ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ།

མདུན་ངོས། / ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ།

ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག །ཕྱོགས་དང་པོ་ནི། ནང་བསམ་བློ་དང་སེམས་ཚོར་གྱི་སྟོབས་ཤུགས། ཆ་མཉམ་བཅས་ཡོད་པའི་རྩ་བའི་སེམས་ཀྱི་བདེ་ཐབས་དེ་ཡིན། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་བྱ་རྒྱུར་རང་བཞིན་གྱིས་བློ་ཁ་ཕྱོགས་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ནས་ཡོང་གི་ཡོད། ཕྱོགས་གཉིས་པ་ནི། ཕལ་ཆེར་ཆོས་ལུགས་ལ་གཞི་བཞག་པའི་སེམས་དོན་རིག་པ་དེ་ཡིན། དེ་ནི་འཚར་ལོངས་དང་རིག་གཞུང་གི་ཁྲོད་ནས་ཡོང་ཞིང་། ཡིད་ཆེས་དང་ཉམས་ལེན་བྱེ་བྲག་པ་ཞིག་དང་སྦྲེལ་ནས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་ཆུ་དང་ཇའི་དབར་གྱི་ཁྱད་པར་དང་འདྲ་བོ་ཡོད། ཆོས་ལུགས་ཀྱི་བསམ་ཚུལ་མེད་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཆུ་དང་འདྲ་ཞིང་། འཕྲོད་བསྟེན་དང་འཚོ་གནས་ཆེད་ང་ཚོར་ཉིན་ལྟར་དགོས་པ་ཞིག་ཡིན། ཆོས་ལུགས་ཤིག་གི་སྐབས་དོན་ཐོག་གཞི་བཅོལ་བའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཇ་དང་འདྲ་ཞིང་། ང་ཚོས་འཐུང་བཞིན་པའི་ཇ་ནི་མང་ཆེ་བ་ཆུ་ལས་གྲུབ་ཅིང་། ད་དུང་དེའི་ནང་རྫས་ཆ་གཞན་དཔེར་ན།  ཇ་ལོ་དང་སྨན་སྣ། གཅིག་བྱས་ན་བྱེ་མ་ཀ་ར་ཏོག་ཙམ་དང་། བོད་པར་ཆ་བཞག་ན་མ་མཐར་ཚྭ་དགོས། དེ་དག་གིས་ཇ་བཅུད་དང་ལྡན་ཞིང་། རྒྱུན་བརྟན་པ། ཉིན་ལྟར་འཐུང་འདོད་པ་ཞིག་ཏུ་འགྱུར་གྱི་ཡོད། འོན་ཀྱང་ཇ་བཟོ་བའི་སྐབས། རྩ་བའི་རྒྱུ་ཆ་ནི་དུས་རྟག་ཏུ་ཆུ་ཡིན། ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་བའི་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན། དེའི་ཕྱིར་ཆོས་ལུགས་ལས་དགོས་གལ་ཆེ་བ་ནི་ང་ཚོའི་གཞི་རྩའི་འགྲོ་བ་མིའི་སེམས་དོན་རིག་པ་དེ་ཡིན།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས།