གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ།

མདུན་ངོས། / གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་དང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་། ཤེལ་དཀར་མངའ་ཞབས་སེར་སྐྱ་མི་མང་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཚེ་སྒྲུབ་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་དྲུག་སྔོན་བཏང་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཕེབས་ལམ་གཡས་གཡོན་དུ་སེར་སྦྲེངས་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འཐུས་ཚབ་རྣམ་པས་སྤོས་སྣེ། སྤྱན་རྒྱ། རྒྱ་གཞས། སྤོས་འཛིན་དང་བཅས་གདན་ཞུ་ཞུས་པ་དང་། བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་གནང་། དེ་རྗེས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུངས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། 

དེ་རིང་འདིར་བརྟན་བཞུགས་ཀྱི་ཐོག་ལ་བོད་སྐྱོང་ལྷ་སྲུང་གནས་ཆུང་དང་བརྟན་མ། ཐང་ལྷ། སྐབས་རེར་རྨ་ཆེན་སྦོམ་ར་ཡོང་གི་ཡོད་པ་རེད། ཁོ་ཚོ་ཁ་ཤས་ཤིག་སྤྱན་འདྲེན་བཏང་ཡོད། གང་ལྟར་སྤྱིར་སངས་རྒྱས་ཀྱི་བསྟན་པ། འགྲོ་བའི་བདེ་སྐྱིད། ཡང་སྒོས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་དུ་ད་ལྟ་སྲུང་ཞིང་སྐྱོང་བའི་ཆོས་སྐྱོང་འདི་དག་དང་ང་ཚོ་ཐུན་མོང་གི་ལས་འགན་ཆགས་ཡོད་པ་རེད། ངོས་ཀྱིས་མིང་ཞིག་འཁྱེར་བ་དང་། སོ་སོ་ལས་དང་སྨོན་ལམ་གྱིས་འབྲེལ་བ་ཏན་ཏན་ཡོད་པ་རེད། བོད་གངས་ཅན་ལྗོངས་ཀྱི་རྨ་ཆེན་སྦོམ་རའི་མཚོན་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་དག་ལ་སོ་སོའི་ལུང་པ་ཆགས་ཡོད་པ་རེད། 

ངོས་ཀྱིས་རྒྱ་གར་བ་ཚོར་རྩེད་མོ་དང་སྦྲགས་འདི་ལྟར་བཤད་ཀྱི་ཡོད། ལྷ་ཆེན་དབང་ཕྱུག་གི་གནས་ཆེན་ནི་གངས་ཏི་སི་ཆགས་བསྡད་ཡོད། དེ་བོད་དུ་ཡོད་པ་རེད། ལྷ་ཆེན་དབང་ཕྱུག་བོད་ཀྱི་ལྷ་རེད་ཅེས་བཤད་ཀྱི་ཡོད། སྟོན་པ་བཅོམ་ལྡན་འདས་རྒྱ་གར་ལ་འཁྲུངས་པ་རེད། རྒྱ་གར་བ་རེད། ང་ཚོ་བོད་པ་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རེད། རྒྱ་གར་ནས་འཁྲུངས་པའི་བསམ་གྱིས་མི་ཁྱབ་པའི་སྟོན་པ་གཅིག་གི་རྗེས་སུ་འབྲང་གི་ཡོད་པ་རེད། རྒྱ་གར་གྱི་མུ་སྟེགས་པ་དུང་ཕྱུར་མང་པོས་ཆུ་མོ་གང་གཱ་རྩ་ཆེན་པོར་བརྩི་བ་དང་། གང་ལྟར་ལྷ་ཆེན་དབང་ཕྱུག་རྩ་ཆེན་པོར་བརྩི་བཞིན་ཡོད་པས་ཁྱོད་རང་ཚོ་བོད་པའི་ལྷ་ལ་སྐྱབས་སུ་མཆི་བཞིན་ཡོད་པ་རེད། ཅེས་བཤད་ཀྱི་ཡོད། ང་ཚོར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་འདུག དེར་བརྟེན། ལྷ་ཆེན་དབང་ཕྱུག་ངོས་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་གི་ཚོར་བ་ཡོང་བཞིན་འདུག 

