དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་པ།

མདུན་ངོས། / དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་བཞིའི་རིང་ཐའེ་ཝན་གྱི་ཆོས་ཚོགས་ཁག་བཅོ་བརྒྱད་ཀྱིས་གྲུབ་པའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་གཙོས་རྒྱལ་ཁབ་ཁག་ ༦༥ ནས་ཆོས་ཞུ་བ་མི་གྲངས་ ༦༥༠༠ བརྒལ་བར་ལོ་སྔོན་མར་གནང་བའི་དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་དུ་དད་ལྡན་ཆོས་ཞུ་བ་རྣམ་ལ་ཕྱག་གཡུག་དང་བགྲེས་སོང་རེ་འགར་འཚམས་འདྲི་དང་། གཞན་ཁག་ཅིག་ལ་མཇལ་ཁ་གནང་བ་སོགས་མཛད་པ་དང་། མི་མང་གིས་དམིགས་བརྩེ་མ་དབྱངས་རྟ་གཏོང་མུས་སུ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས། ཐེ་ལན་ཊི་ཡི་དགེ་འདུན་པ་ཁག་ཅིག་གིས་ཐའེ་ཡི་སྐད་ཐོག་བཀྲ་ཤིས་པའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱ་རིགས་ཆོས་ཞུ་བ་ཡོངས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་མཛད་རྗེས།   ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་།། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ།། ཞེས་སོགས་གསུང་འདོན་མཛད་རྗེས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཐའེ་ཝན་ནས་ཡོང་བསྡད་པ་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་ཀྱི་དགེ་འདུན་པ་ཚོ་གཙོ་བོར་གྱུར་བའི་ཐའེ་ཝན་གྱི་ཆོས་གྲོགས་མང་པོ་ཞིག་དེ་རིང་འདིར་སླེབས་ཡོད་པ་རེད། ང་ཚོར་ལོ་ཁ་ཤས་ཕྱིན་པ་རེད། དེ་དང་ཆབས་ཅིག་ཡུལ་གྲུ་མི་འདྲ་བ་དེ་འདྲ་ནས་དོན་གཉེར་ཅན་མང་པོ་ཞིག་ཕེབས་ཡོད་པ་རེད། ཁྱོད་ཚོ་ཚང་མས་ཆོས་དོན་གཉེར་བྱས་ཏེ་འདིར་ཕེབས་པ་རེད། ཚང་མར་འཚམས་འདྲི་དང་དགའ་བསུ་ཞུ་གི་ཡོད། 

ཁྱོད་རང་ཚོ་མང་པོ་ཞིག་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱས་པ་ཐོས་མྱོང་བ་ཆགས་ཡོད་པ་རེད། ཡིན་ནའང་། གསར་པ་མང་པོ་ཞིག་ཕལ་ཆེར་ཡོད་པ་རེད། དེར་བརྟེན། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱེད་པ་དང་། ནང་ཆོས་ངོ་འཕྲོད་ནས་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན། དེ་ནས་གཞི་ནས་ཆོས་ཉམས་ལེན་བྱེད་སྟངས་སྐོར་ལ་བསམ་བློ་གཏོང་བ་བཅས་འདི་ལྟར་བཤད་བཞིན་ཡོད། དེ་རིང་འདིར་ཡང་ནང་ཆོས་ངོ་སྤྲོད་ཅིག་ཞུས་ན་བསམ་སོང་། སངས་རྒྱས་ཀྱི་གསུང་གི་ནང་དུ། སྡིག་པ་ཅི་ཡང་མི་བྱ་ཞིང༌།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།ཞེས་གསུངས་འདུག