སོ་སོའི་ཉིན་རེའི་འཚོ་བའི་ནང་དུ་རང་གི་བྱ་སྤྱོད་ལ་སྙིང་རྗེ་ཡོད་པར་བརྩོན་དགོས།

མདུན་ངོས། / སོ་སོའི་ཉིན་རེའི་འཚོ་བའི་ནང་དུ་རང་གི་བྱ་སྤྱོད་ལ་སྙིང་རྗེ་ཡོད་པར་བརྩོན་དགོས།

སོ་སོའི་ཉིན་རེའི་འཚོ་བའི་ནང་དུ་རང་གི་བྱ་སྤྱོད་ལ་སྙིང་རྗེ་ཡོད་པར་བརྩོན་པ་དང༌། གཞན་སེམས་ཀྱི་སྒོ་ནས་སོ་སོས་གང་བྱེད་ཐུབ་པ་དེ་གཞན་གྱི་ཆེད་དུ་སྒྲུབ་པ་ལྟ་བུ་ཡིན། ཆུ་འཛག་བཞིན་པའི་སྦུག་མཆུ་ཞིག་མཐོང་ན་འགྲོ་མཚམས་བཞག་ནས་དེའི་ཁ་རྒྱག་པ་དང༌། གློག་སྒྲོན་ཞིག་དགོས་མེད་དུ་སྦར་ཡོད་པ་མཐོང་ན་གསོད་པ། ཆོས་ལུགས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། སང་ཉིན་ཆོས་ལུགས་གཞན་ཞིག་གི་རྗེས་འབྲང་བ་ཞིག་ལ་ཐུག་ན། ཁོ་ལའང་རང་གིས་འདོད་པའི་བརྩི་བཀུར་གཅིག་མཚུངས་ཤིག་སྟོན་པ། ཚན་རིག་པ་ཞིག་ཡིན་ན། རང་གིས་སྒྲུབ་བཞིན་པའི་ཞིབ་འཇུག་གིས་གཞན་ལ་གནོད་སྲིད་པར་མཐོང་ཚེ། གཞན་སེམས་ཀྱི་ངང་ནས་ཞིབ་འཇུག་དེ་རྒྱུན་འཁྱོངས་མི་བྱེད་པ། མདོར་ན་སོ་སོ་རང་ཉིད་ཀྱི་ནུས་པ་དང༌། གནས་སྟངས་ཀྱི་ཚད་བཀག་དང་བསྟུན་ནས་རང་གིས་གང་ཐུབ་པ་དེ་བསྒྲུབ་པ་འདི་ཡིན་ཞིང༌། འདི་ལས་ལྷག་པའི་ཆོད་སེམས་ཤིག་དགོས་ཚུལ་ངོས་ཀྱིས་གླེང་གི་མེད།

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།