༸གོང་ས་མཆོག་གི་སྐུའི་སྙུང་གཞི་སེང་དྲག་བྱུང་ནས་བཞུགས་སྒར་དུ་༸ཞབས་སོར་བདེ་བོར་བཀོད་པ། 

མདུན་ངོས། / ༸གོང་ས་མཆོག་གི་སྐུའི་སྙུང་གཞི་སེང་དྲག་བྱུང་ནས་བཞུགས་སྒར་དུ་༸ཞབས་སོར་བདེ་བོར་བཀོད་པ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༦ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་ས་གནས་བོད་མིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ལྡི་ལི་གསར་པའི་རོ་ཧི་ནི་ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་སྡོད་ཁང་དུ་ལྡི་ལི་ཁུལ་དུ་སློབ་གྲྭ་ཆེ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གིས་གཙོས་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་དང་། དེ་རྗེས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་སར་༸ཞབས་སོར་བདེ་བར་བཀོད་ཡོད་པ་རེད། 

དེ་ཡང་ཆུ་ཚོད་༧།༠༠ ཙམ་ལ་ལྡི་ལི་བོད་ཁྱིམ་གྱི་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་སྟེགས་སུ་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། ད་རེས་དགའ་རབ་ན་བྱུང་ཨང་། མ་གཞི་རྡོ་རྗེ་གདན་ནས་ཏོག་ཙམ་ཆམ་ནད་ལྟ་བུ་བྱས་ཏེ་དེའི་གཞུག་མ་དྲག་པར་བསྡད་པ་འདྲ་འདུག ཁ་སང་ལྡི་ལིར་ཡོང་ནས་ཤེས་ཡོན་སྐོར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་འཚོགས་པ་སོགས་བྱས་ནས་ཏོག་ཙམ་ཐང་ཆད་བྱུང་། དེ་ནས་རྡ་རམ་ས་ལར་ཡར་ལོག་པ་རེད། ཚེས་ ༨ ཉིན་ཡར་ཕྱིན་པ་དང་དེ་དུས་བདེ་བོ་ཡོད། ཚེས་ ༩ དགོང་མོ་མ་བདེ་བ་ཤུགས་ཆེ་ཙམ་བྱས་ནས་ཞོགས་པར་ཏོག་ཙམ་འཁྱོར་ཡང་འཁྱོར་གྱི་འདུག ཧ་ཅང་མ་བདེ་བ་འདུག དེ་ནས་ལམ་སེང་ཐག་བཅད་ནས་མར་ལྡི་ལིར་ཡོང་བ་རེད། དེ་ཡང་ MAX སྨན་ཁང་ལ་སྔོན་མ་ནས་དུས་དང་དུས་ལ་བརྟག་དཔྱད་བྱས་ཏེ་ཨེམ་རྗེ་ཚོ་ཡང་ངོ་ཤེས་ཆགས། གྲོགས་པོ་རྙིང་པ་ལྟ་བུ་རེད། དེར་བརྟེན། ཁོ་ཚོས་བརྟག་དཔྱད་བྱས་ཏེ་གློ་ལ་ཏོག་ཙམ་ན་ཚའི་གཞི་ལྟ་བུ་ཞིག་འདུག་ཟེར། དེ་ནས་མཁལ་མ། ཁོ་ཚོས་ཞི་འཇམ་པོ་བྱས་ནས་ཅིག་བཤད་སྡོད་ཀྱི་འདུག