དེ་རིང་འདིར་ཡོད་གནས་ཆུང་ཆོས་སྐྱོང་རྡོ་རྗེ་དྲེགས་ལྡན་གཙོ་བོར་གྱུར་བའི་གཞན་དག་རྣམས་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་སོགས་ཀྱི་སྐབས་ནས་ཕལ་ཆེར་འབྲེལ་བ་བྱུང་ཡོད་པ་ཞིག་རེད། ༸གོང་ས་ལྔ་པ་ཆེན་པོ་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་རེད། བརྟན་མ་བཅུ་གཉིས་དང་པོ་རྒྱ་གར་ནས་རེད། རྗེས་སུ་སློབ་དཔོན་ཐུགས་རྗེ་ཅན་གྱིས་བོད་ལ་བཀའ་སྒོས་གཉེར་གཏད་མཛད་པ་ཞིག་ཆགས་པ་རེད། འབྲས་སྤུངས་ལའང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ཁྱེད་རང་ཚོ་དགའ་ལྡན་ཕོ་བྲང་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པའི་ལྷ་སྲུང་སྐུ་རྟེན་ཡོད་པ་དག་འདིར་སྤྱན་འདྲེན་ཞིག་བྱས་ན་བྱས་འདི་ལྟར་རེད། དེར་བརྟེན། དེ་རིང་གི་བརྟན་བཞུགས་འདི་ལྷ་མི་ཟུང་འབྲེལ་ཡིན་པའི་སྐད་ཆ་རེད། མཁྱེན་སོང་ངམ། དེའི་ག་རེ་མཚོན་གྱི་ཡོད་པ་རེད་ཅེ་ན། ནམ་རྒྱུན་༸རྒྱལ་བ་རིན་པོ་ཆེའི་མཚན་བསྟོད་ལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱུན་ཟེར་གྱི་འདུག ལྷ་དང་བཅས་པ་ཟེར་གྱི་འདུག ཁམས་གོང་མའི་ལྷ་ཚོ་གང་ཤེས། འདོད་ཁམས་ཀྱི་ལྷ་ཚོའི་གཙུག་རྒྱན་ཆགས་ཡོད་པ་རེད། 

མདོ་དོན་སྙིང་པོ། ཁ་སང་བཤད་པ་ལྟར་བོད་གངས་ཅན་གྱི་བཙན་བྱོལ་མི་སྣ་མང་པོ་ཞིག་འདིར་འཛོམས་ཡོད་པ་རེད། རྒྱུད་ནས་གཞིས་ལུས་རྒྱ་ཆེའི་མི་མང་དང་། ངོས་ཀྱིས་རང་ལ་བསྟོད་པ་བྱས་པ་མིན་ཏེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྨོན་ལམ་རྒྱག་མཁན་ས་ཡ་མང་པོ་ཞིག་ཡོད་པ་རེད། དེ་དག་གི་ཚབ་བྱས་ཏེ་འདིར་བརྟན་བཞུགས་གནང་གི་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་ལས་དང་སྨོན་ལམ་གྱི་འབྲེལ་བ་དམིགས་བསལ་ཡོད་པ་ཞིག་དང་། ཆོས་འཁོར་རྒྱལ་བའི་ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཞེས་ངོས་ཀྱི་མིང་ཐོན་པ་ཞིག་ཆགས་ཡོད། དམིགས་བསལ་ལས་འབྲེལ་ཡོད་པ་ཞིག་ཆགས་ཀྱི་ཡོད། མཐོང་ཆོས་སུའང་གཉན་འཕྲེང་གི་དུས་ཚོད་ཅིག་ལ་ངོས་ཀྱིས་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཀྱི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཡོད་པ་རེད། ད་དུང་ཡིན་ནའང་གཟུགས་པོ་བདེ་བོ་འདུག ཀླད་པ་ནི་གྲུང་ཐག་ཆོད་ཡོད། དེར་བརྟེན། མུ་མཐུད་ལོ་བརྒྱ་ཕྲག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ་ཁྱོད་རང་ཚོ་ཚང་མས་སྨོན་ལམ་སྐྱོན། 

ཁྱོད་རང་ཚོ་བོད་ནས་ཡོང་བ་ཁ་ཤས་ཡོད་པ་འདྲ། ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་བོད་གངས་ཅན་ལྗོངས་དང་ཆོས་བརྒྱུད་གཅིག་པ་ཡིན་པ་སྐྱ་སེར་མང་པོ་ཞིག་སླེབས་ཡོད་པ་རེད། ཁྱོད་རང་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱོབས། བློ་བདེ་བོ་བྱས་ནས་བཞུགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་བརྟན་བཞུགས་དངོས་གཞི་དབུ་འཛུགས་དང་། ཆོས་སྐྱོང་རྣམས་སྤྱན་འདྲེན་གནང་བ་སོགས་ཞལ་འདོན་དང་། ཁྲི་རིན་པོ་ཆེ་མཆོག་དང་རྣམ་གྲྭའི་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བཅས་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས།  དེ་རྗེས་དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་གིས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་གསུང་ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་བཅས་རིམ་པར་ཕུལ་ཏེ། མཐར་ཉི་གཞོན་འཆར་ཀ་མ་དང་། རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་བསྟར་འབུལ་གྱི་རིམ་པ་ལེགས་པར་གྲུབ་ནས་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།