བགྲོ་གླེང་ནི་བར་འདུམ་དང་འགྲིག་མཐུན་གྱི་བླ་སྲོག་ལ་དགོས་ངེས་ཡིན།

མདུན་ངོས། / བགྲོ་གླེང་ནི་བར་འདུམ་དང་འགྲིག་མཐུན་གྱི་བླ་སྲོག་ལ་དགོས་ངེས་ཡིན།

ང་ཚོས་དྲག་སྤྱོད་མ་ཡིན་པའི་ཐབས་ལམ་གཞན་ཞིག་གི་སྒོ་ནས་འགལ་བ་རྣམས་སེལ་དགོས་པ་ཁ་ཚ་དགོས་གཏུགས་ཡིན། དེའི་ཕྱིར་བགྲོ་གླེང་ནི་བར་འདུམ་དང་འགྲིག་མཐུན་གྱི་བླ་སྲོག་ལ་དགོས་ངེས་ཡིན་ཞིང༌། འདི་ནི་ངོས་རང་གཅིག་པུས་བཟུང་བའི་སྟོང་བསམ་གྱི་རེ་བ་ཞིག་མིན། ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ལྟར་རྒྱལ་སྤྱིའི་སྲིད་དོན་གྱི་ཚོགས་ཁག་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཡོངས་ཁྱབ་ཅིག་ཡོད་པས། རྒྱལ་ཁབ་སོ་སོའི་དམག་དཔུང་གི་སྒྲིག་འཛུགས་ནི་དཔལ་འབྱོར་ལ་མི་ཕན་པ་མ་ཟད། དགོས་ངེས་ཤིག་ཀྱང་མིན་པའི་དུས་ཤིག་ང་ཚོའི་བསམ་བློའི་ནང་དུ་འཁོར་ཐུབ་ཀྱི་ཡོད། སོ་སོའི་ས་མཚམས་གཅིག་པུར་སྲུང་སྐྱོབ་བྱེད་པར་བསམ་པ་ལས་ས་ཁོངས་གཅིག་གི་བདེ་འཇགས་ལ་བསམ་བློ་གཏོང་བ་ནི་རྒྱུ་མཚན་དང་ལྡན་པར་མཐོང་རྒྱུ་རེད།

 སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།