སྙིང་རྗེ་དོན་གཉེར་གྱི་བློས་དགེ་བ་འཚོལ་སྒྲུབ་དང་མི་དགེ་བ་བཀག་སྡོམ་བྱེད་ཐུབ།

མདུན་ངོས། / སྙིང་རྗེ་དོན་གཉེར་གྱི་བློས་དགེ་བ་འཚོལ་སྒྲུབ་དང་མི་དགེ་བ་བཀག་སྡོམ་བྱེད་ཐུབ།

སྙིང་རྗེ་ནི་སོ་སོའི་ཆེད་ལས་ཀྱི་འཚོ་བ་ལ་འགོག་རྐྱེན་ཞིག་མ་ཡིན་རུང༌། འབྲེལ་མེད་ཅིག་ཡིན་པར་བསམ་པའི་ལྟ་ཚུལ་མི་མང་པོར་ཡོད་པར་སྣང་བ་དང༌། ངོས་རང་གི་ལྟ་ཚུལ་ལ། སྙིང་རྗེ་ནི་འབྲེལ་ཡོད་ཅིག་ཡིན་པར་མ་ཟད། བློའི་ཡོན་ཏན་འདི་དང་བྲལ་ན་ང་ཚོའི་བྱ་སྤྱོད་ནི་གཏོར་བརླག་གི་རང་བཞིན་དུ་འགྱུར་བའི་ཉེན་ཁའང་ཆེན་པོ་ཞིག་ཡོད། འདི་ལྟར་ཡིན་པའི་རྒྱུ་མཚན་ནི། གཞན་གྱི་བདེ་སྡུག་སྣང་མེད་དུ་བཏང་ན་མཐར་གཞན་ལ་འཚེ་བའི་མཇུག་འབྲས་འབྱུང་ངེས་ཤིང༌། ང་ཚོས་དགེ་བ་འཚོལ་སྒྲུབ་དང༌། མི་དགེ་བ་བཀག་སྡོམ་བྱེད་པ་གཉིས་ཀར་དགོས་ངེས་ཡིན་པའི་རྟེན་གཞི་དང་ཀུན་སློང་སྙིང་རྗེ་དོན་གཉེར་གྱི་བློ་ལ་བརྟེན་ནས་རྙེད་ཀྱི་ཡོད་པས་ཡིན། ང་ཚོས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་སྙིང་རྗེའི་རིན་ཐང་ལ་ཡི་རང་དང་གདེང་འཇོག་བྱེད་པ་འགོ་འཛུགས་སྐབས། གཞན་ལ་བཟུང་བའི་རང་གི་ལྟ་སྟངས་རང་བཞིན་གྱིས་ཇེ་ལེགས་སུ་འགྲོ་ཞིང༌། འདི་གཅིག་པུས་ཀྱང་ང་ཚོའི་འཚོ་བའི་སྤྱོད་ལམ་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཐུབ་སྟེ། དཔེར་ན། མགོ་སྐོར་གཏོང་བའི་བསམ་བློ་ཞིག་འཁོར་བའི་ཚེ་ན་གཞན་ལ་བཟུང་བའི་ང་ཚོའི་སྙིང་རྗེས་རང་གི་བསམ་བློ་དེ་རྒྱུན་འཁྱོངས་བྱེད་པར་བཀག་འགོག་བྱེད་པ་དང༌། ད་དུང་སོ་སོའི་ལས་ཀའི་འབྲས་བུ་གཞན་ལ་གནོད་འཚེ་བསྐྱེད་པའི་ཕྱོགས་སུ་བཀོལ་བའི་ཉེན་ཁ་ཡོད་པར་མཐོང་ན། སྙིང་རྗེས་ང་ཚོར་ལས་ཀ་དེ་སྤོང་དུ་འཇུག་རྒྱུ་རེད། 

སྟོང་ལོ་གསར་བའི་ཀུན་སྤྱོད་ཅེས་པ་ལས་བཏུས།