འཚེ་བ་མེད་པའི་གོ་དོན།

མདུན་ངོས། / འཚེ་བ་མེད་པའི་གོ་དོན།

སངས་རྒྱས་པའི་ཆོས་ཚུལ་གྱི་བསླབ་བྱའི་སྙིང་པོ་འཚེ་བ་མེད་པ་དེ་རེད། འཚེ་བ་མེད་པ་ཞེས་པ་འཚེ་བ་མི་བྱེད་པ་ཙམ་དང་། འཚེ་བ་མེད་པ་ཙམ་ལ་འཚེ་བ་མེད་པ་ཟེར་བ་མིན་སྙམ། འཚེ་བ་བྱས་ན་མི་རུང་བ་དང་། བརྩེ་བར་རིགས་པ་དང་། སྡང་བ་བྱེད་མི་རིགས་པ་སོགས་ཀྱི་རྒྱུ་མཚན་མཐོང་བ་དང་། རྒྱུ་མཚན་དེའི་ཐོག་ནས་ཀུན་སློང་གི་ཁྱད་པར་དང་འབྲེལ་ནས་ཤེས་བཞིན་དུ་འཚེ་བ་མི་བྱེད་པ་ལ་འཚེ་བ་མེད་པ་ཞེས་བརྗོད་པ་རེད། དེས་ན་འཚེ་བ་མེད་པའི་སྤྱོད་པ་ཞེས་པ་ནི་རྩ་བ་བྱམས་བརྩེ་དང་འབྲེལ་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། དེ་ལྟ་བུའི་ཆོས་ཀྱི་བསླབ་བྱ་དེ་འཛམ་གླིང་འདིའི་ནང་གི་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མི་སྨོས་ཅི། སྲོག་ཆགས་དུད་འགྲོ་ཚུན་ཆད་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་ཡོད། མདོར་ན། སྤྱོད་པ་འཚེ་བ་མེད་པ་དེ་འཛམ་བུའི་གླིང་འདིའི་དངོས་ཡོད་གནས་ཚུལ་ལ་དགོས་མཁོ་ཡོད་པ་ཞིག་ཡིན། སྤྱོད་པ་འཚེ་བ་མེད་པ་བྱེད་དགོས་པ་དེ་ལྟ་བ་རྟེན་འབྱུང་ལ་ཐུག་ཡོད། རང་གི་བདེ་སྡུག་རང་ཁོ་ནའི་སྟེང་ནས་སྒྲུབ་ཐུབ་པ་ཞིག་དང་རང་དབང་གི་སྒོ་ནས་སྒྲུབ་ཐུབ་པ་ཞིག་ཡིན་ན་གཞན་ལ་ལྟོས་དགོས་པ་མེད་ཀྱང་དེ་ལྟར་མིན། འཛམ་གླིང་སྟེང་གི་ཡུལ་ཚོ་ཡིན་ན་སྨོས་ཅི་དགོས་ཏེ། སྒེར་སོ་སོ་ཡིན་ནའང་རང་གི་མ་འོངས་པའི་བདེ་སྡུག་གཞན་ལ་ལྟོས་ཚབས་ཆེན་པོ་ཡིན་པ་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད། བློ་སྦྱོང་རྣམས་ལས་རང་གཅེས་པར་འཛིན་པ་ཉེས་པ་ཀུན་གྱི་གཞི་དང་། གཞན་གཅེས་པར་འཛིན་པ་བདེ་སྐྱིད་ཀུན་གྱི་རྩ་བ་ཡིན་པར་གསུངས་པ་དེ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། རང་ཉིད་བདེ་བར་འདོད་ན་དེའི་ཐབས་སུ་གཞན་ལ་ཕན་འདོགས་དགོས་པ་གསལ་པོ་རེད། གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོང་བ་དང་། གཞན་ལ་ཕན་བཏགས་ན་རང་ལ་བདེ་སྐྱིད་ཡོང་བས། འཚེ་བ་བྱེད་མི་རུང་བ་གསལ་པོ་ཆགས་པ་རེད།

དེས་ན་རྟེན་འབྱུང་གི་ལྟ་བ་དེ་དངོས་ཡོད་གནས་ཚུལ་རླབས་ཆེན་པོ་དང་མཐོང་ཆོས་ལ་ར་འཕྲོད་རྒྱུ་ཡོད། ད་དུང་ཟབ་ཏུ་བཏང་ནས་ལྟོས་ནས་གྲུབ་པ་དང་། བརྟེན་ནས་བཏགས་པ་ཞེས་བརྗོད་ཚེ་དེང་སང་ཚན་རིག་གི་སྡེ་ཚན་གལ་ཆེ་བ་(physics) ཡི་ནང་དུ་དངོས་པོའི་རྣམ་གཞག་ཕྲ་མོ་བཤད་ཡོད་པ་དང་དེའི་ཆེད་ལས་པ་རེ་ཟུང་གིས་ཚན་རིག་པའི་དངོས་པོའི་གནས་ཚུལ་གཏན་ལ་ཕབ་པའི་ལྟ་བ་ཕྲ་མོའི་ཐོག་ནས་བཤད་ན་དངོས་ཡོད་བདེན་པ་ཞིག་མེད་པར་གཙོ་བོ་སེམས་ཀྱིས་བཏགས་པ་དང་། ལྟོས་པའི་སྒོ་ནས་ཡོད་ཙམ་གྱི་ངོ་བོ་ཞིག་ཏུ་འཇོག་པ་ལས་བདེན་པའི་ངོ་བོ་ཞིག་འཇོག་རྒྱུ་ཡོད་པ་མ་རེེད་ཅེས་བཤད་འདུག །བརྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པ་ཁོང་ཚོས་བཤད་མི་ཤེས་པའམ་མི་བཤད་ཀྱང་བཏགས་དོན་བཙལ་ནས་རང་ཚུགས་ཐུབ་པའི་ངོ་བོ་རྙེད་རྒྱུ་མེད་པ་བཤད་ཡོང་གིན་འདུག །

ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༣༡ ནས་སེ་རར་གནང་བའི་དབུ་མ་དགོངས་པ་རབ་གསལ་གྱི་བཀའ་ཁྲིད་ལས་བཏུས།