དེ་ནས་སྨན་ཁང་རང་ནས་ཉིན་གཅིག་གཉིས་ཤིག་བསྡད། ལག་པའི་གྲུ་ཁུག་ལ་ཁབ་བཙུགས་ནས་དེ་ཧ་ཅང་སུན་པོ་བྱུང་། ཆུ་གཏོང་བའི་ཁབ་འཛུགས་རྒྱུ་དེ་ཆུ་ཚོད་ལྔའམ་དྲུག་གི་མཚམས་ལ་འཛུགས་དགོས་པ་རེད་ཟེར། དགོང་མོ་ཆུ་ཚོད་ལྔ་བར་གཅིག་དང་། ནམ་ཕྱེད་གཅིག་འདུག ཧ་ཅང་སུན་པོ་བྱུང་། ངོས་རང་གཉིད་ལ་དགའ་བོ་ཡོད་པ་རེད། དེར་བརྟེན། ནམ་ཕྱེད་ཆུ་ཚོད་ ༡༢ སྟེང་གཉིད་སྐྱིད་པོ་ཁུགས་ཡོད་པའི་དུས་ཚོད་ལ་ཡར་ལངས་ནས་ཁབ་བཙུགས་ཡོད་པའི་ཐོག་ཆུ་བཏང་ནས་སུན་པོ་བྱུང་། རྗེས་ལ་ངོས་ཀྱིས་ནམ་ཕྱེད་ལ་ཁབ་འཛུགས་མི་དགོས་པའི་རེ་འདུན་ཞིག་བཏོན་པ་ཡིན། ཨེམ་རྗེ་ཚོར་བཤད་ས་འདུག དེ་ལྟར་སྨན་ཁང་རང་ལ་ཉིན་ཁ་ཤས་བསྡད། དེ་ནས་སྨན་ཁང་ནས་ཚུར་ཐོན་ནས་སྨན་ཁང་འཁྲིས་ཀྱི་མགྲོན་ཁང་དེར་ཉིན་ཁ་ཤས་བསྡད། རྗེས་ལ་ཨེམ་རྗེས་བརྟག་དཔྱད་བྱས་ཏེ་རྡ་རམ་ས་ལར་ག་དུས་ལོག་ནའང་ལོག་ཆོག་པ་རེད་འདུག སེང་དྲག་རེད་ཟེར་གྱི་འདུག 

དེ་ནས་འདི་སྔོན་མ་ནས་རྒྱུས་ཡོད་རེད་ལ། འདིར་ཉིན་གཅིག་གཉིས་ཤིག་ལ་ང་ཚོ་གྲོགས་པོ་རྙིང་པ་ཐུག་པ་ལྟར་འདིར་ཡོང་བ་རེད། དེ་རིང་ཁྱེད་རང་ཚོ་འདིར་སློབ་གྲྭ་རང་གི་ཁོངས་དང་འདིའི་གཡས་གཡོན་ནས་ལྡི་ལི་ཁུལ་དུ་ཡོད་པའི་སློབ་ཕྲུག་སོགས་ལ་འཁྱུག་ཙམ་ཐུག་ན་བསམ་པ་ཡིན། ཐུག་པའི་དགོས་པ་དམིགས་ཡུལ་ག་རེ་རེད་ཅེ་ན། ད་ངོས་རང་ལོ་བརྒྱད་ཅུ་གྱ་གྲངས་ལ་སླེབས་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་ལ་མི་སྣ་མང་པོ་ཐུག་གི་ཡོད་པ་རེད། ལྷག་པར་དུ་ཚན་རིག་པ་མཁས་པ་ལ་ཐུག་གི་ཡོད་པ་རེད། སྔོན་མ་འདིར་ཚར་གཅིག་རི་ཆར་ཌི་སྒྲའེ་ཝེ་སམ་(Richard Davidsm) ཕེབས་ནས་སྐད་ཆ་བཤད་པ་རེད། དྲན་གྱི་འདུག་གམ། ཚན་རིག་པ་དངོས་གནས་སྙན་གྲགས་ཡོད་པ་དང་། མཁས་ཅན་དེ་ལྟ་བུ་མང་པོར་ཐུག་གི་ཡོད་པ་རེད། བར་སྐབས་མའོ་སི་ཀོ་གཙུག་ལག་སློབ་གྲྭའི་ནང་ནས་མཁས་དབང་ཞིག་གིས་གཙུག་ལག་སློབ་གྲྭ་རང་གི་ཐོག་ནས་ང་ཚོའི་སེམས་ཁམས་རིག་པ་དང་། ལྷག་དོན་མི་གྲོངས་ནས་ཐུགས་དམ་ལ་བཞུགས་ཟེར་བ་ཞིག་ཡོད་པ་རེད། མཁྱེན་སོང་ངམ། དཔེར་ན། ངོས་ཀྱི་རྒན་ལགས་ཡོངས་འཛིན་གླིང་རིན་པོ་ཆེ་དགོངས་པ་རྫོགས་ནས་ཉི་མ་བཅུ་གསུམ་ཡིན་པ་ཡོད་ཐུགས་དམ་ལ་བཞུགས་པ་རེད། ཧ་ཅང་སོས་པ་བྱས་ཏེ། རྡ་རམ་ས་ལར་ཨེམ་རྗེ་ཡོང་ནས་བརྟག་དཔྱད་བྱས་ནས་གཤེགས་ཚར་འདུག