གཞན་དབང་དུ་བསྡུ་རྒྱུའི་བསམ་བློ་གང་ཡང་གཏོང་གི་མེད།

མདུན་ངོས། / གཞན་དབང་དུ་བསྡུ་རྒྱུའི་བསམ་བློ་གང་ཡང་གཏོང་གི་མེད།

སྟོང་ཉིད་ཀྱི་ལྟ་བའམ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཕྲ་མོའི་སྐོར་གསུངས་པའི་ཚེ་སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པའི་ཐུགས་ལ་ཡང་ཅུང་ཟད་མི་ཤོང་བ་བྱུང་ཡོད་པས་རྩོད་པའི་གཞིར་གྱུར་པའི་སྐབས་དང་བཅས་ཤིང་། ལྷག་པར་ཡོངས་གྲགས་ཐོགས་མེད་སྐུ་མཆེད་ལ་སོགས་པའི་ཐུགས་ལ་མི་ཤོང་བའི་ཚུལ་མཛད་ཡོད། སྤྱིར་ཐོགས་མེད་ཀྱིས་སེམས་ཙམ་པའི་ལུགས་གསུངས་པ་གསུང་བ་པོའི་དགོངས་པ་མིན་པར་གདུལ་བྱའི་ངོ་དང་བསྟུན་པ་ཡིན་གསུངས་མོད། གང་ལྟར་ལྟ་བའི་སྐོར་མཐུན་མི་མཐུན་གྱི་སྐབས་ཡོད་ཅིང་རྩོད་པའི་གཞི་དང་བཅས་པ་ཡིན། འོན་ཀྱང་རང་ལས་གཞན་གཅེས་པར་འཛིན་པའི་བློ་ལ་རྩོད་པའི་གཞི་གང་ཡང་མེད། ཀླད་པ་དེ་ཙམ་མེད་པའི་འབུ་སྲིན་གྱི་རིགས་རྣམས་མི་ཤེས་མོད། དེ་མིན་ཐ་ན་གང་ཡང་མི་ཤེས་ཤིང་གླེན་ཞིང་གཏི་མུག་པ། སྐྱབས་མེད་མགོན་མེད། དཔུང་གཉེན་དང་བྲལ་བའི་ཁྱི་དང་བོང་བུ། བྱ་དང་རི་དྭགས། འབུ་སྲིན་ལ་སོགས་པའི་དུད་འགྲོ་ཚུན་ཚད་ཀྱིས་ཀྱང་ཕན་པའི་སེམས་ལ་དགའ་མོས་བྱེད་ཀྱི་ཡོད། དབང་སྡུད་དབང་སྡུད་ཅེས་པ་ཡང་འདི་འདྲ་ཞིག་ལ་བསམ་བློ་གཏོང་དགོས་པ་ཡིན། རང་རྒྱུད་ལ་ཞེ་སྡང་གི་མེ་འབར། ཐེ་ཚོམ་དང་རེ་དོགས་ལུ་གུ་རྒྱུད་དུ་བཅིངས་ཏེ་དབང་སྡུད་ཀྱི་ལྷ་བསྒྲུབས་ནས་སྲིད་གསུམ་དབང་དུ་བསྡུ་རྒྱུ་ཡིན་ཟེར་བ་ཡོང་རྒྱུ་མེད་པ་ཞིག་ཡིན། ཐོག་མར་རང་གི་སེམས་དབང་དུ་བསྡུས་ན་དབང་སྡུད་ཞར་ལ་ཡོང་ཐུབ། 

ལོ་ཧ་ཅང་མང་པོའི་སྔོན་ངོས་ཀྱིས་ཀུ་རུ་ཀུལླེའི་བསྙེན་པ་ཞིག་བཏང་སྟེ་སྔགས་གང་འཚམ་བསགས་པ་ཡིན། སྐབས་དེར་ཡོངས་འཛིན་རིན་པོ་ཆེ་ཀ་ལི་ཀ་ཏའམ་རྡོ་རྗེ་གདན་གང་རུང་ཞིག་ཏུ་བཞུགས་ཡོད་པར་ངོས་ཀྱིས་ཀུ་རུ་ཀུལླེའི་བསྙེན་པ་ཞིག་གཏོང་གི་ཡོད། གཞན་དབང་དུ་བསྡུ་རྒྱུའི་བསམ་བློ་གང་ཡང་གཏོང་གི་མེད། ངོས་རང་གི་སེམས་དབང་དུ་བསྡུ་རྒྱུའི་སྐྱབས་འཇུག་གནང་རོགས་ཞེས་ཕྱག་བྲིས་ཕུལ་བ་ཞིག་དྲན་གྱི་འདུག །རང་སེམས་དབང་དུ་བསྡུ་རྒྱུ་གལ་ཆེན་པོ་རེད། 

(ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༩ ནས་ཚེས་ ༡༣ བར་ཉིན་གྲངས་ལྔའི་རིང་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་གསར་པར་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་གནང་སྐབས་ཀྱི་བཀའ་ཁྲིད་ལས་བཏུས།)