ལོག་གཡེམ་སྡོམ་པའི་བསླབ་བྱ།

མདུན་ངོས། / ལོག་གཡེམ་སྡོམ་པའི་བསླབ་བྱ།

སྟབས་བདེ་ཞིང་ནུས་པ་ཆེ་བའི་སྦྲུམ་འགོག་ཡོད་པའི་ད་ལྟའི་དུས་འདིར་ཡང་ལོག་གཡེམ་སྡོམ་པའི་བསླབ་བྱ་འདི་ད་དུང་དགོས་ངེས་ཡིན་ནམ་སྙམ་མཁན་ཡོད་སྲིད། འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོའི་ཡིད་ནི་རང་བཞིན་གྱིས་སྒྲ་དང་གཟུགས་སོགས་ཀྱི་ཡུལ་ལ་འཆོར་བ་དང༌། ཡུལ་དེ་དག་རེ་རེ་ལའང་ང་ཚོར་དཀའ་སྡུག་མྱོང་བར་བྱེད་པའི་ནུས་པ་ཡོད་ལ། ལྷག་ཏུ་འཁྲིག་སྦྱོར་གྱི་འགུགས་ཤུགས་ནང་དབང་པོ་ལྔ་པོ་འདུས་ཡོད་པས། འདོད་སེམས་ཤུགས་ཆེན་པོ་ཞིག་འཁྲིག་སྦྱོར་གྱི་འགུག་ཤུགས་དང་ལྷན་དུ་འབྱུང་སྐབས། ང་ཚོར་རྙོག་དྲ་ཆེན་པོ་འབྱུང་བར་བྱེད་པའི་རྒྱུ་རྐྱེན་ཚང་གི་ཡོད། བདེན་པ་འདི་ནི་ཆོས་ལུགས་ཆེན་པོ་ཁག་གིས་སྤེལ་བའི་ཚངས་སྤྱོད་སྲུང་བའི་བསླབ་བྱའི་ནང་དུ་ངོས་འཛིན་གནང་ཡོད་པར་སྙམ་ཞིང༌། མ་མཐའ་ཡང་ནང་པའི་སྲོལ་རྒྱུན་དུ་བསླབ་ཁྲིམས་དེ་ཚོས་ཆགས་སྲེད་ཀྱིས་རང་སེམས་ཡོངས་སུ་ཟིལ་གྱིས་གནོན་པའི་དྲན་སྐུལ་གཏོང་བ་དང༌། དེ་འདྲའི་ཆགས་སྲེད་ཆེ་རུ་སོང་ན་མཐར་དགེ་བའི་བྱ་བ་སྒྲུབ་པའི་ནུས་པའང་ཆུང་དུ་འགྲོ་ངེས་ཡིན། འབྲེལ་ཡོད་ཀྱི་དཔེ་མཚོན་ཞིག་སྟེ། རང་གི་བཟའ་ཟླ་ལས་གཞན་པའི་མི་ཞིག་ལ་ལུས་འབྲེལ་བྱེད་པའི་གནས་སྟངས་ལ་མཚོན་ན། སོ་སོའི་བྱ་སྤྱོད་ཀྱིས་རང་ཉིད་གཅིག་པུ་མ་ཡིན་པར་གཞན་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྟབས། གང་ཟག་གསུམ་པའི་ཚོར་བ་ལ་བསམ་བློ་གཏོང་དགོས་པ་དང༌། སྤྱིར་བཟའ་ཚང་གི་འབྲེལ་བ་ལ་ཡིད་ཆེས་བློ་གཏད་ཡོད་དགོས་པའི་རྒྱུ་མཚན་གྱིས་མི་གཞན་ཞིག་ལ་ལུས་འབྲེལ་བྱེད་པའི་བྱ་སྤྱོད་དེ་ནི། སོ་སོའི་བཟའ་ཟླར་འཚེ་བ་ཅན་དུ་འགྱུར་བར་མ་ཟད། དེའི་རྐྱེན་གྱིས་བཟའ་ཚང་བར་ལ་འགལ་བ་བྱུང་བས་ཕྲུ་གུ་ཚོར་ཡང་བག་ཆགས་ངན་པ་འཇོག་གི་ཡོད། བཟའ་ཟླའི་འབྲེལ་བ་ལེགས་པོ་མེད་པ་དང༌། ཡང་ན་བཟའ་ཚང་འཐོར་བ་གཉིས་ཀའི་ཕམ་ཉེས་ཁུར་མཁན་གཙོ་བོ་ནི། ཁྱིམ་ཚང་དེའི་ཕྲུ་གུ་ཚོ་ཡིན་པ་ད་ལྟ་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ལོག་གཡེམ་བྱེད་མཁན་རང་ལ་མཚོན་ནའང༌། མི་དགེ་བའི་སྤྱོད་པ་དེ་ལས་སོ་སོའི་རང་མཐོང་རིམ་གྱིས་ཉམས་པར་བྱེད་པའི་ཤུགས་རྐྱེན་འབྱུང་བ་དང༌། ད་དུང་བཟའ་ཟླར་དྲང་པོ་མ་བྱས་པར་བརྟེན་ནས་མི་དགེ་བ་ཚབས་ཆེན་ཡིན་པའི་བྱ་སྤྱོད་སྣ་ཚོགས་འབྱུང་སྲིད་ཅིང༌། དེ་ཚོའི་ནང་ནས་རྫུན་བཤད་པ་དང་མགོ་སྐོར་གཏོང་བ་ནི་ཡང་ཤོས་ཀྱི་རིགས་ཡིན། མི་འདོད་བཞིན་དུ་མངལ་ཆགས་པ་ཡིན་ན། བྱ་ཐབས་བྲལ་བའི་ཕ་མ་ཚོས་མངལ་འབྱིན་གྱི་ལས་ལ་བརྩོན་རྒྱུ་རེད།

ང་ཚོས་འདི་ལྟར་བསམ་གཞིག་བྱེད་སྐབས། ལོག་གཡེམ་ལས་བྱུང་བའི་གནས་སྐབས་ཀྱི་བདེ་བ་ནི། བྱ་སྤྱོད་དེའི་རིགས་ཀྱིས་རང་གཞན་གཉིས་ཀར་ཤུགས་རྐྱེན་ངན་པ་ཐེབས་པའི་མཇུག་འབྲས་དང་བསྡུར་ན་རིན་ཐང་ཅི་ཡང་མེད་པ་མངོན་གསལ་ཡིན། དེར་བརྟེན་ལོག་གཡེམ་སྡོམ་པའི་བསླབ་ཁྲིམས་ཀྱིས་རང་ཉིད་ཀྱི་རང་དབང་ལ་ཚད་བཀག་བྱེད་པར་མཐོང་བ་ལས། བསླབ་ཁྲིམས་དེ་ནི་སྤྱོད་པ་འདིའི་རིགས་ཀྱིས་རང་གཞན་གཉིས་ཀའི་བདེ་བ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་རྒྱུན་འཇགས་གོ་ཤེས་ཀྱི་དྲན་སྐུལ་ཞིག་ཏུ་མཐོང་ན་ལེགས། 


སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།