ཡིན་ནའང་། སྐུ་གཟུགས་སོས་པ་རང་བྱས་ཏེ་སྡོད་དུས་དམིགས་བསལ་རེད། དེ་ག་རང་བཞག་ན་འགྲིག་གི་རེད་ཅེས་དེ་ལྟར་བྱུང་བ་རེད། དེ་བཞིན་བོད་པའི་བླ་མ་ཞིག་ཡོད། ནེའུ་རྫི་ལན་ཌི་ལ་སྨན་ཁང་ནང་ནས་གཤེགས་པ་དང་ཐུགས་དམ་ལ་བཞུགས་པ་རེད། ཨེམ་རྗེས་སྤྱིར་བཏང་ཡིན་ན་གྲོངས་ཚར་བའི་རྗེས་ལ་ཕུང་བོ་སྨན་ཁང་ནས་བཏོན་དགོས་པ་རེད། ཡིན་ནའང་། འདི་མ་འདྲ་བ་ཞིག་རེད་འདུག ཁྱོད་རང་ཚོའི་འགྲོ་སྟངས་བྱས་ཏེ་དུས་ཡུན་ག་ཚོད་འཇོག་གི་ཡིན་ནའང་ཁྱོད་རང་ཚོའི་འདོད་པ་ཡིན་ཞེས་དམིགས་བསལ་སྤྲད་པ་རེད། དེ་ལྟ་བུའི་ཐུགས་དམ་བཞུགས་མཁན་མང་པོ་བྱུང་བསྡད་ཡོད་པ་རེད། དེར་བརྟེན། དེ་ཚོའི་གྲས་ལ་མའོ་སི་ཀོ་གཙུག་ལག་སློབ་གྲྭ་ནས་དམིགས་བསལ་གྱིས་བརྟག་དཔྱད་བྱེད་པ་དང་། བརྟག་དཔྱད་བྱེད་པའི་ཡོ་བྱད་སྟབས་བདེ་ཞིག་སྔོན་མ་ནས་རྡ་རམ་ས་ལར་ཡང་བཞག་ཡོད་པ་རེད། ཡོ་བྱད་གང་ལ་གང་འཚམ་ཞིག་བྷང་ལོར་ལ་བཞག་ནས་སེ་འབྲས་སོགས་ནས་ཐུགས་དམ་ལ་བཞུགས་མཁན་བྱུང་བ་ཡིན་ན་དམིགས་བསལ་གྱིས་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། 

འཛམ་གླིང་འདིར་ཕྱི་དངོས་པོ་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་ཀྱང་། སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གང་ཡང་ཤེས་ཀྱི་ཡོད་པ་མ་རེད། སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་གཅིག་པུ་རེད་འདུག རྒྱ་གར་ལ་སྔ་མོ་སེམས་ཁམས་རིག་པའི་སྐོར་ལ་ཧ་ལས་པའི་ཡར་རྒྱས་དང་ཕྱུག་པོ་ཡོད་ཀྱང་ཉམས་ཚར་བ་རེད། རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་གཙོ་བོར་གྱུར་པའི་ཚད་མ་རིག་པ་དང་། ལྟ་གྲུབ་སོགས་གཏིང་ཟབ་མོ་དང་རྒྱ་ཆེན་པོ་ཡོད་པ་དག དུས་རབས་བརྒྱད་པ་ནས་མཁན་ཆེན་ཞི་བ་འཚོས་བོད་པ་ལ་རྩིས་སྤྲོད་གནང་ནས་ནཱ་ལེནྡྲའི་མཁས་དབང་ཚོའི་རིག་གནས་ཆེ་བ་ལྔ་དང་། རིག་གནས་ཆུང་བ་ལྔ་ཞེས་རྒྱ་གར་མཁས་པའི་རིག་གཞུང་གཏིང་ཟབ་པོ་རིག་གནས་བཅུ་ང་ཚོའི་བོད་པ་ལ་ངོ་སྤྲོད་དང་རྩིས་སྤྲོད་ལྟ་བུ་གནང་ནས་ང་ཚོས་དུས་རབས་བརྒྱད་པ་ནས་དུས་ད་ལྟའི་བར་དུ་དེ་དག་ལ་བདག་པོ་བརྒྱབ་ནས་ཧ་ལས་པ་ཞིག་རེད་འདུག