དེ་ལ་རྒྱ་ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན་འཛམ་བུའི་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་གཞན་ལ་གནོད་པ་མ་བྱེད་དང་། སེམས་པ་བཟང་པོ་བྱེད་དགོས་པ་རེད། སེམས་རྒྱུད་འདུལ་ཐབས་ཀྱི་བྱེད་སྟངས་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་ལ་གསོལ་བ་བཏབ་ནས་སེམས་རྒྱུད་འདུལ་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། དེའི་ཐོག་ནས་མི་འདྲ་བ་ཞིག་ཡོང་བཞིན་ཡོད་པ་རེད། དེ་མིན་གཞན་ལ་གནོད་པ་མ་བྱེད། ཀུན་ལ་ཕན་སེམས་བསྐྱེད་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱེད་དགོས་པ་རེད་ཟེར་བ་ཆོས་ལུགས་གཙོ་ཆེ་བ་ཚང་མ་གཅིག་མཚུངས་རེད་འདུག 

རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་པ་དེ་ནི་མི་འདྲ་བ་ཆགས་ཡོད། སངས་རྒྱས་པའི་ཆོས་ཀྱིས་རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་པའི་འདུལ་སྟངས་ཅི་འདྲ་ཞིག་འདུལ་གྱི་ཡོད་པ་རེད་ཅེ་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།།  ཞེས་པ་འདི་མི་འདྲ་བ་ཆགས་ཀྱི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པ་པོ་ནང་བཞིན་བྱས་ཏེ་སེམས་ཅན་གྱི་སྡུག་བསྔལ་ཕྱག་གིས་སེལ་ཐུབ་ཀྱི་མ་རེད། སྡུག་བསྔལ་གྱི་རྒྱུ་ལས་ཉོན་སོགས་ཀྱི་གྲས་ཆུ་ཡིས་འཁྲུ་རྒྱུ་ཡོད་པ་མ་རེད། བཅོམ་ལྡན་འདས་ཁོང་གི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་ང་ཚོར་གསོལ་རས་གནང་རྒྱུ་ཡོད་ཚེ་སྐྱིད་པ་ལ། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཁོ་རང་གིས་བསགས། རྟོགས་པའི་ཡོན་ཏན་བརྙེས་པ་དེ་ང་ཚོས་དཀའ་ལས་གང་ཡང་རྒྱག་མི་དགོས་པར་གསོལ་རས་གནང་རོགས་བྱས་ན་ཧ་ཅང་ཡག་པོ་རེད། འོ་ན་ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཆོས་ཉིད་བདེན་པ་བསྟན་པ་ཞེས་པའི་ཆོས་ཉིད་ནི་ངེས་པར་དུ་སྟོང་ཉིད་རྐྱང་རྐྱང་ལ་གོ་དགོས་པ་མི་འདུག ཆོས་རྣམས་ཀྱི་ཡིན་ལུགས་ཇི་སྙེད་པའི་ཡིན་ལུགས་དང་ཅི་ལྟ་བུའི་ཡིན་ལགས་ཞེས་བཤད་ཆོག་གི་རེད། གང་ལྟར་ཡིན་ལུགས་བསྟན་ནས་དེའི་ཐོག་ནས་སེམས་ཅན་ལ་ཕན་ཐོགས་མཛད་ཀྱི་ཡོད་པ་རེད། དེ་ལ་བཅོམ་ལྡན་འདས་ཁོང་སྐབས་དེར་རྒྱ་གར་ལ་ལོ་སྟོང་ཕྲག་གཅིག་གཉིས་གོང་ནས་དར་ཚར་བའི་སེམས་ཁམས་རིག་པར་བསམ་བློ་བཏང་ནས་དེ་ལྟ་བུའི་ཐོག་དང་། དེ་བཞིན་དངོས་སུ་སྐྱེ་བ་སྔ་མ་དྲན་མཁན་དེ་འདྲ་ཡོང་གི་ཡོད་པ་དེ་ལྟ་བུའི་ཐོག་ནས་ཞིབ་འཇུག་བྱས་ནས་ཡོང་སྐབས། སྐྱེ་བ་སྔ་ཕྱི་ཡོད་པ་དང་། སྐྱེ་བ་སྔ་མ་ནས་འདིར་ཡོང་བ་དང་འདི་ནས་ཕྱི་མ་ལ་འགྲོ་མཁན་ཟེར་བ་ནི་ཕུང་བོ་འདི་དང་ཕུང་བོ་འདི་དང་འབྲེལ་བའི་བློ་དེ་ཕུང་བོ་དེ་དང་འབྲེལ་བ་ཡིན་པས་སྔ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མི་འདུག 

