གསོག་མཁན་ Sinner གཉིས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད། འདི་གོང་དུ་བཤད་པ་དང་གཅིག་མཚུངས་ཡིན། ནོར་འཁྲུལ་བྱེད་མཁན་གྱི་གང་ཟག་ལ་སྡང་བའི་སེམས་དང་གནོད་པའི་སེམས། མི་དགའ་བའི་བསམ་པ་འཆང་མི་རུང་བར་གང་ཟག་དེས།  ལས་ངན་དེ་རྨོངས་པའི་གཞན་དབང་དུ་སོང་བའི་སྒོ་ནས་ནོར་འཁྲུལ་གྱི་བྱ་བ་བསྒྲུབས་པར་སྙིང་རྗེ་དང་བརྩེ་བ་བཅངས་ཏེ་སྨོན་ལམ་བརྒྱག་དགོས། འོན་ཀྱང་ནོར་འཁྲུལ་གྱི་བྱ་བ་དེར་དགག་པ་བརྒྱག་དགོས་པ་ཡིན། 

(ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༩ ནས་ཚེས་ ༡༣ བར་ཉིན་གྲངས་ལྔའི་རིང་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་གསར་པར་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་གནང་སྐབས་ཀྱི་བཀའ་ཁྲིད་ལས་བཏུས།)