དེང་སང་འཛམ་གླིང་འདིར་དངོས་པོ་ཡར་རྒྱས་ཆེན་པོ་ཡོད་ཀྱང་སེམས་ཁམས་རིག་པའི་སྐོར་ལ་ཐུག་ཡོང་སྐབས། ངོས་ཀྱིས་མཐོང་ཆུང་བྱས་པ་མིན་དེ་ཚིག་དེ་འདི་ལྟར་དྲན་ཡོང་གི་འདུག སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་རྨོངས་པ་རྨོངས་པ་རེད། (བཞད་མོ་བཞད།) རྒྱ་གར་ལ་སེམས་ཁམས་རིག་པའི་སྐོར་ལ་ཧ་ལས་པ་ཞིག་ཡོད་པ་རེད། དེ་ལ་བོད་པས་བདག་པོ་བརྒྱབ་ནས་ད་ལྟའི་བར་དུ་ཡོད་པ་ལ་གཞི་ནས་འཛམ་གླིང་སྟེང་གི་མཁས་དབང་མང་པོར་ཐུག་ནས་བགྲོ་གླེང་བྱེད་པའི་སྐབས་སུ་ཧ་ཅང་དགའ་བོ་བྱེད་པ་དང་། སེམས་ཁམས་རིག་པ་དང་། ཚན་མ་རིག་པ། ལྟ་གྲུབ། ཚད་རྡུལ་དངོས་ཁམས་རིག་པ་བཅས་ལ་ལོ་སྟོང་ཕྲག་གི་རིང་ལ་བདག་པོ་བརྒྱབ་བཞག་པ་དེ་ལ་ཚན་རིག་པ་ཚོ་ངོ་མཚར་སྐྱེས་ནས་སློབ་སྦྱོང་ལེན་པར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག 

ང་ཚོ་བོད་པའི་ངོས་ནས་ཡིན་ནའང་། སྣང་སྲིད་རིག་པ་(Cosmology)སོགས་ཀྱི་གྲས་མ་གཞི་ང་ཚོའི་གཞུང་གི་ནང་དུ་གསུངས་ཡོད་པ་རེད་དེ། བསྐལ་བ་མེ་འཇིགས་ཆུ་འཇིགས་དང་། འཛམ་གླིང་བྱེ་བ་ཕྲག་བརྒྱ། སྟོང་པའི་བསྐལ་བ། ཆགས་པའི་བསྐལ་བ། གནས་པའི་བསྐལ་བ་སོགས་ང་ཚོའི་གཞུང་གི་ནང་དུ་གསུངས་ཡོད་པ་རེད། ཡིན་ནའང་། ཞིབ་ཚགས་མོ་བྱས་ནས་མར་བཤད་པ་ནི་ཚན་རིག་པའི་ཐོག་ནས་དངོས་སུ་ཞིབ་འཇུག་བྱས། ཚད་བརྒྱབ་ནས་བཤད་རྒྱུ་ཡོད་པས་ང་ཚོས་ཚུར་སློབ་སྦྱོང་ལེན་རྒྱུ་ཤུགས་ཆེན་པོ་ཡོང་གི་འདུག ཚན་རིག་པའི་མཉམ་དུ་ང་ཚོས་འབྲེལ་བ་བྱེད་པ་དང་། ཕན་ཚུན་བློ་བསྐྱེད་བླངས་པའི་འབྲས་བུ་ལ་ངོས་ལ་ཆ་བཞག་ན་རི་རབ་ལ་ཡིད་ཆེས་བྱེད་ཀྱི་མེད། ང་རང་ཚོའི་སྤོ་ལགས་རྨོ་ལགས་ཚོས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ།། ཞེས་མནྜལ་འབུམ་བསགས་མཁན་ཚོར་ངོས་ཀྱིས་རི་རབ་ཡོད་པ་མ་རེད་ཟེར་དུས་ག་རེ་དྲན་གྱི་ཡོད་ན་བསམ་གྱི་འདུག དེ་ང་རང་ཚོའི་ཚད་མ་རིག་པའི་གཞུང་གི་ནང་དུ་སྒྲུབ་རྟགས་ཡང་དག་དང་། དགག་རྟགས་ཡང་དག་ལས་དགག་རྟགས་བཤད་ཡོང་སྐབས་མི་སྣང་བའི་མ་དམིགས་པ་དང་། སྣང་རུང་མ་དམིགས་པ་ཞེས་བཤད་ཡོང་གི་ཡོད་པ་རེད། དེར་བརྟེན། རི་རབ་ཡོད་ན་སྣང་དུ་རུང་བ་རེད། སྣང་དུ་རུང་བ་ཞིག་མི་སྣང་དུས་མེད་པ་ཐག་གཅོད་དགོས་པ་རེད། སྣང་རུང་མ་དམིགས་པའི་གཏན་ཚིགས་ཏག་ཏག་འགྲོ་གི་ཡོད་པ་རེད། རི་རབ་དམིགས་བསལ་གྱིས་ལས་དག་པ་ཚོས་མཐོང་བ་རེད། སྤྱིར་བཏང་མཐོང་གི་མ་རེད་ཅེས་བཤད་དགོས་བྱུང་ན་ཧ་ཅང་ཁག་པོ་རེད། རི་རབ་ཀྱི་གྲིབ་ནག་ང་ཚོས་མཐོང་གི་ཡོད་པའི་སྐད་ཆ་རེད། མཁྱེན་སོང་ངམ། 

ཉི་མ་དང་ཟླ་བས་རི་རབ་ལ་བསྐོར་བ་བརྒྱབ་ནས་ཉི་མ་རི་རབ་ཀྱི་བྱང་ལ་སླེབས་པའི་སྐབས་སུ་ལྷོ་ཕྱོགས་ལ་ནག་ཁུང་ཆགས་ཀྱི་ཡོད་པ་རེད། རི་རབ་ཀྱི་གྲིབ་ནག་ང་ཚོས་མཐོང་། གྲིབ་ནག་གང་ནས་ཡོང་བའི་རི་རབ་ང་ཚོས་མ་མཐོང་བ་དེ་ཅི་ལྟར་བཤད་ཀྱི་ཡིན། དེར་བརྟེན། གྲིབ་ནག་མཐོང་གི་ཡོད་པས་རི་རབ་མཐོང་དགོས་པ་ཞིག་ཡོད་པ་རེད། དེ་ཚོར་གནད་འགག་གང་ཡང་མི་འདུག ངོས་ཀྱིས་སྔ་མོ་ནས་འདི་བཤད་མྱོང་། བཅོམ་ལྡན་འདས་འཛམ་གླིང་འདིར་འཛམ་གླིང་གི་ས་ཁྲ་བཟོ་བར་ཕེབས་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་གསུངས་ནས་གཙོ་བོ་སེམས་ཁམས་རིག་པ་དང་། སེམས་ལ་འགྱུར་བ་ཇི་ལྟར་གཏོང་དགོས་མིན་དང་། ཞི་བདེ་ཕྱི་ལོགས་ནས་སྒྲུབ་རྒྱུ་མ་ཡིན་པར་ཞི་བདེ་སེམས་ནས་གསོ་བ་བཅས་བཅོམ་ལྡན་འདས་ཧ་ལས་པ་རེད། དེ་སང་ཚན་རིག་པ་ཚོའང་དངོས་གནས་ངོ་མཚར་སྐྱེས་ནས་ཧ་ཅང་དོ་སྣང་བྱེད་ཀྱི་འདུག ཆོས་མེད་མཁན་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག ཅེས་རིག་གནས་ཆེ་བ་ལྔ་འགྲེལ་བཤད་རྒྱག་སྐབས་བོད་སྐད་ཡག་ཤོས་ཡིན་པ་སོགས་བཀའ་སློབ་བཀའ་དྲིན་སྩལ་རྗེས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀང་ར་གནམ་ཐང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་ལགས་བཅས་ཀྱིས་གཙོས་རྡ་ས་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་སོགས་ནས་ཕེབས་བསུ་ཞུས་པ་དང་། སྐབས་དེར་གསར་འགོད་པས་མགོན་པོ་གང་ཉིད་མཆོག་གི་སྙུང་གཞིའི་སྐོར་བཀའ་འདྲི་ཞུས་པར་སེང་དྲག་ཡིན་པ་བཀའ་ལན་བཀའ་དྲིན་ཆེ་སྩལ་བྱུང་བ་དང་། ཀང་ར་གནམ་ཐང་ནས་བཞུགས་སྒར་ཕོ་བྲང་དུ་ཕེབས་ལམ་གཡས་གཡོན་དུ་རང་རིགས་གཙོས་དད་ལྡན་སེར་སྐྱ་མི་མང་གིས་ལག་ཏུ་མཇལ་དར་དང་མེ་ཏོག སྤོས་སྣེ་སོགས་བཟུང་ནས་ཕེབས་བསུ་དང་འབྲེལ་ཆུ་ཚོད་ ༡༡།༤༥ ཙམ་ལ་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བོར་བཀོད་ཡོད་པ་བཅས།