དེར་བརྟེན། ཕུང་པོ་ལས་དོན་གཞན་པའི་བདག་ཅིག་ཐོག་མ་མེད་པ་ནས་ཡོད་པ་ཞིག་རེད་ཅེས་མུ་སྟེགས་པའི་གཞུང་གིས་འདི་ལྟར་སྐབས་དེ་ལ་ཐོག་མ་ནས་མར་ཡོང་བའི་ཕུང་བོ་ལས་དོན་གཞན་པའི་བདག་ཅིིག་བཤད་ཀྱི་ཡོད་པ་རེད། དེ་ལྟ་བུའི་བདག་དེ་ནི་མ་དུལ་བ་བཏུལ་བ་དང་། མ་ཞི་བ་ཞི་བར་བྱེད་པའི་ཐབས་ལམ་ནི་སྔོན་ལ་གཞན་ལ་གནོད་པ་མི་བྱེད་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། གཞན་གནོད་ལྡོག་པའི་ཚུལ་ཁྲིམས་ཀྱི་བསླབ་པ། དེ་ནས་སེམས་དམིགས་པ་ལ་ལྷན་ནེར་སྡོད་ཐུབ་པའི་རྩེ་གཅིག་པའི་ཏིང་ངེ་འཛིན། དེ་ནས་དེ་ལྟ་བུའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་བསླབ་དགོས་པ་ནི་འདོད་ཁམས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ཀྱི་འདོན་ཡོན་ལ་ཆགས་བསྡད་པའི་ཆགས་པ་དེས་སྐྱོན་བྱེད་ཀྱི་ཡོད་པ་ཞིག་དང་། ཆགས་པ་དེས་ཞེ་སྡང་དྲངས་ཡོང་གི་ཡོད་པ་རེད། ཕྲག་དོག་དྲངས་ཡོང་གི་ཡོད་པ་རེད། དེ་བཞིན་མཐའ་ལ་ལྷུང་བའི་འགྲན་བསྡུར་བྱེད་པ་དང་། དེ་ལྟ་བུའི་ཐོག་ནས་མ་སྐྱིད་པ་བྱེད་པ་སོགས་ཡོང་བཞིན་ཡོད། དེར་བརྟེན། འདོད་པའི་ཡོན་ཏན་ལ་ཆགས་པའི་ཆགས་པ་དེས་རྙོག་དྲ་བཟོ་བཞིན་འདུག་པས་གཟུགས་སྒྲ་དྲི་རོ་རེག་བྱ་ལ་ཆགས་པའི་ཆགས་པ་དེ་ཉུང་དུ་བཏང་ནས། འདོད་པ་དེ་རགས་པ་ལ་བརྟེན། སེེམས་ཕྲ་རུ་བཏང་ནས་སེམས་ཕྲ་མོའི་ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་ནས་ཐོབ་པའི་གཟུགས་ཁམས་དང་གཟུགས་མེད་ཁམས་ཞེས་གསུང་གི་འདུག དེར་བརྟེན། འདོད་པ་ལ་ཉེས་དམིགས་སུ་བལྟས། ཁམས་གོང་མ་ཞི་བར་བལྟས། འདོད་པ་རགས་པ་ཁམས་གོང་མ་ཞི་བར་བལྟས་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་སྒོམ་པ་ཞིག་ཡོད་པ་རེད། དེ་དག་བཅོམ་ལྡན་འདས་མ་བྱུང་གོང་ནས་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཆུ་ཚོད་ ༡༠།༣༠ མ་ཟིན་ཙམ་ལ་ཆོས་ཞུ་བར་དྲི་འདྲི་ཞུ་བའི་གོ་སྐབས་ཕུལ་དོན་ལྟར་དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་བ་དང་། དེ་ནས་མུ་མཐུད་དབུ་མ་འཇུག་པའི་གསུང་ཆོས་དང་འབྲེལ་བའི་ནང་ཆོས་ངོ་སྤྲོད་རིམ་པར་གནང་རྗེས་ཆུ་ཚོད་ ༡༡། ༣༠ ལ་ཉིན་དང་པོའི་གསུང་ཆོས་མཇུག་གྲུབ་ཡོད་པ་བཅས།།