དྲག་སྤྱོད་ནི་སྡུག་བསྔལ་ཁོ་ནའི་འབྱུང་ཁུངས་ཡིན།

མདུན་ངོས། / དྲག་སྤྱོད་ནི་སྡུག་བསྔལ་ཁོ་ནའི་འབྱུང་ཁུངས་ཡིན།

རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་གིས་མེ་མདའི་ཁ་ལས་སྲིད་དབང་ཐོན་ཞེས་བརྗོད་ཡོད་པ་ལྟར། དྲག་སྤྱོད་ཀྱིས་འཕྲལ་གྱི་དམིགས་འདུན་ངེས་ཅན་ཞིག་སྒྲུབ་ཐུབ་ནའང༌། ཡུན་དུ་བརྟན་པའི་འབྲས་བུ་ཞིག་སྐྲུན་མི་ཐུབ་པ་གསལ་པོ་ཡིན། འགྲོ་བ་མིའི་ལོ་རྒྱུས་ལ་བལྟས་ཚེ། ཞི་བདེ་དང༌། དྲང་བདེན། རང་དབང་སོགས་ལ་ཕྱོགས་པའི་དུང་སེམས་ནི། བཙན་གནོན་དང་གདུག་རྩུབ་ལས་མཐའ་མར་རྟག་ཏུ་རྒྱལ་ཡོད་པ་མཐོང་ཐུབ། རྒྱུ་མཚན་དེའི་ཕྱིར་ངོས་ནི་འཚེ་མེད་ཞི་བ་ལ་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན་ཞིང༌། དྲག་སྤྱོད་ཀྱིས་དྲག་སྤྱོད་སྐྱེད་པ་དང༌། དྲག་སྤྱོད་ནི་སྡུག་བསྔལ་ཁོ་ནའི་འབྱུང་ཁུངས་ཡིན། བརྟག་པ་མཐར་བཟུང་གིས་བརྗོད་ན། གཞི་རྒྱ་ཆེ་བའི་འཁྲུག་རྩོད་ཅིག་འགོག་པར་ཐོག་མའི་སྐབས་སུ་དམག་དཔུང་དང་གོ་མཚོན་ཁོ་ནར་བརྟེན་ནས་བར་འདུམ་བྱེད་དགོས་པའི་གནས་སྟངས་ཤིག་ཡོད་སྲིད་ཀྱང༌། བསམ་གཞིག་བྱེད་སྟངས་འདི་ལ་དཀའ་རྙོག་ཅིག་ཡོད་དེ། ང་ཚོས་དྲག་སྤྱོད་ཀྱི་མཇུག་འབྲས་ལ་སྔོན་དཔག་བྱེད་ཐུབ་སྲིད་ཀྱང༌། དེ་ལྟར་བྱེད་པར་ཧ་ཅང་ཁག་པོ་ཡིན་པར་མ་ཟད། ཐོག་མའི་སྐབས་སུ་སྔོན་དཔག་དེ་བདེན་པ་ཞིག་ཏུ་འགྱུར་མིན་ཡང་གསལ་པོར་རྟོགས་མི་ཐུབ། ངེས་ཤེས་དེ་ནི་ང་ཚོས་ཕྱི་མིག་གིས་ལྟ་སྐབས་འབྱུང་བ་དང༌། ང་ཚོས་ཁག་ཐག་བྱེད་ཐུབ་པ་ཁོ་ན་ནི། དྲག་སྤྱོད་ཡོད་སར་བཟློག་ཏུ་མེད་པའི་སྡུག་བསྔལ་རྟག་ཏུ་འབྱུང་བ་འདི་ཡིན།

    མི་ཁག་ཅིག་གིས་ཏཱ་ལའི་བླ་མས་འཚེ་མེད་ཞི་བར་བཟུང་བའི་ཡིད་ཆེས་ནི་བསྔགས་པའི་ཡུལ་ཞིག་ཡིན་ཡང༌། དེ་ནི་དོན་དངོས་སུ་ཁ་ཡོད་ལག་ཡོད་ཀྱི་རང་བཞིན་ཞིག་མ་རེད་ཅེས་བརྗོད་སྲིད། འོན་ཀྱང༌། དོན་དངོས་སུ་བརྗོད་ན། འཁྲུག་རྩོད་ཀྱིས་ནམ་ཡང་དྲག་སྤྱོད་ལ་འབྱུང་རྐྱེན་བྱེད་པའི་འགྲོ་བ་མིའི་དཀའ་རྙོག་རྣམས་སེལ་ཐུབ་པར་བསམས་ན་བྱབ་ཆུང་ཡིན། 

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།